སྔོན་ཆད་སློབ་གསོ་པུའུ་ཀྲང་ཞིག་གིས་འདི་སྐད་གསུངས་མྱོང་སྟེ། “ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་སློབ་གསོའི་བསམ་བློ་བཅངས་ཏེ་བྱིས་པར་ལུགས་མཐུན་གྱི་སྔོན་དཔག་བྱ་དགོས།” གོ་བདེ་བར་བཤད་ན་འདི་ལྟ་སྟེ།
བྱིས་པར་བསྒྲུབ་ཏུ་འཇུག་རྒྱུ་དེ་ཐོག་མར་ཁྱིམ་བདག་རང་ཉིད་ཀྱིས་སྒྲུབ་ཐུབ་དགོས། བྱིས་པར་བསྒྲུབ་ཏུ་མི་འཇུག་རྒྱུ་དེ་ཐོག་མར་ཁྱིམ་བདག་རང་ཉིད་ཀྱིས་སྒྲུབ་མི་རུང་།
ཁྱིམ་བདག་རང་ཉིད་ཀྱིས་སྒྲུབ་མི་ཐུབ་པ་དེ་བྱིས་པར་ནན་སྐུལ་བྱེད་མི་རུང་། བྱིས་པས་བསྒྲུབ་འདོད་པ་དེར་ཁྱིམ་བདག་གིས་རྣམ་དཔྱོད་ལྡན་པའི་སྒོ་ནས་སྣེ་ཁྲིད་བྱས་ཏེ་བསྒྲུབ་ཏུ་འཇུག་དགོས།
ཕ་མ་ནི་བྱིས་པ་འཚར་ལོངས་ཁྲོད་ཀྱི་ལམ་སྟོན་པ་ལྟ་བུ་ཡིན་པས་ངག་གི་སྐད་ཆ་དང་ལུས་ཀྱི་བྱ་སྤྱོད་ཚང་མ་བྱིས་པའི་གཤིས་རྒྱུད་དང་འཚར་ལོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།
ཕ་མ་ཐམས་ཅད་བུ་ཕྲུག་ལ་དགའ་ཞིང་བརྩེ། འོན་ཀྱང་བུ་ཕྲུག་ལ་རེ་བ་ཆེན་པོ་འཆང་མཁན་གྱི་ཕ་མ་ཚོས་རང་ཉིད་གྲི་ཐོགས་བཤན་པ་ཞིག་ཏུ་བསྒྱུར་ཡང་སྲིད།
གཤམ་གྱི་“གྲི”འདི་དག་ལ་གཟིགས་དང་། ཁྱེད་ཀྱིས་“གྲི”གང་ཞིག་སྤྱད་མྱོང་།
“གྲི”དང་པོ།
གཅེས་ལང་དུ་གཏོང་བ། བྱིས་པའི་རང་ཚུགས་ཀྱི་ནུས་པ་བརླག་པར་འགྱུར།
གཅེས་ལང་ངན་པ་སྐྱོན་ཞེས་པ་ནང་བཞིན། ཕ་མས་བྱིས་པར་བརྩེ་བ་ཇི་ལྟར་ཐལ་དྲགས་ན། བྱིས་པ་དེ་ནར་སོན་རྗེས་དེ་ལྟར་ནུས་མེད་དུ་འགྱུར་འགྲོ།
བྱམས་བརྩེའི་ཐད་ཕ་མ་ནི་རྟག་པར་མཐའ་གཉིས་སུ་ལྷུང་འགྲོ་སྟེ། ཡང་མིན་ན་བརྩེ་བ་དབེན་པར་གྱུར་ཏེ་བྱིས་པས་བྱམས་བརྩེ་ཚོར་དཀའ་ལ། ཡང་མིན་ན་བརྩེ་བ་ཐལ་དྲགས་ཏེ་བྱིས་པ་བརླགས་པར་འགྱུར་ངེས།
ང་ཚོ་བྱིས་པའི་འཚར་ལོངས་ཁྲོད་ཞུགས་ཆོག་མོད་འོན་ཀྱང་ཚབ་བྱེད་མི་རུང་།
དངོས་གནས་“གཅེས”འདོད་ན་སྔོན་ལ“གློད”ཤེས་དགོས། ཁྱོད་ཀྱིས་བྱིས་པའི་ཚབ་བྱས་ཏེ་བཀག་པའི་ཉེན་ཁ་དེ་ནམ་ཞིག་འཚོ་བའི་ཁྲོད་ཇི་མ་ཇི་བཞིན་དུ་ཕྱིར་ལྡོག་ངེས། ཁྱོད་ཀྱིས་བྱིས་པའི་ཚབ་བྱས་ཏེ་སོང་བའི་ལམ་བུ་དེར་ནམ་ཞིག་ངུད་མོ་བྱེད་བཞིན་བྱིས་པ་རང་ཉིད་ཡང་བསྐྱར་ཐེངས་གཅིག་བགྲོད་དགོས།
