reincarnation

ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག་སྩལ་པའི་བཀའ་སློབ།

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས ༢༣ སྟེ་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཉིན་གཉིས་པའི་ཉིན། ས་སྐྱ་བདག་ཁྲི་རིན་པོ་ཆེ། དགའ་ལྡན་ཁྲི་པ་མཆོག་ དཔལ་རྒྱལ་བ་ཀརྨ་པ་དང་། སྨན་རིའི་ཁྲི་འཛིན་མཆོག སྟག་ལུང་མ་སྤྲུལ་རིན་པོ་ཆེ། འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན། ཤར་བྱང་ཆོས་རྗེ་རྣམ་གཉིས། སྨིན་གླིང་མཁན་ཆེན་རིན་པོ་ཆེ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། གོང་དཀར་སྤྲུལ་སྐུ་རྡོ་རྗེ་གདན་པའི་སྐུ་ཚབ་མཁན་པོ་འཇམ་དབྱངས་ཆོས་སྦྱིན། མཚོ་སྣ་སྤྲུལ་སྐུ་རིན་པོ་ཆེ། ལོ་ཆེན་སྤྲུལ་སྐུ་རིན་པོ་ཆེ། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ། རྟོགས་ལྡན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་རང་གྲོལ། ནང་པའི་ཚོགས་ཆེན་གྱི་ཚོགས་གཞོན་ཐུབ་བསྟན་འཇིགས་སྒྲོལ། རི་བོ་དགེ་ལུགས་པའི་ཤེས་ཡོན་ལྷན་ཚོགས་ཀྱི་འཐུས་མི་ཨཅརྱ་བསྟན་འཛིན་བླ་མ། མཁན་པོ་སངས་རྒྱས་རང་བྱུང་གི་སྐུ་ཚབ་ཨཅརྱ་ནོར་བུ་ཤར་པ། ནམ་མཁའི་སྙིང་པོ་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ཀརྨ་དབང་ཕྱུག བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་བཅས་ཐེངས་འདིའི་ཚོགས་ཆེན་སྟེང་རྒྱ་བལ་འབྲུག་གསུམ་ནས་བསྟན་བདག་བླ་ཆེན་རྣམ་པས་དབུས་མཁན་བླ་སྤྲུལ་ ༢༢ ཙམ་ཚོགས་ཞུགས་གནང་པའི་དབུས་སུ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱིས་ཇོ་ནང་ཆོས་བརྒྱུད་སྐོར་ལ་བཀའ་སྩལ་དོན།
“ད་ལྟ་ཇོ་ནང་གི་ཆོས་བརྒྱུད་ཀྱིས། ཉེ་ཆར་སྙན་ཞུ་ཞིག་ཕུལ་འདུག ང་ལ་ཡང་ཡི་གེ་ཞིག་འདུག ད་ཐེངས་ཇོ་ནང་སྐོར་ཐག་གཅོད་བྱ་དགོས་ཀྱི་ཡོད་ཅེས་བྲིས་འདུག ཇོ་ནང་སྐོར་ངས་ནམ་རྒྱུན་བཀའ་ཆོས་སྐབས་ལ་ཤོད་ཀྱིན་ཡོད། དངོས་གནས་གང་བཤད་ན་མ་བཤད་ན་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ཐོག་ཕྱིན་པ་ཡིན་ན། ཇོ་ནང་གིས་ད་ལྟའི་བར་དུ་བསྟན་པ་བཟུང་ནས་བསྡད་ཡོད་པ་རེད། དེ་དངོས་གནས་བཀའ་དྲིན་རྗེས་སུ་དྲན་དགོས་པ་ཞིག་རེད། ཧ་ཅང་ཡག་པོ་རེད། ལྟ་བ་རང་སྟོང་དང་གཞན་སྟོང་ཟེར་བ་ཚད་མཐོན་པོའི་སྒང་ལ་འགྲོ་བསྡད་ཡོད་པ་རེད། དེ་ཁྱད་པར་གང་ཡང་མི་འདུག ངས་ནམ་རྒྱུན་ཤོད་ཀྱིན་ཡོད་པ་ཞིག་དང་། སེམས་ལ་ཤར་བསྡད་པ་ཞིག་ཡོད། དེས་སེམས་ལ་ཧ་ཅང་ཕན་གྱི་འདུག དེ་ཇོ་ནང་གི་བླ་སྒྲུབ་ཅིག་གི་ནང་གི་ཚིག་ཅིག་རེད། “སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །” (རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཡིན། ཡིག་ཕབ་པའི་མཆན།) ཡག་པོ་འདུག་ཀ འདི་ལྟར་བསམ་བློ་བཏང་བ་ཡིན་ན། ཕྱི་གཟུང་བ་བདེན་མེད་སྒྱུ་མ་ལྟ་བུ་དང་། ནང་འཛིན་པ་བདེན་མེད་ཡང་སྒྱུ་མ་ལྟ་བུ་རེད། དེ་ནས་བསམ་བློ་ཞིག་བཏང་ཡོང་དུས་ཕྱི་གཟུང་བ་ཡུལ་དང་ནང་འཛིན་པ་སེམས་གཉིས་ཀ་དམིགས་གཏད་གཅིག་ཡིན་དུས་བརྗོད་མེད་དབྱིངས་སུ་ཐལ་ལ་ལ། གསུངས་པ་རེད། དེའི་ངང་དུ་བསྡད་པ་ཡིན་ན་དེའི་ངེས་ངོ་ལ་སྤྲོས་པའི་མཐའ་ཉེ་བར་ཞི་ནས་སེམས་གསལ་སེང་ངེ་འགྲོ་བསྡད་པ་ལྟ་བུ་ཞིག་ཡོང་གི་འདུག དེའི་སྔོན་དུ་རྫོགས་རིམ་དང་མཐུན་པའི་རྟོགས་པ་མཐོན་པོ་ཡོད་ན་མེད་ན་ཁ་ཐུག་དེར། “སྤྲོས་པས་དུབ་པའི་སེམས་ཀྱི་གཞོན་ནུ་དེ། །བརྗོད་བྲལ་ནགས་ཀྱི་ཁང་བུར་ངལ་གསོ་བསྟེན། །” (ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་ཡིན། ཡིག་ཕབ་པའི་མཆན།) ཞེས་གསུངས་པ་དེ་ག་རང་རེད། ཡག་པོ་འདུག སྔོན་ལ་གཞན་སྟོང་རང་སྟོང་ཟེར་བ་དེ་ཡར་ཞིག་ལ་ཞོག (བཞད་མོ་དང་བཅས།) སྔོན་ལ་སོ་སོའི་སེམས་ལ་ཕན་པ་ཞིག་དང་། སྒོ་གསུམ་ཞི་ཞིང་དུལ་བ་ཞིག་བྱུང་ན་དེས་འགྲིག་འདུག ངོས་རང་གི་ངོ་ཤེས་ཨ་རིའི་མི་ཞིག་གིས། ཁོ་རང་མགོ་ལོག་ལ་གནས་སྐོར་དུ་ཕྱིན་པ་ཡིན་ཟེར། བཀྲ་ཤིས་འཁྱིལ་དང་གཞན་དུ་མཚམས་བསྡད་ནས་ཡུན་རིང་པོར་བཞུགས་མཁན་ཡོད་ཟེར་བ་དེ་འདྲ་གོ་རྒྱུ་མི་འདུག མགོ་ལོག་ཛམ་ཐང་ཁུལ་དུ་མཚམས་ལ་བཞུགས་མཁན་ཧ་ཅང་མང་པོ་འདུག དེ་ཚོ་ཇོ་ནང་པ་རེད། དེས་ཁོའི་ཡིད་འཕྲོག་སོང་ཟེར་གྱི་འདུག ཧ་ཅང་ཡག་པོ་རེད། དེར་བརྟེན་སྤྱིར་བཤད་པའི་ཀ་ཆེན་བཅུ་དང་། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ན་ཇོ་ནང་པ་ཡོད། དེ་ལ་གནད་འགག་ཅིག་འདུག ངོས་ལ་འདི་བྱོས། འདི་མ་བྱེད་ཅེས་བཤད་རྒྱུ་གང་ཡང་མེད། ཡིན་ན་ཡང་། ཁྱེད་རང་ཚོས་དབྱིན་ཇིའི་སྐད་ཐོག་ནས་དོན་གནད་གལ་ཆེན་པོ་ (Serious) ཞིག་ལ་དགོངས་པ་བཞེས་དགོས་པ་རེད། དེར་གནད་འགག་ཅིག་འདུག ང་རང་གི་ངོས་ནས་ཁོང་ཚོས་ང་ལ་ཡི་གེ་ཞིག་བྲིས་པ་རེད། ངས་དེ་བཤད་ཡོད་དོ་ཞེས་ཁོང་ཚོར་ཕར་ལན་སྤྲད་ཀྱི་ཡིན། ཤེས་སོང་ངམ། (བཞད་མོ་དང་བཅས།) ཡང་ངས་ལབ་མི་འདུག་ཅེས་བཤད་ན་ཆོ་མི་འདུག ང་རང་གིས་ཞྭ་མོ་ཕུད་པ་ཡིན། ཁྱེད་རང་ཚོས་ག་རེ་གནང་འདོད་པ་ཁྱེད་རང་ཚོས་ཐག་གཅོད་དགོས་པ་རེད། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སྩལ།
ཚོགས་ཆེན་གྱི་གྲོས་ཆོད་“བརྒྱད་པ། ཆོས་ཚོགས་ཐེངས་དགུ་པའི་གྲོས་ཆོད་དགོངས་དོན་ལྟར་ཆོས་རིག་ལས་ཁུངས་ནས་རྒྱལ་བ་ཇོ་ནང་བའི་སྐོར་འབྲེལ་ཡོད་བླ་ཆེན་རྣམ་པའི་སྐུ་ཚབ་བསྐོ་གཞག་སྐོར་མཐའ་མའི་གནས་སྟངས་ལ་གནང་ཕྱོགས་ཅི་དགེ་བཀའ་བསྡུར་ཐག་གཅོད་གནང་རྒྱུ་” ཞེས་པའི་གྲོས་གཞིར་ཆོས་བརྒྱུད་ཁག་གི་དབུ་འཛིན་རྣམ་པས་དབུས་ཚོགས་ཞུགས་པ་ཡོངས་ཀྱིས་བཀའ་བསྡུར་རིམ་པར་གནང་མཐར། “ཆོས་ཚོགས་སྔོན་མའི་གྲོས་ཆོད་ནང་། རྒྱལ་བ་ཇོ་ནང་པའི་ཆོས་འབྱུང་སྐོར་ལ་ཉམས་ཞིབ་བྱ་རྒྱུ་གསལ་ཡང་། གཅིག་ནས་བཀའ་བརྒྱུད་ཀྱི་སྐུ་ཚབ་གཏོང་ཐབས་མ་བྱུང་བའི་ཆ་ནས་ཞིབ་འཇུག་ཚོགས་ཆུང་ད་བར་ཚུགས་ཐུབ་མེད་པ་དང་། གཉིས་ནས་རྒྱལ་བ་ཇོ་ནང་བ་ནི། ལྟ་གྲུབ་དང་ཆོས་བརྒྱུད་གང་གི་ཆ་ནས་རང་རྐང་ཚུགས་པ་ཞིག་ཡིན་པར་ཆོས་ཚོགས་འདིའི་ཐོག་ནས་ངོས་འཛིན་བྱུང་བར་བརྟེན། ཞིབ་འཇུག་ཚོགས་ཆུང་དགོས་གལ་མ་མཆིས། འོན་ཀྱང་ཇོ་ནང་བར་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོབ་ཐང་གནང་མིན་ནི་ཁྲིམས་བཟོ་ལྷན་ཚོགས་ཀྱི་འགན་དབང་ཡིན་པ་ལས་ཆོས་ཚོགས་འདིར་འབྲེལ་བ་མེད་པའི་ངོས་འཛིན་བྱུང།” ཞེས་པའི་གྲོས་ཆོད་གཏན་འབེབས་གནང།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།