དེ་ཡང་འཛམ་གླིང་གི་གནས་ཕུན་སུམ་ཚོགས་པའི་ཡང་རྩེ། ཆུ་དལ་འབབ་རིང་མོའི་མགོ་ཁུང་། གནས་དགེ་བཅུ་འཛོམས་པའི་ཞིང་མཆོག དེ་ལྟར་ལྷོ་རྒྱུད་འཛམ་བུ་གླིང་བའི་ས་ཆེན་པོའི་ཏོག་ཏུ་གྲགས་ཞིང་། འོ་སྐོལ་གྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་ལུང་གིས་ཡང་དང་ཡང་དུ་བསྔགས་པའི་བསིལ་ལྡན་གངས་རིའི་ར་བས་ཡོངས་སུ་བསྐོར་བའི་ལྗོངས་འདིར་འཕགས་མཆོག་སྙིང་རྗེའི་གཏེར་ཆེན་ཕྱག་ན་པདྨོའི་འཕྲིན་ལས་ཀྱིས་དུས་ཀུན་ཏུ་སྐྱོང་ཞིང༌། རྒྱལ་བསྟན་རིན་པོ་ཆེ་གནས་པའི་ཞིང་ས་ཆེས་མཆོག་ཏུ་གྱུར་པ། བཅུ་ཕྲག་རིག་པའི་གནས་ཀྱི་འོད་སྟོང་གི་གཟི་བརྗིད་ལྷམ་མེར་འཕྲོ་བས། འཛམ་གླིང་ན་སྙན་གྲགས་ཀྱི་བ་དན་དཀར་བོ་ཕྱོགས་མེད་དུ་གཡོ་བའི་གངས་ཅན་བོད་ཀྱི་ཡུལ། མདོ་ཁམས་སྒང་དྲུག་གི་ཡ་གྱལ་རྡོ་རོལ་གྱི་ཉེ་འདབས་རྡོ་འཛི་སྨྲ་གསུམ་གྱི་འཛི་ཀའི་ཡུལ་ཁམས། རྗེ་ཇོ་ནང་བ་ཆེན་པོ་སོགས་འཕགས་མཆོག་དུ་མའི་ལུང་གིས་བསྔགས་པའི་ཡུལ་སྐྱོང་གནོད་སྦྱིན་ཛམ་ལྷའི་ཐང་ཞེས་པ་འདི་གནས་ཕུན་སུམ་ཚོགས་པ་རྒྱབ་རི་གནོད་སྦྱིན་ཛམ་བྷ་ལ་སེང་གེའི་གདན་ལ་འགྱིང་འདྲའི་གནས་མཆོག་མཐོ་བརྗིད་ལྷུན་སྡུག་པ། མདུན་རི་གླང་ཆེན་ཟུང་གིས་གུས་མཆོད་འབུལ་བ་འདྲ་ཞིང་རྭ་ཤུག་ཆུ་གཉིས་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་དྭངས་བསིལ་གྱི་ཡོན་ཆབ་ཕུལ་བའི་ཚུལ། མདུན་ན་མ་ལ་ཡའི་ནགས་ཀླུང་ལྟ་བུའི་ལྗོན་ཤིང་སྣ་ཚོགས་ཀྱི་ལོ་འདབ་བཞད་པའི་རྩེར་འདབ་ཆགས་རིགས་ཀྱིས་སྐད་སྙན་སྒྲོག་པ། ཤར་ཕྱོགས་ཀྱི་རི་རྒྱུད་མདའ་ལྟོང་ཁ་ཕྱེས་པ་འདྲ་ཞིང་ལྷོ་རི་རིན་པོ་ཆེ་སྤུངས་པ་འདྲ་བ་ལྷུན་ཆགས་པ། བྱང་ཕྱོགས་ཀྱི་རི་རྒྱུད་དར་དཀར་གྱི་ཡོལ་བ་བྲེས་པ་འདྲ་ཞིང་ནུབ་ཕྱོགས་འདན་ལ་མཚམས་སྤྲིན་གསར་བའི་མཛེས་སྡུག་ངོམ་པ། ཤར་གྱི་བྲག་སྐྱ་བོ་མ་བརྐོས་པར་འབུར་དུ་བྱུང་བ། ལྷོ་གཡུ་འབྲུག་སྔོན་མོས་ལྷུང་ལྷུང་གི་སྒྲ་འབྱིན་ཞིང་ཆུ་བྱ་སྣ་ཚོགས་ཀྱིས་རྩེད་འཇོས་ཡིད་དབང་འཕྲོག་པ། བྱང་ན་རྭ་མཁར་རུས་སྦལ་གདན་ལ་འགྱིང་ཞིང་ནུབ་ཕྱོགས་བྲག་དམར་མཁའ་ལྡིང་གནམ་ལ་འཕྱོ་བ། གནམ་འཁོར་ལོ་རྩིབས་དགུ་བཀྲ་ཞིང་ས་འཛིན་ཕྱུག་མོར་པད་དཀར་འདབ་བརྒྱད་བཞད་པ། ཕྱོགས་མཚམས་ཀུན་ཏུ་བཀྲ་ཤིས་རྫས་བརྒྱད་དང་རྟགས་བརྒྱད་ཚང་ཞིང་རིན་ཆེན་སྣ་བདུན་གཏེར་སྣས་གང་བ། ཕུ་ན་རི་དབང་རིགས་གསུམ་མགོན་པོའི་གནས་མཆོག་སྲ་བརྟན་རྡོ་རྗེ་རྭ་གུར་ལྟ་བུར་བརྗིད་