maxresdefault-1

གཞིས་བྱེས་ཇོ་ནང་བརྟན་བཞུགས་སྐབས་སྩལ་པའི་བཀའ་སློབ།

ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས ༢༧ ཉིན་བོད་གཞིས་བྱེས་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་ཐུན་མོང་དང་། དྷ་སའི་ས་གནས་འཐུས་ཚོགས། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་བཅས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སེར་སྐྱ་མི་མང་ཡོངས་ནས། དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཇོ་ནང་བསྟན་པའི་མངའ་བདག་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པ་ཆེན་པོ་མཆོག་དབུ་བཞུགས་ཀྱིས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་བླ་མ་མཆོད་པའི་ཆོ་ག་དགེ་ལེགས་རབ་རྒྱས་ཀྱི་སྒོ་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུས་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་བཀའ་སྩལ་དོན། “དེ་རིང་འདིར་བོད་གཞིས་བྱེས་ཇོ་ནང་གི་བསྟན་བརྒྱུད་འཛིན་མཁན་རྣམས་དང་། བཙན་བྱོལ་གྱི་སྒྲིག་འཛུགས་མི་སྣ་བཅས་ཁྱེད་རང་ཚོ་ཐུན་མོང་ནས་བརྟན་བཞུགས་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་ནམ་རྒྱུན་ཤོད་བཞིན་པ་ལྟར། སངས་རྒྱས་ཀྱི་བསྟན་པ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། མདོར་ན། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཡོད་པ། དེ་ཡང་རིགས་པའི་ལམ་ནས་གཏན་ལ་ཕབ་པའི་ཡོངས་སུ་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་དེ་བོད་ཡུལ་གངས་ཅན་གྱི་ལྗོངས་སུ་དར་བའི་རྗེས་ལ། བོད་རང་ཉིད་ཀྱི་མཁས་གྲུབ་ཀྱི་སྐྱེས་བུ་མང་པོ་ཞིག་གིས་བསྟན་པར་བྱ་བ་རླབས་པོ་ཆེ་མཛད་ཡོད་པ་རེད། དེ་བཞིན་བསྟན་པ་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་མཁན་སྐྱེས་བུ་དམ་པ་མང་པོ་ཞིག་གིས། དུས་ནས་དུས་སུ་བསྟན་པ་དང་འགྲོ་བའི་གཞན་དོན་རྒྱ་ཆེར་སྤེལ་བའི་ཐོག་ནས་ས་དགེ་བཀའ་རྙིང་ཇོ་ནང་ལ་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལ་སོགས་པ་བྱུང་ཡོད་པ་རེད། དེའི་ནང་ནས་ཀུན་མཁྱེན་ཇོ་ནང་གི་བསྟན་བརྒྱུད་འཛིན་མཁན་ཁྱེད་རང་ཚོས་དེ་རིང་བརྟན་བཞུགས་གནང་པར་ཧ་ཅང་དགའ་པོ་བྱུང༌། བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཚོས་རང་རང་གི་ཉམས་མྱོང་དང༌། དེ་བཞིན་རྣམ་དཔྱོད་ཀྱི་རྩལ་ལས་ཕྲན་བུ་ཕྲན་བུ་གསུང་སྟངས་མི་འདྲ་བ་དང༌། གཞུང་གི་གོ་བ་ལེན་སྟངས་མི་འདྲ་བ་མི་འདྲ་བ་ཡོང་གི་ཡོད་པ་རེད། རྒྱ་གར་མཁས་པའི་གཞུང་ལའང་ཡོང་གི་ཡོད་པ་རེད། མདོ་དོན་སྙིང་པོ་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་གོང་དུ་ཞུས་པ་ལྟར། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཚང་མ་དངོས་གནས་རང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གཅིག་གྱུར་ཡིན་པ་གསལ་པོ་རེད། ཉམས་ལེན་གྱི་སྙིང་པོ་སྒྲིལ་ན། ཚོགས་འགོའི་ནང་གི་ཚིག་འདི་སྔོན་མ་འདིར་བརྟན་བཞུགས་ཤིག་གནང་བ་རེད། དེ་དུས་ཚིག་འདི་ངོས་ཀྱི་བློར་ཧ་ཅང་ཟུག་པོ་བྱུང༌། ངོས་ཀྱིས་ཚིག་འདི་བཤུས་ཏེ་མཚམས་མཚམས་ལ་ཀློག་གི་ཡོད། “སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །” (རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཡིན། ཡིག་ཕབ་པའི་མཆན།)ཞེས་གསུངས་ཡོད་པ་འདི་མདོར་ན་ས་དགེ་བཀའ་རྙིང་ཡོངས་རྫོགས་ཀྱི་ཉམས་ལེན་མཐིལ་འདིའི་སྒང་ལ་འབབ་ཀྱི་ཡོད། ཚང་མ་གཅིག་པ་རེད། ཚིག་གི་བདར་ཤ་གཅོད་སྐབས་རང་སྟོང་དང་གཞན་སྟོང་ཞེས་འདྲ་མི་འདྲ་ཡོད། ཀུན་རྫོབ་རང་སྟོང༌། དོན་དམ་གཞན་སྟོང༌། གཞན་དབང་དང་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་བདེན་གྲུབ་ཟེར་བ་སོགས་འདྲ་མི་འདྲ་མང་པོ་བཤད་ཀི་ཡོད་པ་རེད། སྙིང་པོ་དེ་སེམས་འདུལ་ཐབས་ལ་གཅིག་གྱུར་འགྲོ་དགོས་རྒྱུ་ཞིག་དང༌། ལྟ་བ་དེ་དག་སྒོམ་པའི་འབྲས་བུར་ཕྱིའི་སྣོད་ཀྱི་བཀོད་པ་འདི་ཐམས་ཅད་སྒྱུ་མའི་རང་སྣང་རྗེན་ནེ་ནེ་ཞེས་བདེན་སྟོང་སྒྱུ་མ་ལྟ་བུ་མཐོང་རྒྱུ་ཞིག ཡུལ་ཅན་ཤེས་པའི་ངོས་ནས་བཤད་ཀྱང༌། གཏད་མེད་རིག་པ་གསལ་ལ་ལ། །ཞེས་པ་གསལ་རིག་གི་རང་བཞིན་དེ་འགག་ཏུ་མེད་པ་རེད། འོན་ཀྱང་གཏད་པ་མེད་པ་ཞིག་ཆགས་ཀྱི་ཡོད། གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །ཞེས་བརྗོད་སྐབས་ཕྱི་གཟུང་བ་ཡིན་ནའང་རེད། ནང་འཛིན་པ་ཡིན་ནའང་རེད། གང་ལ་ཡིན་ཀྱང་དམིགས་གཏད་བཤིག་སྟེ་གཏད་བཟོ་མི་བདེ་བ་རེད། བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །ཞེས་དེ་འདྲའི་བསམ་བློ་འཁོར་བ་ཡིན་ན། དུས་ད་ལྟའི་བར་དུ་ཉོན་མོངས་དུག་གསུམ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་རྐྱེན་པས་སེམས་ཉིད་དུབ་བསྡད་ཡོད་པ་དེ་ཞི་ཞིང་བྲལ་བ་ཞིག་ཡོང་གི་རེད། སྤྲོས་པ་མཐའ་དག་ཉེ་བར་ཞི་བ་ཞིག་བྱུང་བ་ཡིན་ན། བདེ་བ་ཆེན་པོ་ཁྲིལ་ལི་ལི་ཞེས་གསུངས་པ་འདི་རེད་འདུག