དང་པོ་བྱུང་རིམ།
བོད་རྒྱལ་ལོ་ ༢༡༣༦ ཕྱི་ལོ་༢༠༠༩ ཟླ་ ༡༢ ཚེས ༡༨ ཉིན་ནས་ཚེས་༢༥ བར་ཉིན་བརྒྱད་ཀྱི་རིང་འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་དང་། མཁན་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་དགེ་ལས་ཡོངས་དང་། བལ་ཡུལ་ཇོ་ནང་དགོན་པའི་དགེ་ལས་ཡོངས། གདན་ས་ཁག་ན་ཡོད་པའི་ཇོ་ནང་པའི་གྲྭ་རྒྱུན་རྣམས་ཀྱི་སྐུ་ཚབ། བོད་དང་ཕྱི་རྒྱལ་ཡུལ་གྲུ་ཁག དེ་བཞིན་དུ་དྷ་ས་སོགས་ས་གནས་ཁག་ནས་ཕེབས་པའི་གནད་ཡོད་སེར་སྐྱ་བཅུ་ཕྲག་བཞི་ལྷག་མཉམ་འཛོམས་ཐོག་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གྱི་སླད་དུ་ལས་དོན་གནང་ཕྱོགས་སྐོར་བཀའ་བསྡུར་བྱས་པ་དང་། དུས་མཚུངས་སུ་ཇོ་ནང་བསྟན་པའི་མངའ་བདག་༧སྐྱབས་མགོན་ཁལ་ཁ་༧རྗེ་བཙུན་རིན་པོ་ཆེའི་བཀའ་ཁྲོལ་ལམ་སྟོན་འོག ཇོ་ནང་བསྟན་པའི་གསལ་བྱེད་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་གྱི་དབུས་འཛམ་གླིང་ཡུལ་གྲུ་ཁག་ན་བཞུགས་པའི་དཔལ་རྒྱལ་བ་ཇོ་ནང་པའི་གནད་ཡོད་མི་སྣ་ཁག་ལ་བཀའ་འདྲི་དང་ལམ་སྟོན་ཞུས་པ་བརྒྱུད་ནས་ད་གཟོད་དཔལ་རྒྱལ་བ་ཇོ་ནང་པ་སྤྱིའི་ཚབ་མཚོན་པའི་ཚོགས་པ་༼འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་༽ ཞེས་པ་འཛུགས་པར་ཐག་བཅད་ནས་ཕྱི་ལོ་༢༠༠༩ ཟླ་ ༡༢ ཚེས་ ༡༨ ཉིན་ཚོགས་པ་འདི་ཉིད་རྒྱལ་ཁའི་ངང་དངོས་སུ་དབུ་བརྙེས་ཏེ་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༩ ཉིན་སྐུ་མགྲོན་གཙོ་བོ་དཔལ་ལྡན་རང་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མའི་དབུས་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ལྔའི་སྤྱི་འཐུས་རྒྱུན་ལས་རྣམ་པ། དེ་བཞིན་དུ་བཀའ་ཟུར་ཨ་ལགས་འཇིགས་མེད་ཀྱི་དབུས་གཞུང་འབྲེལ་ལྷན་ཁང་ཁག་གི་སྐུ་ཚབ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་འཛིན་དང་སྐུ་ཚབ། དེ་བཞིན་དུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་འཐུས་ཚབ་རྣམ་པ་བཅས་ཁྱོན་གནད་ཡོད་མི་སྣ་བརྒྱ་ཕྲག་ལྷག་ལྷན་འཛོམས་ཐོག་དབུ་འབྱེད་མཛད་སྒོ་ཟབ་རྒྱས་ངང་འཚོགས་པའོ།
གཉིས་པ་དམིགས་ཡུལ།
༡༽ གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོ་མཆོག་དང་། ༼ཇོ་ནང་བསྟན་པའི་མངའ་བདག་༧ སྐྱབས་མགོན་ཁལ་ཁ་རྗེ་བཙུན་རིན་པོ་ཆེ༽ཇོ་ནང་བསྟན་པའི་མངའ་བདག་མཆོག་སྤྲུལ་འཇིག་མེད་རྡོ་རྗེ་མཆོག ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་སྣང་བ་མཆོག་གི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ།
༢༽ མཉམ་མེད་ཤཱཀྱའི་སྲས་པོའི་བསྟན་པ་སྤྱི་དང་། བྱེ་བྲག་དཔལ་རྒྱལ་བ་ཇོ་ནང་པའི་ཐུན་མོང་མ་ཡིན་པའི་ཆོས་སྐལ་འདི་ཉིད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏང་རྒྱུ།
༣༽ བོད་གངས་རིའི་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྤྱི་དང་། ལྷག་པར་དུ་བོད་ཅེས་ཐུན་མིན་དུ་འཇོག་བྱེད་ཀྱི་སྐད་ཡིག་འདི་ཉིད་སྤྱིར་ཕུན་སུམ་ཚོགས་པ་ཞིག་ཡིན་མོད། ད་སྐབས་རྐྱེན་སྣ་ཚོགས་ཞིག་ལ་བརྟེན་ཉེན་ཁའི་གནས་སུ་ལྷུང་ཡོད་པས་འདི་ཉིད་རྒྱུན་འཛིན་དང་གཅིག་གྱུར་ཡོང་ཐབས་ལ་འབད་པ་བྱ་རྒྱུ་བཅས་སོ། །