ཅིང༌། མདའ་ནི་མ་ཤོར་ཕྱག་རྒྱ་བཞིན་དུ་ཕན་ཚུན་བསྣོལ་ལ་དཔྱིད་གསུམ་ཀོ་ཀི་ལ་ལ་སོགས་པའི་འགྱུར་ཁུགས་སྣ་ཚོགས་རྣ་བར་འཇེབས་པ། དབྱར་གསུམ་མེ་ཏོག་དང་སྨན་རིགས་ལ་སོགས་པའི་དྲི་བསུང་ཕྱོགས་ཀུན་འཐུལ་བ། སྟོན་གསུམ་འབྲུ་དྲུག་སྣ་ཚོགས་པའི་དཔལ་ལ་ལོངས་སུ་སྤྱོད་པ། དགུན་གསུམ་བག་ཡོད་ངང་ནས་ཆོས་ལ་བརྩོན་པ་རྒྱུན་ཆད་བྲལ་བའི་གནོད་སྦྱིན་གཏེར་བདག་མིང་གི་དགོན་པ་འདིར་སར་གནས་ཀྱི་སྐྱེས་ཆེན་དུ་མའི་ཞབས་ཀྱིས་བཅགས་པ། ངེས་དོན་དུས་ཀྱི་འཁོར་ལོའི་སྒྲུབ་བརྒྱུད་ཀྱི་བསྟན་པ་ཆེས་དར་བས་བྱང་ཤམ་བྷ་ལའི་བཞི་ཆར་འོས་ཞེས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་དུས་སུ་འཐོར་བའི་གནས་མཆོག མདོ་སྨད་ཕྱོགས་ཀྱི་དགོན་ཆེན་རྣམས་ལས་ཆེས་སྔ་བ་དང༌། དགོན་ལག་མང་པོའི་མ་དགོན་གཅིག་པུར་གྱུར་པ་ཤར་ཛམ་ཐང་ཆོས་རྗེ་དགོན་ཆེན་བསམ་འགྲུབ་ནོར་བུའི་གླིང་ནི།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཛཾ་ཐང་རྫོང་གི་མངའ་ཁོངས་སུ་གནས་ཞིང་། དགོན་ཆེན་འདི་ཉིད་གསར་དུ་ཕྱག་འདེབས་མཛད་མཁན་རིགས་ལྡན་དྲག་པོའི་རྣམ་འཕྲུལ་དྲུང་རཏྣ་ཤྲཱིའམ་དཀའ་བཞི་བ་རིན་ཆེན་དཔལ་ནི། རྗེ་ཇོ་ནང་ཀུན་མཁྱེན་ཆེན་པོས་ལུང་བསྟན་ལས། ཆོས་ལུགས་ཉམས་པར་བྱེད་པ་ངན་རིགས་ཅན། །སྣང་ཞིག་བོན་ནག་སྤྲེའུ་གཟུགས་ཞྭ་དཀར་ཅན། །ཟུང་ཅུའི་ཁམས་སུ་འབྱུང་ནས་བོན་རྒྱུད་སྤེལ། །ལྟ་ངན་མུན་པས་གུར་ཆེན་བསྐོར་བའི་ཚེ། །མཐར་མཛད་རིགས་ལྡན་དྲག་པོའི་སྤྲུལ་བ་སྟེ། །ཆོས་ཀྱི་འོད་སྟོང་རཏྣའི་མཚན་གྲགས་པ། །མདོ་ཁམས་ཚ་བ་རོང་དུ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། འཛམ་གླིང་སྟོང་ཁུན་རྒྱལ་བོའི་ཡུལ་མཐའ་མདོ་ཁམས་རྒྱལ་མོ་ཚ་བ་རོང་ཞེས་བྱ་བའི་ཡུལ་བྱེ་མའི་ཐང་དུ་ཕྱི་ལོ་ ༡༣༥༠ རབ་བྱུང་ ༦ པའི་ལྕགས་ཕོ་སྟག་ལ་རབ་དཀར་སྔོན་ལས་ཀྱིས་རིགས་རུས་མཐོན་པོའི་ཕ་མ་སྤྱོད་བཟང་གི་སྲས་སུ་སྨོན་འདུན་མཆོག་གིས་བསམ་བཞིན་སྐུའི་སྐྱེ་སྲིད་འཛིན་སྐབས་ཡུམ་གྱི་རྨི་ལམ་དུ་མཆོད་རྟེན་ངོ་མཚར་ཅན་ལེགས་པར་བསྐྲུན་པའི་སྣང་བ་སོགས་དགེ་མཚན་དུ་མ་མངོན་དུ་གྱུར་ཅིང༌། ཁོང་ཉིད་སྐུ་བལྟམས་པའི་ཚེ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྟག་གི་ལོར་གཟུགས་སྐུའི་མེ་ཏོག་གསར་བའི་ལང་ཚོ་ལྷུམས་ནས་ཉེ་བར་བལྟམས་ཏེ་མངོན་པར་བཞད་པའི་དགའ་སྟོན་མངོན་དུ་གྱུར། དེ་ནས་བྱིས་པའི་དུས་སུ་ཆུ་བོའི་ཕ་རོལ་གྱི་བྲག་རི་ལ་གླེགས་བམ་དུ་མ་བརྩེགས་པ་ཆོས་ཕུང་ཆེས་བཀྲ་བའི་རྣམ་པ་མཐའ་ཀླས་པ། དག་སྣང་གི་གཟིགས་ངོར་རང་ཤུགས་ཀྱིས་འབྱུང་བ་སོགས་སྣོད་བཅུད་དག་པའི་སྣང་བ་ཀུན་ནས་མངའ་ཞིང༌། རིམ་བཞིན་འཇིག་རྟེན་འདི་སྣང་ལ་སྙིང་པོ་མེད་པར་དགོངས་ནས་ཡབ་ཡུམ་སོགས་ལས་ལྐོག་ཏུ་བྲོས་ཏེ། མངོན་ཤེས་མཆོག་མངའ་བ་རི་བ་ཤེས་རབ་དཔལ་ཞེས་བྱ་བ་ཧ་ཅང་ཐག་མི་རིང་བར་བཞུགས་པ་དེ་ཉིད་ཀྱི་དྲུང་དུ་སླེབས་པ་ན། རི་བ་བློ་གྲོས་ཀྱིས་སྔོན་ནས་མངོན་ཤེས་ཀྱིས་ཇི་བཞིན་མཁྱེན་ནས་རང་གི་ཉེ་འཁོར་དག་ལ་དེ་རིང་སྐྱེས་བུ་དམ་པ་ཞིག་འབྱོན་པར་འདུག་པས་རང་ཅག་གིས་དགའ་བསུ་དགོས་ཚུལ་གསུངས་པ་ལྟར་ཁོང་དཔོན་སློབ་ཀྱིས་བསུ་བཀོད་མཛད་ནས་བླ་མ་དེའི་མདུན་ནས་ཡི་གེ་བསླབས་པས་ཕུལ་བྱུང་དུ་མཁྱེན། འདུལ་འཛིན་དམ་པ་ཤེས་རབ་དཔལ་སོགས་མཁན་སློབ་གྲངས་ཚང་བའི་དབུས་སུ་ངེས་འབྱུང་གི་བསམ་པའི་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ལེགས་ནོད་མཛད་ནས་མཚན་ལ་རིན་ཆེན་དཔལ་ཞེས་བྱ་བར་གསོལ། ཡང་ཇོ་ནང་ཀུན་མཁྱེན་ཆེན་པོས་ལུང་བསྟན་ལས། ང་ནི་འདི་ནས་འགྲོ་བའི་ཞག་འགའ་ན། །འཕྲིན་ལས་རྣམ་བཞིའི་གློག་དཀར་དྲ་བ་ཅན། །འཇམ་དབྱངས་དཔའ་བོ་ཛྙཱ་ན་ཧེ་རུ་ཀ །ལྟ་ངན་མུན་སེལ་མི་བཟད་དྲག་པོ་ཆེ། །དགེ་སློང་དཔའ་བོ་ཆེན་པོ་ཐུང་ཅན་པ། །ཁ་སྤུ་ལྡན་པའི་རཏྣ་ཤྲཱི་ཞེས་པ། །རི་ཁྲོད་ཆེན་པོ་འདི་ན་འོང་བར་འགྱུར། །བུ་ཁྱོད་ཀྱིས་ནི་རྗེས་སུ་འཇུག་གྱུར་ཏེ། །རོ་མཆོག་དམ་ཆོས་བདུད་རྩིས་རྒྱུད་ཚིམ་ནས། །མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་སུ། །ཆུ་བོའི་འགྲམ་ལ་བརྟེན་པའི་ལུང་བ་རུ། ། སྐྱེ་བོ་དམུ་རྒོད་དར་བའི་ཡུལ་ས་ན། །ཨ་མི་སྐུ་མཆེད་དག་གི་བསྟན་པ་རྒྱས། །གནོད་སྦྱིན་གཏེར་བདག་མིང་གི་དགོན་པ་རུ། །དུས་ཀྱི་འཁོར་ལོའི་བཤད་སྒྲུབ་གཙོ་བོར་སྟོན། །ཟབ་ལམ་རྡོ་རྗེ་ཐེག་པའི་དགེ་ལེགས་རྒྱས། །ཀུན་གྱིས་མཆོད་གནས་བཀུར་སྟི་བྱ་བའི་གནས། ། ཞེས་གསུངས་པ་ལྟར། ཁོང་ཉིད་དགུང་ལོ་བཅོ་བརྒྱད་ཀྱི་སྟེང༌། དབུས་གཙང་དུ་ཕེབས་ཏེ་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་མདུན་ནས་ཟབ་ཆོས་མང་དུ་ཞུས་ཤིང་། མཁན་ཆེན་བྱང་ཆུབ་རྩེ་མོས་མཁན་པོ་དང༌། གཞན་སློབ་དཔོན་སོགས་གྲངས་ཚང་བའི་མདུན་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ཞུས་ཏེ་གཅིག་རྗེས་གཉིས་མཐུད་དུ་བྱང་ཆུབ་སེམས་སྡོམ་ཡང་མནོས་པར་མཛད། དབུས་གཙང་ནས་ས་བཟང་མ་ཏི་པཎ་ཆེན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། འཇམ་དབྱངས་བློ་གྲོས། ཉ་དབོན་ཀུན་དགའ་དཔལ། འཕྲིན་ལས་བཟང་པོ། བྱང་ཆུབ་སེངྒེ། མཁན་ཆེན་བྱང་ཆུབ་རྩེ་མོ་སོགས་ཀྱི་དྲུང་ནས་སྦྱོར་བ་ཡན་ལག་དྲུག་ཆ་ལག་དང་བཅས་པ། འགྲེལ་ཆེན་དྲི་མེད་འོད། རྡོ་རྗེ་སྙིང་འགྲེལ། བདེ་མཆོག་བསྟོད་འགྲེལ། འཇམ་དཔལ་ལྟ་འདོད། དོན་དམ་བསྙེན་པ་སྟེ་སེམས་འགྲེལ་ཡན་ལག་དང་བཅས་པ། བྱམས་ཆོས་སྡེ་ལྔ། ཐོགས་མེད་ཀྱི་ས་སྡེ་ལྔ་དང༌། སྡོམ་རྣམ་གཉིས། དབྱིག་གཉེན་གྱི་སུམ་ཅུའི་རབ་དབྱེ། ཉི་ཤུའི་རབ་དབྱེ། ལས་རྣམ་འབྱེད་པ། ཕུང་པོའི་རབ་དབྱེ། རྣམ་བཤད་རིག་པ་དང་ལྔ་ཚན་གཅིག ཡང་མདོ་རྒྱན་འགྲེལ་བ། དབུས་མཐའ་རྣམ་འབྱེད་འགྲེལ་བ། རྟེན་འབྲེལ་མདོ་འགྲེལ་དང་གསུམ་ཚན་གཅིག་སྟེ་བྱམས་ཆོས་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ། གཞན་ཡང་མངོན་པ་སྡེ་བདུན་མངོན་པ་གོང་འོག་དང་བཅས་པ། ཚད་མ་སྡེ་བདུན་མདོ་དང་བཅས་པ། འདུལ་ལུང་སྡེ་བཞི་གཞུང་འགྲེལ་དང་བཅས་པ་སོགས་མདོ་རྒྱུད་བསྟན་བཅོས་མན་ངག་བཅས་གསན་བསམ་རང་བྱན་ཆུད་དེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལམ་རྣམས་ཚུལ་བཞིན་གོམས་པས་ཉམས་མྱོང་གི་སྒོ་ཡང་ཆེས་ཀུན་ནས་རྒྱས་པ་དང༌། གཞན་ཡང་འབྲི་གུང་ལོ་ཙཱ། ཆོས་རྗེ་ཆོས་དཔལ་མགོན་པོ་སོགས་ཀྱི་དྲུང་ནས་ཀྱང་ཕྲེང་བ་སྐོར་གསུམ། གཤིན་རྗེ་གཤེད་སྐོར་ཡོ་ག་བྱ་སྤྱོད་མན་ངག་བཅས་གསན་ཏེ་ཚེགས་ཆུང་ངུས་ཐུགས་སུ་ཆུད་པར་མཛད། དྲང་ངེས་ཀྱི་དགོངས་དོན་ཇི་བཞིན་གཟིགས་པའི་ཤེས་རབ་མཆོག་གིས་རང་སྟོང་གཞན་སྟོང་གི་ལྟ་བའི་གནད་ལ་ངེས་ཤེས་ཟབ་མོ་འཁྲུངས་ནས་མདོ་སྔགས་སྤྱི་ལ་མཁྱེན་པའི་སྒོ་རྒྱ་ཆེར་རྒྱས་ཏེ་བྱམས་པ་འཇམ་དབྱངས་ཀླུ་སྒྲུབ་སོགས་ཤིང་རྟ་ཆེན་པོའི་དགོངས་དོན་དང་ཕྱི་ནང་རིག་གནས་མཐའ་དག་ལ་སྒྲོ་འདོགས་ཆོད་ངེས་ཀྱི་མཁས་གྲུབ་གཉིས་ལྡན་དུ་གྱུར་ཏོ། །དེ་ནས་དགུང་ལོ་སུམ་ཅུ་བཞེས་པའི་སྟེང་ཙམ་ནས་ཀུན་མཁྱེན་ཕྱོགས་རྒྱལ་བ་སོགས་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་གཙོ་ཆེ་བ་རྣམས་ཀྱིས་སྔོན་ཆོས་རྗེས་ལུང་བསྟན་པ་བཞིན་ཁྱེད་ཁམས་ཕྱོགས་སུ་ཕེབས་དང་བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེར་འབྱུང་ངེས་པས་རྟེན་སྐལ་དུ་བཀའ་གདམས་མཆོད་རྟེན་གཅིག་དང་ཆོས་དུང་ཞིག་ཡོད་པ་དེ་དག་བོང