དེར་བརྟེན་ཤོ་ལོ་ཀ་གཅིག་པུ་འདིར་ཡང་ཡང་བསམ་བློ་བཏང་བ་ཡིན་ན། དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་དངོས་གནས་ཤེས་པ་འདུལ་ཞེས་རང་སེམས་གདུལ་རྒྱུའི་ཐབས་ཤེས་ཤིག་ཡིན། རང་སེམས་གདུལ་རྒྱུ་ཟེར་བ་དེར་སྨོན་ལམ་བརྒྱབ་ནས་རང་སེམས་དུལ་བར་ཤོག་ཅེས་བརྗོད་ནས་ཡོང་གི་མེད། ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་རྩལ་ལས་སེམས་མ་དུལ་བ་བྱེད་མཁན་གྱི་བློ་དེ་དག་རྫུན་ཕུགས་བརྟོལ་ཏེ་གནས་ལུགས་རྗེན་པ་མཐོང་བའི་ཐོག་ནས་དེའི་ཉམས་མྱོང་མངོན་དུ་གྱུར་བ་ཡིན་ན་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་ཞེས་པ་འཐོབ་རྒྱུ་ཞིག་ཡོད། དེར་བརྟེན་དེ་རིང་འདིར་ཀུན་མཁྱེན་ཇོ་ནང་གི་ཆོས་བརྒྱུད་འཛིན་མཁན་ཁྱེད་རང་ཚོས་བརྟན་བཞུགས་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་ལྟ་བའི་ཆ་ནས་ཇོ་ནང་གི་ལྟ་བ་ཞེས་བོད་ཀྱི་སྔོན་གྱི་མཁས་པ་མང་པོ་ཞིག་གིས་སྐབས་རེར་དགག་གཞག་རིམ་པ་མང་པོ་གནང་ཡོད་པ་རེད། དུས་ཕྱིས་ཀྱི་མཁན་པོ་གཞན་དགའ་ཆ་བཞག་ནའང་དེར་དགག་གཞག་གནང་བཞིན་ཡོད་པ་རེད། འདིར་ཆོ་གའི་ནང་ཡོད་པ་བཞིན་རེད། ཡུ་མོ་མི་བསྐྱོད་རྡོ་རྗེ་ནས་བཟུང་སྟེ་ཀུན་མཁྱེན་དོལ་བུ་བ་ཡབ་སྲས་དེ་དག་གིས་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་བཞེས་དེ་གཙོ་བོ་གནང་བཞིན་ཡོད་པ་རེད། དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་བཞེས་སྐོར་ལ་ཆ་བཞག་ན་ས་དགེ་བཀའ་རྙིང་ཚང་མས་དུས་ཀྱི་འཁོར་ལོར་བསྔགས་བརྗོད་ཆེན་པོ་གནང་གི་ཡོད། ཡིན་ནའང་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ལ་ཆེད་དུ་རྩལ་འདོན་བྱེད་མཁན་དེ་ཇོ་ནང་རེད་འདུག དགེ་ལུགས་ལ་ཆ་བཞག་ན་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད་ཀྱང་གསང་བདེ་འཇིགས་གསུམ་གཙོ་བོ་རེད། བཀའ་བརྒྱུད་པས་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད་པ་རེད། འོན་ཀྱང་བདེ་མཆོག་ཕག་མོ་སོགས་གཙོ་བོ་ཆགས་ཀྱི་ཡོད་པ་རེད། ས་སྐྱ་པར་ཆ་བཞག་ན་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད་པ་རེད། ཡིན་ནའང་ཀྱེ་རྡོར་གཙོ་བོ་རེད། སྔ་འགྱུར་རྙིང་མར་ཆ་བཞག་ན་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད་པ་རེད། ཡིན་ཀྱང་དུས་ཀྱི་འཁོར་ལོའི་སྟོང་གཟུགས་ཀྱི་སྣང་བ་དེ་དང་ཐོད་བརྒལ་གྱི་སྣང་བ་དེ་ཚོའི་གྲས་ཞིབ་ཚགས་པོའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་མི་འདྲ་བའི་ཁྱད་པར་སྐབས་རེར་ཡོད་པ་དང༌། སྤྱི་ཡོངས་ཀྱི་ཆ་ནས་འདྲ་བོ་འདྲ་བོ་ཡོད་པ་ཞིག་རེད་འདུག