ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ་ཀུན་མཁྱེན་ཇོ་ནང་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོོག་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་དེ་ཉིད་ནི། རབ་བྱུང་ལྔ་པའི་ཆུ་ཕོ་འབྲུག་ཕྱི་ལོ་ ༡༢༩༢ ལོར་རྒྱལ་བའི་མདོ་ལུང་གིས་ཟིན་པའི་གནས་མཆོག་མངའ་རིའི་དོལ་པོ་པན་ཚང་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང་། ཡུམ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་འཅས་སྐུ་བལྟམས། དགུང་ལོ་གསུམ་པར་བླ་མ་སྐྱི་སྟེངས་པས་མཚན་ལ་ཤེས་རབ་མགོན་ཞེས་གསོལ། ཆུང་ངུ་ཉིད་དུ་མ་ཎི་དང་གཟུངས་སྔགས་ཕལ་ཆེར་འདོན་པ་ཞིག་བྱུང་། གཞོན་དུས་ནས་ཡབ་ཡུམ་མདུན་ལས་ཡི་གེའི་འབྲི་ཀློག་སྦྱངས། དགུང་ལོ་དྲུག་པར་ཡང་བླ་མ་སྐྱི་སྟེངས་པ་ལས་འཇམ་དཔལ་དམར་པོའི་དབང་ཞུས། སྒྲུབ་པ་མཛད་པས་འཇམ་དམར་གྱི་ཞག་གཟིགས་ཤིང་པོ་ཏིའི་ཆར་འབབ་པའི་སྣང་བ་བྱུང་། ཤེས་རབ་ཤིན་ཏུ་གསལ་ཞིང་ཆོས་ཟུར་ཙམ་ཐོས་པས་མཁྱེན་པར་འགྱུར། དགུང་ལོ་བཅུ་པར་སྐུ་ཞིང་བྱང་ཆུབ་སེང་གེ་སོགས་ལས་གསང་སྔགས་རྙིང་མའི་ཆོས་ཐམས་ཅད་གསན། བཅུ་གསུམ་པར་སྐྱི་སྟེངས་དགོན་དུ་ཕེབས། མཁན་པོ་ཚུལ་ཁྲིམས་སྙིང་པོ་ལས་རབ་ཏུ་བྱུང་། མཚན་ལ་ཤེས་རབ་རྒྱལ་མཚན་ཞེས་གསོལ། སྐྱི་སྟོན་འཇམ་དབྱངས་ལས་སྔགས་སྡོམ་བླངས། དབང་ལུང་ཡང་མང་པོ་ཞུས། མཁས་ཆེན་བྱང་ཆུབ་སེང་གེ་དང་། སྟག་ཤམ་པ་ཚུལ་ཁྲིམས་བཟང་པོ་གཉིས་ལས་རྙིང་ཆོས་མང་པོ་གསན། བཅུ་དགུ་པར་གློ་བོ་བསམ་རྫོང་དུ་ཕེབས། སྐྱི་སྟོན་གྲགས་པ་རྒྱལ་མཚན་ལས་གསན་སྦྱོང་ཟླ་གཅིག་རིང་མཛད། ས་སྐྱར་སློབ་དཔོན་ཤེས་རབ་བཟང་པོ་དང་། ཉི་ཕུ་པ་གཞོན་ནུ་བཟང་པོ་གཉིས་ལས་ཚད་མ་དང་། མཁན་པོ་བློ་གྲོས་བསྟན་པ་ལས་ཕར་ཕྱིན། བླ་མ་འཇམ་པའི་དབྱངས་ལས་བྱམས་ཆོས་སྡེ་ལྔ། དབུ་མའི་རིགས། བསྟོད་ཚོགས། གཏམ་ཚོགས། དབང་ལུང་རྗེས་གནང་བཅས་ལོ་བཞི་རིང་སྦྱངས། མདོ་སྔགས་གཞུང་ལུགས་མང་པོ་ཐུགས་སུ་ཆུད། གསུམ་པར་དབུས་གཙང་དུ་གྲྭ་སྐོར་ཕེབས། མཁན་པོ་བསོད་ནམས་གྲགས་པ་ལས་མཉེན་པར་རྫོགས། རྣལ་འབྱོར་པ་ནག་འབུམ་ལས་ཞི་བྱེད་དང་། གཅོད། རྫོགས་ཆེན་སྙན་བརྒྱུད་སོགས་ཞུས། སོ་གཅིག་པ་ཆུ་ཕོ་ཁྱི་ཕྱི་ལོ་༡༣༢༢ལོར་ཇོ་ནང་དུ་བྱོན་པའི་ནུབ་མོར། སྐྱི་སྟོན་འཇམ་གྲགས་པ་རྒྱལ་མཚན་གྱི་རྨི་ལམ་དུ་སྤྱན་རས་གཟིགས་ལ་དགེ་སློང་མང་པོས་སྐོར་ནས་ཇོ་ནང་དུ་ཕྱིན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་རྨིས། ཇོ་ནང་དུ་མཁས་བཙུན་ཡོན་ཏན་རྒྱ་མཚོའི་རྨི་ལམ་དུ་ཡང་རིགས་ལྡན་པད་མ་དཀར་པོ་ལ་རྒྱན་དྲུག་མཆོག་གཉིས་ཀྱི་བསྐོར་ནས་ཇོ་ནང་དུ་ཆོས་ཀྱི་རྒྱལ་མཚན་འཕྱར་བ་རྨིས། དེ་ནས་བློ་གྲོས་དཔལ་སོགས་དགེ་སློང་བརྒྱད་དང་བཅས་བྱོན་ནས། ཆོས་རྗེ་མཁན་བཙུན་ཡོན་ཏན་རྒྱ་མཚོ་ལས་དུས་འཁོར་དབང་ཆེན་སོགས་ཟབ་ཆོས་མང་དུ་གསན། འཇའ་གུར་མེ་ཏོག་ལ་སོགས་ངོ་མཚར་བའི་ལྟས་སྣ་ཚོགས་བྱུང་ཞིང་། ཉམས་རྟོགས་མཆོག་ཏུ་གྱུར་བ་རྒྱུད་ལ་སྐྱེ་ཤིང་ཚིག་དོན་མཐའ་དག་ཐུགས་སུ་ཆུད། རབ་བྱུང་དྲུག་པའི་ལྕགས་ཕོ་རྟ་ཕྱི་ལོ་༡༣༣༠ ལོར་དགུང་ལོ་སོ་དགུ་པར་བཟང་ལྡན་འོད་མར་སྐུ་འབུམ་མཐོང་གྲོལ་ཆེན་མོ་བཞེངས་པའི་དབུ་བཙུགས། དེའི་དུས་སུ་ཚོགས་ཆོས་སུ་མཆོད་རྟེན་བཞེངས་པའི་ཕན་ཡོན་ཁང་བརྩེགས་ཀྱི་མདོ་ཚར་གཅིག་གསུངས། བོ་དོང་པ་ཀུན་སྤངས་ནམ་མཁའ་གྲགས་པ་དང་། སློབ་དཔོན་ཆོས་གྲགས་གསར་མ་སོགས་འབུམ་ཕྲག་ཙམ་ལ་སེམས་འགྲེལ་སྐོར་གསུམ་ཆ་ལག་དང་བཅས་པ་གསུངས་ནས། ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་གི་དབྱེ་གསལ་ཆེན་མོ་དང་། བདེན་གཉིས་གཤག་རལ་སོགས་གསུངས། ཆུ་མོ་བྱ་ལོ་སྟེ་ཕྱི་ལོ་༡༣༣༣ ལོར་སྐུ་འབུམ་མཐོང་གྲོ་ཆེན་མོ་ལེགས་པར་གྲུབ། དེའི་གདན་ཁྲི་གྲུ་བཞི་ངོས་རེར་ཁྲུ་ཉིས་བརྒྱ་བཅོ་ལྔ་རེ་ཡོད་པར། འཁོར་རྒྱ་ཁྲུ་བརྒྱད་བརྒྱ་དྲུག་ཅུ་ཅན། རྨང་ནས་གསེར་ཏོག་གི་བར་དཔངས་སུ་ཁྲུ་ཉིས་བརྒྱ་བཅོ་ལྔ་ཡོད་པ། ནང་ལྷ་ཁང་བརྒྱ་རྩ་བརྒྱ་བརྒྱད། ལྷ་སྐུ་དང་། དཀྱིལ་འཁོར། གསུང་རབ་སོགས་ཀྱི་གཏམས་པ། རབ་གནས་དང་བཅས་པ་གྲུབ་པས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ། ཤིང་ཕོ་ཁྱི་༡༣༣༤ ལོ་ནས་རྗེ་འདིས་ཇོ་ནང་གི་གདན་སར་ལོ་མང་རིང་དུས་འཁོར་དང་། ཡུམ། ཉི་ཁྲི། ཤེས་རབ་ཁྲི་པ། མདོ་ཕལ་པོ་ཆེ། བྱམས་ཆོས་སྡེ་ལྔ་དང་། དབུ་མ་བསྟོད་ཚོགས། འབུམ། སྙིང་པོའི་མདོ་རྣམས་དང་། སེམས་འབྲེལ་སྐོར་གསུམ། དབང་མདོར་བསྟན་སོགས་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། རྗེས་སོར་ས་སྐྱ་དང་། ཆུ་བཟང་། ལྷ་རྩེ་རྫོང་། ཤངས། སྣར་ཐང་སོགས་སུ་སྐུ་མཚམས་བཞུགས། ངོ་མཚར་བའི་རྟེན་མང་པོ་བཞེངས། ང་བདུན་པར་རྟ་ནག་ཏུ་ཕེབས། འཆད་ཉན་ལོ་གཅིག་རིང་མཛད། དབུས་སུ་ཆོས་འཁོར་བསྐོར། རབ་བྱུང་དྲུག་པའི་ལྕགས་གླང་ སྟོན་ཁར་ཇོ་ནང་དཔལ་དུ་ཆགས་ཕེབས་ནས། གཞི་བྱེས་ཀྱི་བླ་མ་དང་དགེ་འདུན་པ་ཐམས་ཅད་ཀྱི་ཐུགས་དགྱེས་ཤིང༌། ཆོས་དང་ཟང་ཟིང་གིས་མྱེས་པར་མཛད་དོ།། རྫུ་འཕྲུལ་དང་གྲུབ་རྟགས་ཡང་མང་དུ་མཛད་པས་གཞན་དུ་ཤེས་སོ།། དེ་ནས་དགུང་ལོ་བདུན་ཅུ་ཐམ་པ་ཕྱི་ལོ ༡༣༦༡ ཟླ་༡༠ ཚེས་ ༦ ཉིན་ཐུགས་ཀྱི་དགོངས་པ་མཐའ་དག་རྫོགས་པའི་ཚེ། གཟུགས་སྐུའི་བཀོད་པ་གཞན་དོན་དུ་གཤེགས་ཚུལ་བསྟན་ནས། ས་གཡོས་པ་དང༌། འཇའ་འོད་དང་མེ་ཏོག་གི་ཆར་བ་ལ་སོགས་པ་དཔག་ཏུ་མེད་དོ།། དེ་ནས་ཚེས་བདུན་གྱི་ནང་པར་སྤུར་གྱི། སངས་རྒྱས་ཀུན་གྱི་ཛོད་སྤུ་ཡི། ། པདྨར་ཟླ་བ་བདུད་རྩི་ཉ། །ཉི་རྡུལ་གསང་བར་གནམ་སྟོང་སྟེ།། ཞེས་པའི་རྟགས་ཁྱད་པར་ཅན་བྱུང་ནས། སྤུར་བཞུས་པའི་ཚེ། དུ་བ་ཐམས་ཅད་འཇའ་འོད་དུ་ཁྱབ་པ་དང༌། འོད་གསལ་རྫ་མ་ལྟ་བུའི་ཕྲེང་བའི་ནམ་མཁར་ཁྱབ་པ་དང༌། ཆུ་བོ་གཙང་བོ་གྱེན་དུ་བཟློག་པ་དང༌། ནམ་མཁའ་ལ་སྒྲ་དང་རོལ་མོ་གྲགས་པ་དང༌། བར་སྣང་ལ་མེ་ཏོག་སྣ་ཚོགས་པའི་ཆར་དང༌། དྲི་བཟང་གཡོ་བ་ལ་སོགས་པ་ངོ་མཚར་ཁྱད་པར་ཅན་དཔག་མེད་བྱུང་ངོ༌།། གདུང་ཁང་གི་ཞལ་ཕྱེས་པས། སྒལ་ཚིག་ལ་དུས་འཁོར་ཕྱག་མང་ཡབ་ཡུམ་དང༌། དཔྲལ་བར་རྟ་མགྲིན་ཡང་གསང་འཁྲོས་པ། དཔུང་པ་གཡས་སུ་མི་གཡོ་བ། ལྟག་པར་སངས་རྒྱས་ཐོད་པ་ཡབ་ཡུམ། ཕྱག་མཛུབ་ལ་སྤྱན་རས་གཟིགས་ལ་སོགས་པ་འབུར་དོད་མང་པོ་དང༌། སྟོང་ཆེན་ཡིག་ལྔ་དང༌། ཧྲཱིཿཡིག་ཨ་ལ་སོགས་གསུང་རྟེན་དང༌། དུང་དཀར་གཡས་འཁྱིལ་རིང་བསྲེལ་མང་པོ་ཐུགས་རྟེན་དཔག་མེད་བྱུང་ངོ༌།། དེ་ནས་ཀྱང་གདུང་ཐལ་གྱིས་སྐུ་འདྲ་བཞེངས་པ་དང༌། དུས་མཆོད་བཙུགས་པའི་དུས་ཐམས་ཅད་དུ་ཡང་ངོ་མཚར་ཁྱད་པར་ཅན་དཔག་ཏུ་མེད་པ་བྱུང་ངོ༌།། གསུང་རྩོམ་ནི་དུས་ཀྱི་འཁོར་ལོའི་སྐོར་ལ་བསྟན་བཅོས་སུམ་ཅུ་སོ་བརྒྱད། ངེས་དོན་རྒྱ་མཚོ་ལ་སོགས་གྲུབ་མཐའི་སྐོར་ལ་བསྟན་བཅོས་བཅུ་དྲུག ཕར་ཕྱིན་སྐོར་ལ་བསྟན་བཅོས་བདུན། གསོལ་འདེབས་སྐོར་ལ་ཉེར་ལྔ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཉེར་གསུམ། བསྟོད་བསྐོར་བཅུ་བཞི། སྐུ་འབུམ་ཆེན་པོའི་ཆོས་སྐོར་ལྔ༌། རྡོ་རྗེ་ཕྲེང་བའི་སྐོར་ལ་གསུམ། སྤྲིང་ཡིག་སྐོར་ལ་བརྒྱད། གདམས་ངག་དང་དྲིས་ལན་སྐོར་ལ་བཅུ་གཉིས། རྣམ་ཐར་སོགས་ཀྱི་སྐོར་ལ་བཅུ་དྲུག སྨོན་ལམ་སྐོར་ལ་གསུམ། བཀྲ་ཤིས་སྐོར་ལ་བཞི་བཅས་ཐུབ་བསྟན་གསལ་བར་མཛད་པས་བསྟན་བཅོས་ཇི་སྙེད་ཅིག་བརྩམས་པ་ལས་ད་ལྟ་ལག་སོན་བྱུང་པ་ནི་ཆོས་ཚན་༢༡༣འདི་ཙམ་མོ།། དམ་པ་ཁོང་གི་སློབ་མའི་ཚོགས་ཀྱི་གཙོ་བོར་གྱུར་པ་ལོ་ཙ་བ་བློ་གྲོས་རྣམ་གཉིས་སོགས་བུ་ཆེན་བཅུ་གསུམ་དང་། མཁས་གྲུབ་དཀོན་མཆོག་རྒྱལ་མཚན། ཡར་ལུང་པ་ཆོས་དཔལ་མགོན་པོ། མཚལ་མིན་པ་བསོད་ནམས་བཟང་པོ་སོགས་ཇོ་ནང་པའི་ཆོས་རྒྱུད་འཛིན་པ་རྣམས་དང་། གཞན་ཡང་རིས་མེད་ཀྱི་སློབ་མའི་ཚོགས་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་གཞི་ཐོག་པ། བོ་དོང་པ་ཀུན་སྤངས་ནམ་མཁའ་གྲགས་པ། ལོ་ཙཱ་བ་བྱང་ཆུབ་རྩེ་མོ། བྲག་རམ་པའི་བླ་མ་དཀོན་མཆོག་བཟང་། ཡང་རྩེའི་དབོན་རྡོ་རྗེ་དཔལ། ཤང་རྡོའི་དབོན་ཆོས་གྲགས་གསར་མ། མཆིམས་བློ་བཟང་གྲགས་པ། གཡག་སྡེ་པཎ་ཆེན་སོགས་དབུས་གཙང་གི་མཁས་མཆོག་མང་དུ་བྱུང་ངོ་།། །།