་བུ་ལ་འགེལ་བཞིན་མདོ་ཁམས་སུ་བྱོན་དང་ནམ་ཞིག་བོང་བུ་གར་ཉལ་དང་དུང་དཀར་རང་གྲགས་ཀྱི་དུས་ན་རང་རེའི་ངེས་དོན་གྱི་ཆོས་གཞིའི་དགོན་སྡེ་འདེབས་གནས་ས་ཆ་དེ་ཉིད་ཀྱིས་མཛོད་དང༌། བསྟན་འགྲོ་ལ་ཕན་པ་ཡུན་དུ་འབྱུང་བའི་བཀའ་ལུང་ཡོད་ཚུལ་གསུངས་ཏེ། བཀའ་པོད་བཞི་དང་མདོ་སྔགས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་མཆོག་དྲུང་དཀའ་བཞི་པ་རིན་ཆེན་དཔལ་ཞེས་མཚན་སྙན་གྱི་གྲགས་པ་རྒྱས་བཞིན་ཁམས་ཕྱོགས་སུ་རིམ་པར་ཕེབས། མདོ་ཁམས་སྨད་ཕྱོགས་སུ་གཉའ་རི་ཆོས་རྫོང་སོགས་དགོན་སྡེ་དུ་མ་ཆགས་འདེབས་དང་ཞལ་བདག་མཛད་པ་མང་མོད་ཀྱང་ལོ་རྒྱུས་ཞིབ་མོའི་ཁུངས་མ་རྙེད། དེ་ནས་ཁམས་ཛམ་ཐང་ཕྱོགས་ལ་བོང་བུ་ཁལ་བཅས་དེད་དེ་འཇམ་དཔལ་མཚན་བརྗོད་ཞལ་འདོན་མཛད་བཞིན་རིམ་པས་ཕེབས་པ་ན་འཛི་ཀའི་ཛམ་ཐང་གི་ཐད་ཀྱི་ཕ་ཀི་བག་རྒས་ལེབ་ཟེར་བའི་གནས་དེར་ཐོན་ཚེ་སྔར་གྱི་ལུང་བསྟན་བཞིན་བོང་བུ་ཉལ་ཞིང་དུང་དཀར་རང་གྲགས་ཀྱི་མཚན་རྟགས་དང་ཞལ་འདོན་གྱི་ཚིག་མཚམས་ཀྱང༌། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ། ཞེས་པར་ཐོན་ཡོད་ཕྱིར་ཁོང་གིས་རྟེན་འབྲེལ་བཟང་པོའི་དགེ་མཚན་དུ་མཁྱེན་ནས་ཞག་མལ་བྱས་ཏེ་ཕར་ཕྱོགས་ཀྱི་ཛམ་ལྷའི་ཐང་དེར་བོན་དགོན་ཞིག་ཆགས་པ་ལ་ལྷམ་ཞིག་ཕར་སྐྱེས་སུ་ཕུལ། ཚུར་སྟན་དཀར་གྱི་གདན་ཞིག་ལེགས་འབུལ་བྱས་པས་གནས་དེར་ཁོང་བཞུགས་ནས་བོན་རྣམས་གཞན་དུ་འགྲོ་བའི་རྟེན་འབྲེལ་འགྲིགཔར་དགོངས། དྲུང་དཀའ་བཞི་པ་ནི་འཕྲིན་ལས་རྣམ་བཞི་ལ་མངའ་བརྙེས་པ་ཡིན་པས་ཁོང་གིས་ཕ་རོལ་གྱི་བོན་རྣམས་ལ་ནངས་སྔ་མོར་ཐབས་ཚུལ་དྲག་པོས་བཀའ་བསྒོ་བ། ཁྱེད་ཅག་གནས་འདི་ནས་མྱུར་དུ་མ་སོང་ན་སྟོབས་ཆེན་དམག་དཔུང་གིས་བསྐྲད་པར་བྱའོ། ། ཞེས་གསུང་གིས་ཁྱབ་བསྒྲགས་བྱས་ཤིང༌། སྤྲུལ་བའི་དམག་དཔུང་གི་སྐྱ་རྗེས་ཆེས་མང་པོ་གྲོང་གསེབ་ཀུན་ཏུ་སྣང་བ་སོགས་འཇིགས་གཟུགས་ཀྱི་རྣམ་པར་འཕྲུལ་བ་དུ་མ་ཉེ་བར་བསྟན་པས་བོན་རྣམས་ཡུལ་གཞན་དུ་བསྐྲད། མཆན། ཛམ་ཐང་བོན་དགོན་གྱི་ཐོག་མ་བོན་བླ་ཡོན་ཏན་རྒྱལ་མཚན་གྱིས་ཕྱི་ལོ་༡༡༤༦ ལོར་བཏབ་པ་ཡིན། ལོ་ངོ་༢༥༥ ཙམ་གྱི་རིང་ལ་གནས་དེར་བོན་པོའི་ཆོས་ལུགས་དར་བ་ཡིན། དེ་ནས་ཁོང་ཉིད་ཛམ་ཐང་གི་གནས་དེར་ཕེབས་ནས་ཕྱི་ལོ་ ༡༣༨༥ ལོར་ཇོ་ནང་ཀུན་མཁྱེན་ཆེན་པོས་ལུང་བསྟན་ལྟར་ངེས་དོན་བསྟན་པའི་གནས་གཞི། མཁས་གྲུབ་བྱེ་བའི་འབྱུང་གནས་སྔགས་ཀྱི་ཞིང་མཆོག་ཤམྦྷ་ལ་གཉིས་པ་མདོ་སྨད་ཇོ་ནང་དགོན་སྡེའི་ཐོག་མ་ཤར་ཛམ་ཐང་ཆོས་རྗེ་དགོན་ཆེན་བསམ་འགྲུབ་ནོར་བུའི་གླིང་འདི་ཉིད་གསར་དུ་ཕྱག་འདེབས་མཛད་པ་ཡིན་ནོ། ། མཆན། འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྟན་རྩིས་ལས། ཕྱི་ལོ་༡༤༠༠ལོར་བཏབ་གསུངས། དེ་ནས་བཟུང་ངེས་པ་དོན་གྱི་བསྟན་པ་ཟབ་མོའི་གཞི་ཚུགས་ནས་བཤད་སྒྲུབ་ཟུང་འབྲེལ་གྱི་མཛད་པ་བཟང་པོས་ཁམས་ཕྱོགས་རྨོངས་མུན་གྱི་ཡུལ་གྲུ་འདིར་ཐེག་མཆོག་རྫོགས་ལྡན་ཆོས་ཀྱི་འོད་སྣང་ཅིར་ཡང་བརྡལ་བས་ངོ་མཚར་ཁྱད་འཕགས་ཀྱི་གནས་སུ་གྱུར་ཏེ། དགོན་སྡེ། རྟེན་ཁང༌། ཆོས་ར། འདུ་ཁང༌། རྒྱ་ཕིབས། ལྕགས་རི་སོགས་ཕྱི་ནང་གི་བཀོད་པ་རྨད་དུ་བྱུང་བ་དང༌། དགེ་འདུན་འདུས་སྡེའི་འཕེལ་ཁ་དབྱར་གྱི་དགའ་ཚལ་བཞིན་གྲངས་ཆེས་མང་པ་འགྲོ་ཕན་རྒྱ་ཆེ་བའི་ཐུགས་སྲས་ཀྱི་མཆོག་རགས་བསྡུས་ཙམ་བརྗོད་ན། ཉིད་ཀྱི་རྒྱལ་ཚབ་མཁས་པའི་དབང་པོ་ཆོས་རྗེའི་སྐུ་ཕྲེང་དང་པོ་ཚད་མ་པ་རྒྱལ་བ་བཟང་དང༌། བླ་མ་དཔལ་སྐུ་མཆེད་ཟུང༌། མཁན་དཀོན་མཆོག་རྒྱལ་མཚན། ཨ་རྒེ་ཉི་མ་འོད་ཟེར། ཡོ་བེ་ནམ་མཁའ་དཔལ། རག་ཁྲོམ་ཀུན་དགའ་དཔལ། ཁང་སར་ཉི་མ་རྒྱལ་མཚན། སེམས་དཔའ་ནམ་མཁའ་རྒྱལ་མཚན། ག་གཞའ་རྒྱལ་པོ། ཨ་འབོལ་རྒྱལ་པོ། འཇམ་དབྱངས་རིན་རྡོར། ཁྲི་སྨོན་བཀྲ་ཤིས་དཔལ། ཆོས་རྗེ་གཞོན་ནུ་རྒྱལ་མཚན། ཀུན་སྤངས་ཡེ་ཤེས་རྒྱལ་མཚན། སེངྒེ་རྒྱལ་མཚན། བླ་མ་བཀྲ་ཤིས་རིན་ཆེན་སོགས་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་དང༌། དགེ་སློང་གི་སྡེ་སྟོང་ཕྲག་གི་གྲངས་སུ་ལོངས་པ་རྒྱུན་དུ་འཚོགས་ཏེ་ལུང་རྟོགས་ཀྱི་བྱ་བ་དབྱར་མཚོ་ལྟར་གོང་དུ་རྒྱས་ཤིང་སྐྱེ་བོའི་ཚོགས་སྟོང་ཕྲག་དུ་མར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབང་ལུང་མན་ངག་སོགས་རྒྱ་ཆེར་གནང་བས་མཛད་འཕྲིན་ཡང་བསམ་གྱིས་མི་ཁྱབ་བོ། །རྒྱ་ནག་ཏཱ་མིང་གི་རྒྱལ་པོ་ཡུང་ལོས། དྲུང་རཏྣ་ཤྲཱི་ལ་ཆོ་ལོ་གནང་འབུལ་དང་གོ་མིང་གཏད་ཅིང༌། དེ་ནས་བཟུང་གོང་མ་རྒྱལ་པོ་དང་འབྲེལ་བའི་ཟམ་པ་ལེགས་པར་ཚུགས། རྗེ་གྲུབ་པའི་དབང་ཕྱུག་རིགས་ལྡན་གྱི་སྤྲུལ་པ་མདོ་ཁམས་སྨད་ཀྱི་ངེས་དོན་བསྟན་པའི་མངའ་བདག་ཆེན་པོ་དཔལ་ཛམ་ཐང་ཆོས་རྗེ་དགོན་བསམ་འགྲུབ་ནོར་བུའི་གླིང་ཕྱག་འདེབས་མཛད་པ་པོ་དྲུང་དཀའ་བཞི་པ་རིན་ཆེན་དཔལ་གང་ཉིད་ཀྱིས་བསྟན་ཇུས་འཕྲིན་ལས་སྒོ་རབ་ཏུ་ཡངས་པ་ལེགས་བསྐྱངས་མཛད་པའི་དུས་སྐབས་སུ་དབུས་གཙང་གི་རང་རེའི་ཆོས་སྡེ་ཇོ་ནང་རི་ཁྲོད་དུ་གདན་ས་སྐྱོང་མཁན་འཇམ་དབྱངས་དཀོན་མཆོག་བཟང་པོ་ཡིན་ལ། འདི་དག་དང་དུས་མཚུངས་ས་སྐྱའི་སྔགས་འཆང་ངག་དབང་གྲགས་པ་རྒྱལ་མཚན། རྗེ་ཙོང་ཁ་བའི་དངོས་སློབ་མཁས་གྲུབ་དགེ་ལེགས་དཔལ་བཟང་ཡབ་སྲས། དགེ་འདུན་གྲུབ་སོགས་དང་བོད་ལྗོངས་འཛམ་གླིང་སྒར་བ་རྒྱལ་དབང་ཀརྨ་ཞྭ་ནག་པ་ན་རིམ་དྲུག་པ་མཐོང་བ་དོན་ལྡན་དང༌། བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་དང༌། ཞྭ་དམར་གསུམ་པ་ཆོས་དཔལ་ཡེ་ཤེས་སོགས་དང༌། གནམ་བསྐོས་རྒྱལ་པོ་ཏཱ་མིང་ཡུང་ལོ་དང༌། བོད་ཀྱི་དབང་འཛིན་ཕག་གྲུའི་བརྒྱུད་པ་ཧྭ་ཝང་གྲགས་པ་རྒྱལ་མཚན་སོགས་དང་དུས་མཚུངས་ཙམ་དུ་མངོན། བར་སྐབས་ཤིག་ལ་ཉིད་ཀྱི་སློབ་བུ་མཁན་དཀོན་མཆོག་རྒྱལ་མཚན། ཆོས་རྗེ་རྒྱལ་བ་བཟང༌། ཨ་རྒེ་ཉི་མ་འོད་ཟེར། ཆོས་རྗེ་གཞོན་ནུ་རྒྱལ་མཚན་སོགས་འགངས་ཆེན་རྣམས་བསྡུས་ཏེ། ཁོང་གིས་སློབ་ཚོགས་རྣམས་ལ་ང་ཡི་རྒྱལ་ཚབ་དང་དགོན་བདག་གང་གིས་བྱེད་ཅེས་ལེགས་པར་གཟིགས་ཏེ། ཆོས་རྗེ་རྒྱལ་བ་བཟང་ཁྱོད་སྐྱེ་བ་བཅུ་གསུམ་ལ་དགོན་འདིའི་བདག་པོར་འོང་དགོས་ཞེས་ཉིད་ཀྱི་རྒྱལ་ཚབ་མཆོག་ལ་མངའ་གསོལ། དེ་འདྲའི་བསྟན་འགྲོའི་དོན་ཆེན་མཛད་པའི་མཐར་ལྗོངས་འདིར་རེ་ཞིག་གདུལ་བྱ་རྫོགས་པའི་དབང་གིས་དགུང་གྲངས་གྱ་དྲུག་ཏུ་སོན་སྐབས་མ་དག་ཐ་མལ་གྱི་སྣང་བ་དབྱིངས་སུ་ནུབ་སྟེ། དག་སྣང་སྒྱུ་མའི་རོལ་བ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་སོགས་ཞི་ཁྲོའི་ལྷ་ཚོགས་རབ་འབྱམས་ཀྱི་སྣང་བ་གསུང་གི་གདམས་ངག་རྗེས་བསྟན་གྱི་མཛད་པ་ངོ་མཚར་བའི་གཟིགས་མོས་དུས་འདའ་བ་རེ་ཞིག་བར་བྱུང་ནས་མཉམ་རྗེས་ཆ་མི་ཕྱེད་པའི་འོད་གསལ་ནམ་མཁའི་རྣལ་འབྱོར་ཉག་གཅིག་ངང་ནས། ཕྱི་ལོ་༡༤༣༥ཤིང་མོ་ཡོས་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་ཤིང་མཁའ་དབྱིངས་ནས་རོལ་མོ་སྣ་ཚོགས་པའི་སྒྲ་དབྱངས་རང་གྲག་བྱུང་བ་སོགས་ངོ་མཚར་བའི་ལྟས་དང་བཅས་ཞག་འགའ་ཞིག་འོད་གསལ་ངང་ལ་བཞུགས་མཐར་དཀར་ཆ་སྟེང་དང་དམར་ཆ་འོག་ནས་བྱུང་སྟེ་ཐུགས་དམ་ལས་བཞེངས་ཚེ། མཁའ་ལ་འཇའ་འོད་ཀྱི་རྣམ་པའི་གུར་གདུགས་རྒྱལ་མཚན་བ་དན་སོགས་མཆོད་རྫས་ངོ་མཚར་བའི་བཀོད་པ་མཐའ་ཀླས་པ་དང་མེ་ཏོག་གི་ཆར་བ་བསྙོན་དུ་མེད་པ་བབ་ཅིང༌། སྐུ་གདུང་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་བརྒྱན་ཏེ་ཞག་གྲངས་དུ་མའི་བར་དུ་འདུས་སྡེ་མང་པོས་མཆོད་པའི་བཀོད་པ་མཐའ་ཡས་པ་བྱས་མཐར་སྐུ་གདུང་ལེགས་པར་བཞུ་བའི་ཚེ་དུ་བ་སྔོ་ལྗང་ཤར་ཕྱོགས་མངོན་དགའི་ཞིང་ཕྱོགས་ཀྱི་མཁའ་ལ་བསྐྱོད་དེ་འཇའ་ཟེར་སྣ་ཚོགས་དང་མེ་ཏོག་གི་ཆར་སོགས་རྟགས་ཁྱད་པར་བ་སྐྱེ་དགུ་ཡོངས་ཀྱི་མཐུན་སྣང་དུ་གྱུར། གདུང་རུས་དག་ལས་སྐུ་རྟེན་གཙུག་ཏོར་དུ་རྡོར་འཆང༌། དཔྲལ་བར་དུས་འཁོར་ཡབ་ཡུམ། རྣ་ལྟག་གཡས་སུ་འཇིགས་མཛད་ཕྱག་མང༌། ལྟག་པར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང༌། རྣ་ལྟག་གཡོན་པར་མི་གཡོ་བ། སྤྱི་བོར་གུར་མགོན། རྗེ་ངར་དག་ལ་མཆོད་ལྷ་བཞི་རྣམས་བྱོན། གསུང་རྟེན་དབྱངས་གསལ་གྱི་ཡི་གེ་དོད་པའི་རུས་བུ་དུ་མ་དང༌། ཐུགས་རྟེན་དུང་དཀར་གྱི་རྣམ་པའི་རིང་བསྲེལ་སོགས་རིང་བསྲེལ་རིལ་མ་འོད་འཚེར་བ་ཆེས་ཁྱད་དུ་འཕགས་པ་མང་པོ་བྱོན་པ་སོགས་རང་རེའི་དམ་པ་གོང་མ་རྗེ་ཇོ་ནང་པ་ཡབ་སྲས་ཀྱིས་དག་ཞིང་གཟིགས་ཚུལ་དང་ཀུན་ནས་མཉམ་པའི་ངོ་མཚར་རྣམ་འཕྲུལ་དཔེ་བྲལ་གྱི་མཛད་པ་ཉེ་བར་བསྟན་ནས་གདུང་རྟེན་སོགས་ལེགས་པར་གྲུབ་པར་བྱས་སོ། ། དེ་དག་ནི་ཐ་མར་མཛད་པའི་ཚུལ་གྱི་སྐབས་ཏེ་ལྔ་པའོ། ། མདོ་ཁམས་ཛམ་ཐང་དགོན་འདི་ཆགས་འདེབས་ཀྱི་དབུ་བརྙེས་ཙམ་ན་ཁམས་ཕྱོགས་ཀྱི་དགོན་སྡེ་གྲགས་ཅན་མང་པོ་ལས་སྔ་ཤོས་ཡིན་ཏེ། ཁམས་སྡེ་དགེ་དཔལ་ཡུལ་རྣམ་རྒྱལ་གླིང་སོགས་གྲགས་ཅན་འགའ་ལོ་མང་པོ་སོང་རྗེས་ཆགས་འདེབས་བྱས་པ་ཡིན་ཞིང་བྱང་ཕྱོགས་དགེ་ལུགས་པའི་དགོན་པ་བླ་བྲང་བཀྲ་ཤིས་འཁྱིལ་སོགས་དང༌། ལྷོ་ཁའི་སྔགས་རྙིང་ཕྱོགས་ཀྱི་དགོན་པ་བསེར་ལྷ་རྩེ་དགོན། རྩང་མདའ། འཇང་སྒང༌། ཤུག་སྒང་དགོན་སོགས་ཀྱང་དུས་ཕྱིས་སུ་བཏབ་པ་ཁོ་ནའོ། །
ཆོས་རྗེ་སྐུ་ཕྲེང་དང་པོ་རྒྱལ་བ་བཟང་པོ།
གཉིས་པ་རྒྱལ་བ་སེངྒེའམ་དཔལ་འབྱོར་བཟང་པོ།
གསུམ་པ་བོན་རེ་ཤིང་བའམ་ཀུན་དགའ་ཐུབ་བསྟན་སེངྒེ།
བཞི་བ་ལྷོ་ཁ་པ་གྲགས་པ་འོད་ཟེར།
ལྔ་པ་གོ་རྒྱལ་བ་ལྷུན་གྲུབ་གྲགས་པ།
དྲུག་པ་ངེས་དོན་བསྟན་པ་དར་རྒྱས།
བདུན་པ་འཇིགས་མེད་དཔལ་གྱི་སེངྒེ།
བརྒྱད་པ་མི་ཕམ་ཆོས་ཀྱི་བྱམས་པ།
དགུ་པ་འཇིགས་མེད་དབང་པོའམ་བསྟན་པའི་ཉི་མ།
བཅུ་པ་ད་ལྟ་སྐུ་དངོས་སུ་བཞུགས་པ་ཀརྨ་བདུད་འདུལ་རྡོ་རྗེ་སོགས་དང་། གཞན་ཡང་དྲུང་བའི་སྐུ་ཕྲེང་རིམ་བྱོན་དང་། སྦྱངས་པ་བླ་མའི་སྐུ་ཕྲེང་རིམ་བྱོན།དབོན་རབས་རིམ་བྱོན་དང་། གདན་རབས། མཁན་རབས་སོགས་ཀྱིས་ད་ལྟ་སྐྱོང་བཞིན་ཡོད་དོ། །
ཡོང་ཁུངས། ཛཾ་ཐང་ཆོས་རྗེ་དགོན་ཆེན་བསམ་འགྲུབ་ནོར་བུའི་གླིང།