གང་ལྟར་སྔ་འགྱུར་གྱི་ཐོག་ནས་ཆ་བཞག་ནའང་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད། ཕལ་ཆེར་ཀུན་མཁྱེན་འཇིགས་མེད་གླིང་པས་ཡོན་ཏན་མཛོད་ཀྱི་རང་འགྲེལ་ནང་ས་ལམ་གྱི་རྟོགས་པ་འགྲོ་སྟངས་འདི་དག་དུས་ཀྱི་འཁོར་ལོའི་རྩ་འདབ་སོ་སོ་ནས་བྱང་སེམས་དཀར་དམར་བསྡུས་ནས་རྩ་འཁོར་རེ་རེའི་སྟེང་མི་འགྱུར་བའི་བདེ་བ་སྐྱེས་ཡོང་དུས་ས་ལམ་བགྲོད་རྒྱུ་ཞིག་གསུང་གི་འདུག ཀུན་མཁྱེན་འཇིགས་མེད་གླིང་པར་ཆ་བཞག་ནའང་གལ་ཆེན་པོ་རྩི་བཞིན་ཡོད། འོན་ཀྱང་རང་ལུགས་རང་གི་གཙོ་བོ་དེ་མ་ཧཱ་ཨ་ནུ་ཨ་ཏི་ཞེས་མ་ཧཱ་ཡོ་གའི་ནང་ནས་སྒྲུབ་པ་བཀའ་བརྒྱད་ཀྱིས་གཙོས་དེ་དག་གཙོ་བོ་གནང་བཞིན་ཡོད། སྒོས་སུ་དཔལ་དུས་ཀྱི་འཁོར་ལོའི་ཆོས་འཁོར་ནང་ནས་སྦྱོར་དྲུག་གི་ཉམས་ལེན་བདག་པོ་རྒྱག་མཁན་ཇོ་ནང་པ་རེད་འདུག སྔོན་མ་ཇོ་ནང་གི་མཁན་པོ་ཀུན་དགའ་ཤེས་རབ་དྷ་སར་ཕེབས་སྐབས། ཕན་བདེ་ལེགས་བཤད་གླིང་ལ་དུས་འཁོར་གྱི་ཆོ་ག་ཧ་ལས་པའི་ཡག་པོ་ཡོད། གཙོ་བོ་བུ་ལུགས་གཞིར་བཞག་རེད། དེའི་སྟེང་སྦྱོར་དྲུག་གི་ཁྲིད་དེ་དག་བྱུང་ན་ཡག་པོ་འདུག་བསམས་ཏེ་ཇོ་ནང་མཁན་པོ་ཀུན་དགའ་ཤེས་རབ་འདིར་ཕེབས་སྐབས་གྲྭ་ཚང་ནས་སྦྱོར་དྲུག་གི་ཁྲིད་ཞུས་ཡོད། ད་ལྟ་སིམ་ལར་ཇོ་ནང་གི་གདན་ས་ཆུང་ཆུང་ཞིག་ཡོད་པ་དེའི་ནང་མུན་མཚམས་བསྡམས་པའི་མཚོན་དུས་འཁོར་སྦྱོར་དྲུག་ལག་ལེན་བྱེད་བཞིན་ཡོད། དེ་དག་གི་མཐུན་རྐྱེན་ངོས་ཀྱིས་ཕྲན་བུ་འབུལ་བཞིན་ཡོད། གང་ལྟར་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་ཉམས་ལེན་བྱ་རྒྱུའི་བསྟན་པ་རྐང་འཛིན་མཁན་དེ་ཀུན་མཁྱེན་ཇོ་ནང་གི་ཆོས་བརྒྱུད་འཛིན་མཁན་ཚོ་ཆགས་འདུག དེར་བརྟེན་ཁྱེད་རང་ཚོས་ད་ལྟ་བར་དུ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཧུར་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན།
དེ་ནས་གཞན་སྟོང་གཅིག་པུར་ཨུ་ཚུགས་བརྒྱབས་ནས་མ་བསྡད་པར་རང་སྟོང་གི་གོ་བ་དེ་ཡང་ཅི་འདྲ་ཞིག་འདུག་བལྟ་དགོས། ཤེས་སོང་ངམ༌། རྗེ་རིན་པོ་ཆེས་ལེགས་བཤད་སྙིང་པོའི་ནང་སྐབས་རེར་གཞན་སྟོང་ལ་དགག་པ་ཏོག་ཙམ་འདུག དེ་ཆགས་སྡང་གི་དགག་པར་བརྩི་རྒྱུ་ཡོད་པ་མ་རེད། རྗེ་རིན་པོ་ཆེས་གོལ་ས་ཡོང་རྒྱུའི་ཉེན་ཁ་དེ་དག་སེལ་གནང་གི་ཡོད་པ་རེད། ཤེས་སོང་ངམ༌། དཔེར་ན། ཟླ་བ་གྲགས་པས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྩ་བ་ཤེས་རབ་ཀྱི་འགྲེལ་བ་ཤེས་རབ་སྒྲོན་མེའི་ནང་གསུངས་ཡོད་པའི་རིགས་འགའ་ཤས་ཕྲན་བུ་མ་བདེ་བ་ཡོད་པ་དེ་ཚོ་དོགས་པ་བསླངས་ཏེ་ཐག་གཅོད་ཀྱི་འདུག དེ་བཞིན་ན་ནིང་ངོས་རང་སིམ་ལ་ཇོ་ནང་མ་དགོན་ལ་བསླེབས་སྐབས་ཁྱེད་རང་ཚོས་རྟགས་གསལ་གཏོང་དུས་སྐད་ཆ་བྱུང༌། རྗེ་རིན་པོ་ཆེའི་ལེགས་བཤད་སྙིང་པོ་དེ་ཁྱེད་རང་ཚོས་བལྟ་དགོས་པ་ཞིག་རེད་འདུག ཕྱོགས་ཚང་མའི་གནས་ཚུལ་མཐོང་བར་བྱས། ཀུན་རྫོབ་རང་སྟོང་དང་དོན་དམ་གཞན་སྟོང་ཞེས་གསུངས་ཡོད་པའི་དགོངས་པ་དེ་གང་འདྲ་བཞེས་ཀྱི་འདུག དེ་གཙོ་བོ་སྦྱོར་དྲུག་དང་འདྲེས་ཡོང་གི་ཡོད་པ་རེད། གསང་སྔགས་བླ་མེད་དང་འདྲེས་ཡོང་གི་ཡོད་པ་རེད། དེར་བརྟེན་རྗེ་རིན་པོ་ཆེས་གསང་བ་འདུས་པའི་རིམ་ལྔའི་ནང་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་རྣམ་གཞག་གསུངས་ཡོད་པ་དེ་དང་འདྲེས་ནས། གཉུག་མའི་འོད་གསལ་གློ་བུར་བའི་ཆོས་ཀྱིས་སྟོང་པའི་སྒང་ལ་བསམ་བློ་བཏང་ན། གཞན་སྟོང་ལ་གོ་བ་བསླེབས་ཐུབ་ཀྱི་ཡོད་པ་རེད། གསང་བ་འདུས་པའི་ཆོས་སྐད་ནང་ལ་ཆ་བཞག་པ་ཡིན་ནའང༌། གཞན་སྟོང་གི་གོ་བའི་སྟེང་ནས་སྟོང་པ་དང་པོ། སྟོང་པ་གཉིས་པ། སྟོང་པ་གསུམ་པ་བྱས་ཏེ་སྟོང་པ་བཞིའི་རྣམ་གཞག་གསུངས་ཡོད་པ་དེ་དག་གོ་བ་གཞན་སྟོང་སྒང་ལ་སླེབས་ཀྱི་འདུག དེར་བརྟེན་སྔོན་གྱི་བླ་མ་ཚོས་ཐ་སྙད་གསུང་སྟངས་དེ་དགོངས་པ་གང་འདྲ་ཞིག་བཞེས་འདུག དེ་གཉིས་བསྡུར་ན་གང་འདྲ་ཞིག་གི་སྒང་ལ་སླེབས་ཀྱི་འདུག བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན། ཤེས་སོང་ངམ༌། སོ་སོའི་དཔེ་ཆ་གཅིག་པུར་བལྟས་ནས་བསྡད། དཔེ་ཆ་གཞན་དག་མ་མཐོང་ན། ང་ཚོ་བོད་པའི་དཔེ་ལ། གཡག་ཞར་བས་རྩྭ་ཟོས་ཞེས་བརྗོད་ཀྱི་ཡོད་པ་ལྟར་ཆགས་རྒྱུའི་ཉེན་ཁ་ཡོད། དཔེ་ཆ་དེ་དག་ཚང་མ་མཐོང་ཐུབ་ན། དེར་གནད་འགག་དེ་ལྟ་བུ་ཞིག་འདུག་བསམས་ཏེ་ཀུན་ལ་དད་པ་དང་གུས་པ་སྐྱེ་རྒྱུ་ཞིག་ཡོང་གི་རེད། དེ་གནད་འགག་ཆེན་པོ་ཡིན། དེ་དག་ངོས་ནས་ཞོར་ལ་ཞུས་པ་ཡིན།
འདི་ག་དྷ་རམ་ས་ལའི་མི་མང་སྤྱི་ལ་ཆ་བཞག་ན་ལོ་འདི་དག་གི་རིང་ལ་ང་ཚོ་བཞུགས་སྒར་གྱི་མི་སྣ་ཆགས་ཏེ་བསྡད་ཡོད། ཁྱེད་རང་ཚོས་དངོས་གནས་བོད་ཀྱི་སྤྱི་དོན་ལ་སེམས་ཁུར་བྱེད་ཀྱི་ཡོད། དེ་བཞིན་ང་ཚོ་ཚང་མ་དད་དམ་གཡོ་བ་མེད་པ་རེད། དེ་རིང་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། གཞན་དམིགས་བསལ་གང་ཡང་ཞུ་རྒྱུ་མི་འདུག ཅེས་བཀའ་སློབ་སྩལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།