“གྲི”གཉིས་པ།
བཟའ་འཁོན་བྱེད་པ། བྱིས་པའི་བདེ་འཇགས་ཚོར་སེམས་བརླག་པར་འགྱུར།
སེམས་ཁམས་རིག་པའི་ཞིག་འཇུག་ལྟར་ན། རྟག་ཏུ་བཟའ་འཁོན་བྱེད་པའི་ཁྱིམ་ཚང་དུ་བྱིས་པར་སེམས་ཁམས་གནད་དོན་འབྱུང་ཚད32%དང་། བཟའ་འཐོར་བྱས་པའི་ཁྱིམ་ཚང་དུ30% འཆམ་མཐུན་གྱི་ཁྱིམ་ཚང་དུ 19%ཡིན་པ་རེད།
ཕ་མས་ཕན་ཚུན་ལ་དམའ་འབེབས་དང་འཁོན་འཛིང་། ལག་འགུལ་བ་སོགས་བྱས་ཚེ། བྱིས་པར་སྐྲག་སྣང་སྟེར་བ་མ་ཟད་རང་དམན་གྱི་འདུ་ཤེས་ཆགས་པའམ་ཚོར་བ་སྐྱེན་པོར་གྱུར་ཏེ། བྱིས་པ་གང་དེ་སྤྲོ་ཐུང་བ། ཁྲོས་སླ་བ། དྲག་སྤྱོད་ལ་ཕྱོགས་པ་ཞིག་ཏུ་འགྱུར་ཞིང་། རང་ཁྱིམ་ལ་བློ་ཕམ་སྐྱེས་ཏེ་ཕྱིས་ཀྱི་གྲོགས་པོ་སྒྲིག་སྟངས་དང་བཟའ་ཟླ་འཚོལ་སྟངས་ལའང་ཤུགས་རྐྱེན་ཐེབས་ངེས།
ཕ་མ་ནི་བྱིས་པའི་དགེ་རྒན་ཐོག་མ་དེ་ཡིན་ལ། བྱིས་པའི་སློབ་སྦྱོང་བྱེད་ས་དང་མིག་དཔེར་འཛིན་ས་གཙོ་བོ་དེའང་ཡིན།
བྱིས་པའི་མདུན་སར་བཟའ་ཟླར་དམའ་འབེབས་མི་བྱེད་པ་ནི་ཕ་མ་ཞིག་གི་ངོས་ནས་བཤད་ན་བློ་སྦྱོང་ཞིག་ཡིན།
“གྲི”གསུམ་པ།
གཤིབ་སྡུར་བྱེད་པ། བྱིས་པ་སོ་སོ་རང་ཉིད་ལ་ཡིད་ཆེས་མེད་པར་འགྱུར་འགྲོ།
བྱིས་པ་གང་དེ་རང་དགར་མི་གཞན་དང་གཤིབ་སྡུར་བྱེད་པ་ནི་ཆེས་ཐ་ཤལ་གྱི་སློབ་གསོ་གཏོང་སྟངས་ཤིག་རེད།
ཕ་མ་མང་ཆེ་བས་རྟག་པར་ལྡབ་མང་ཆེ་ཤེལ་གྱིས་གཞན་གྱི་བྱིས་པའི་ལེགས་ཆར་ལྟ་ཞིང་། ཕྲ་མཐོང་ཆེ་ཤེལ་གྱིས་རང་གི་བྱིས་པའི་སྐྱོན་ཆར་ལྟ་བ་ལས་དེའི་ལེགས་ཆ་མཐོང་དཀའ།
ཕ་མར་བསྡུར་དགའ་ཇི་ལྟར་ཆེ་ན། བྱིས་པའི་རང་དམན་གྱི་འདུ་ཤེས་དེ་ལྟར་དྲག་ཅིང་། འཚར་ལོངས་ལ་སྟོབས་ཤུགས་དེ་ལྟར་དབེན།
དེ་ལས་ལྡོག་སྟེ་ཕ་མས་ཡིད་ཆེས་ཇི་ལྟར་བྱས་ན། བྱིས་པ་རང་ཉིད་ཀྱང་ཡིད་ཆེས་ཀྱིས་ཁེངས་ནས་འཚར་ལོངས་དེ་ལྟར་དུ་ཡག་པོ་འབྱུང་ངེས།
“གྲི”བཞི་པ།
ཉོག་བཤད་རྒྱག་པ། བྱིས་པར་ཕྱིན་ཅི་ལོག་གི་འདུ་ཤེས་བསྐྱེད་ངེས།
དེང་སྐབས་ཀྱི་ཁྱིམ་ཚང་སློབ་གསོའི་ཁྲོད་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་ཡོད་པ་ནི། ཁྱིམ་བདག་གིས་མཚམས་ཆད་མེད་པར་བཅོལ་གདམས་དང་གསལ་འདེབས། སྐུལ་འདེད་བྱེད་པ་བཅས་རེད།
ཕ་མས་རྟག་ཏུ་བྱིས་པར་བཤད་རྒྱུ་མང་དྲགས་ན་རང་ཉིད་ཀྱི་སྐད་ཆ་འཛེར་སྒྲར་བསྒྱུར་བ་དང་གཅིག་མཚུངས་ཡིན་ཏེ། ཡུན་རིང་འགོར་ན། བྱིས་པས་མ་གོ་ཁུལ་བྱེད་པའམ་རྣ་རྒྱབ་རླུང་བུ་ལྟར་ཁ་ཡ་མི་བྱེད་པས་ཕ་མ་འུ་ཐུག་པར་འགྱུར།
ཕ་མས་ཉོག་བཤད་མང་ཙམ་རྒྱག་པ་ལས། སྐད་ཆ་ཉུང་ཙམ་བཤད་དེ་རྣ་བས་མང་ཙམ་བླག་ཅིང་ལག་ལེན་མང་ཙམ་བསྟར་བའི་བྱེད་ཐབས་སྤྱད་དེ། བྱིས་པ་རང་ཉིད་ལ་ཚོད་ལྟ་དང་འཚོལ་ཞིབ་བྱེད་དུ་བཅུག་ན་བཟང་།
“གྲི”ལྔ་པ།
ཉེས་རྡུང་དང་གཤེ་གཤེ་གཏོང་བ། བྱིས་པའི་མི་སྒེར་གྱི་ལ་རྒྱ་བཅོམ་པར་བྱེད།
ཟླ9པར་ཝུའུ་ཧན་ཅང་ཞ་སློབ་འབྲིང་དང་པོའི་ལོ་14ཅན་གྱི་སློབ་མ་ཞིག་ཐོག་ཁང་ནས་མཆོངས་པའི་དོན་རྐྱེན་དེ་དྲན་ནམ།
ལོ་14སོན་པའི་སློབ་མ་དེས་སློབ་ཁང་དུ་ཏ་སེ་བརྩེས་པས་དགེ་རྒན་གྱིས་ཁྱིམ་བདག་བོས་པ་རེད།
བུ་ཆུང་དེའི་ཨ་མ་ཁྲོས་ནས་ཡོང་སྟེ་བར་ཁྱམས་སུ་འགྲེང་བའི་བུ་ཆུང་མཐོང་མ་ཐག་བསྟུད་མར་འགྲམ་ལྕག་གཉིས་གཞུས་སོང་།
ཨ་མ་སོང་རྗེས་ཁོ་རང་སྐར་མ་གཉིས་ཀྱི་ཡུན་ལ་འགྲེང་རྗེས་གློ་བུར་དུ་ལན་ཀན་སྟེང་འགོས་ཏེ་མར་མཆོངས་སོང་།
མྱུར་སྐྱོབ་བྱས་ཀྱང་རྨས་སྐྱོན་ལྕི་དྲགས་པས་བུ་ཆུང་དེ་དུས་གཏན་དུ་འཇིག་རྟེན་འདི་དང་ཁ་གྱེས།
སྐད་ཅིག་མའི་ཁོང་ཁྲོ་གནོན་མ་ཐུབ་པའམ་བྱིས་པར་སློབ་གསོ་ཞིག་གཏོང་འདོད་པ་གང་ཡིན་ཡང་། མཇུག་འབྲས་ནི་བྱིས་པ་ཕྱི་མའི་ལམ་དུ་བསྐྱལ་བ་དེ་རེད།
ཡུན་རིང་པོར་ཕ་མའི་སྡིག་མོ་དང་གཅར་རྡུང་ཁུར་བའི་བྱིས་པར་མཚོན་ན། ཁོ་ཚོའི་སེམས་ཁམས་ལ་དགའ་སྣང་དང་བདེ་ཐང་ཡོང་དཀའ།
གཅིག་བྱས་ན། ཆུང་དུས་བྱིས་པར་རྡུང་བ་དེས་གནས་སྐབས་སུ་རྔོ་ཐོགས་མོད། འོན་ཀྱང་བྱིས་པ་ནར་སོན་རྗེས། ཁོ་ལ་རང་དམན་དང་བག་འཁུམ། ཐ་ན་འཁོན་སེམས་དང་དགྲར་འཛིན་གྱི་འདུ་ཤེས་ཆགས་སླའོ། །
ཡོང་ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན།