མི་རྣམས་ཀྱིས་ཆ་འཕྲིན་ལ་བལྟ་ཚད་ཇེ་མང་དུ་འགྲོ་བ་དང་བལྟ་བའི་ཐབས་ཀྱང་སྟབས་བདེ་རུ་སོང་བ་དང་བསྟུན། ང་ཚོའི་སྲོལ་རྒྱུན་གྱི་དཔེ་ཀློག་གོམས་སྲོལ་ལ་འགྱུར་ལྡོག་ཆེན་པོ་གཉིས་བྱུང་ཡོད་དེ། དེ་ནི་དྲ་ལམ་དུ་ཞུགས་ཡུན་རིང་བ་དང་སྨྱན་བྱད་བརྒྱུད་ལས་ཀ་འབོར་ཆེན་བསྒྲུབ་རྒྱུར་ཕྱོགས་པ་དེ་རེད།
སྨྱན་བྱད་བརྒྱུད་ལས་ཀ་འབོར་ཆེན་བསྒྲུབས་པ་ཞེས་པ་མདོར་བསྡུས་ནས་བརྗོད་ན་དུས་གཅིག་ལ་གྲངས་འཛིན་སྨྱན་གཟུགས་མང་པོ་སྤྱོད་པར་གོ་དགོས།
ན་གཞོན་ཚོས་ནམ་རྒྱུན་དྲ་ངོས་ལ་ལྟ་བ་དང་། ཆ་འཕྲིན་ལ་ལན་འདེབས་པ། གློག་རྡུལ་ཡི་གེ་བསྐུར་བ། བརྙན་བསྐུར་བ་སོགས་བྱེད་ཀྱི་ཡོད།
དཔེར་ན། བརྙན་འཕྲིན་ལ་བལྟ་ཞོར་ཆ་འཕྲིན་བསྐུར་བ་དང་དུས་གཅིག་ཏུ་དྲ་ངོས་ལའང་ལྟ་བ་སོགས་བྱེད་ཀྱི་ཡོད། ཡང་ན། སྙན་ཞུ་འབྲི་བཞིན་པའི་སྐབས་སུ་གློག་རྡུལ་ཡི་གེར་བལྟ་བའམ་ཡང་ན་འཕྲིན་ལན་འདེབས་པ། ད་དུང་བརྙན་བསྐུར་བ་སོགས་སྨྱན་བྱད་བརྒྱུད་ལས་ཀ་འབོར་ཆེན་སྒྲུབ་ཀྱི་ཡོད། ཡུན་རིང་བའི་བྱ་སྤྱོད་དེ་དག་དེང་གི་ན་གཞོན་ཚོའི་འཚོ་བའི་ཁྲོད་རྒྱུན་དུ་མཐོང་ཐུབ།
དབྱིན་ཇིའི་རང་བྱུང་དུས་དེབ་ཐོག་ཉེ་ཆར་རྩོམ་ཡིག་སྤེལ་བའི་ནང་། དབང་རྩའི་ཚན་རིག་ཞིབ་འཇུག་གི་མཇུག་འབྲས་ལྟར་ན། དུས་མཉམ་དུ་རྣམ་པ་མང་བའི་གྲངས་འཛིན་སྨྱན་གཟུགས་སྤྱད་ན། གཞོན་ནུ་དང་དར་མ་ཚོའི་དྲན་ཤེས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཅེས་བསྟན་ཡོད། སྨྱན་བྱད་བརྒྱུད་ལས་ཀ་འབོར་ཆེན་ཐེངས་མང་བསྒྲུབས་པ་དང་བློ་རྩེ་གཅིག་ལ་སྒྲིམ་མི་ཐུབ་པ་དང་དྲན་ཤེས་མངོན་གསལ་དོད་པོས་ཉམས་འགྲོ་བའི་བར་འབྲེལ་བ་ཡོད་པ་ཞིབ་འཇུག་གི་འབྲས་བུ་ལས་བསྟན་ཡོད།
ཞིབ་འཇུག་མི་སྣས། ཐོག་མར་ཚོད་ལྟ་བྱ་ཡུལ་མི་སྣ་གློག་ཀླད་ཀྱི་འཆར་ཤེལ་ངོས་ཀྱི་པར་རིས་ལ་མགྱོགས་པོ་ལྟ་རུ་བཅུག་རྗེས། དུས་ཚོད་སྐར་མ་10སོང་རྗེས་ཁོང་ཚོ་པར་རིས་ཁག་གཉིས་པ་ལྟ་རུ་བཅུག་པ་མ་ཟད། ཁོང་ཚོར་པར་རིས་ཀྱི་ཆེ་ཆུང་ལ་འགྱུར་ལྡོག་ཡོད་མེད་དང་། དེས་མི་རྣམས་ལ་སྤྲོ་སྣང་སྟེར་ཐུབ་མིན། ཡང་ན་དེ་སྔོན་པར་རིས་དེ་མཐོང་མྱོང་ཡོད་མེད་སོགས་དྲིས་ཡོད།
ཚོད་ལྟའི་མཇུག་འབྲས་ལས་མངོན་པར། སྨྱན་བྱད་བརྒྱུད་ལས་ཀ་མང་པོ་ཐེངས་མང་བསྒྲུབས་པ་དང་བློ་རྩེ་གཅིག་ལ་གནས་མི་ཐུབ་པར་འགྱུར་ཚད་མང་དུ་འགྲོ་བའི་བར་འབྲེལ་བ་ཡོད་པ་དང་། འཕེལ་ཕྱོགས་དེ་ཡུན་རིང་སོང་ན་དྲན་ཤེས་ནུས་པ་ཉམས་འགྲོ་གི་ཡོད་པ་གསལ་པོ་རྟོགས་ཡོད།
ང་ཚོ་མིའི་རིགས་ཀྱི་ཀླད་ཆེན་ལ་བྱ་དངོས་ངོས་བཟུང་བར་ཚད་གཞི་ཡོད་པས། ང་ཚོས་དུས་གཅིག་ལ་ལས་འགན་མང་པོ་སྒྲུབ་སྐབས་ལས་འགན་ལེགས་འགྲུབ་ཡོང་བའི་མྱུར་ཚད་འགོར་དུ་འགྲོ་བཞིན་ཡོད། བློ་རྩེ་གཅིག་ལ་གནས་མི་ཐུབ་པའམ་ཡང་ན་དྲན་ཤེས་ཉམས་འགྲོ་བ་གང་ཡིན་ཡང་ང་ཚོས་ནམ་ཞག་རྒྱུན་དུ་ནས་དེ་དོན་ལ་ཡིད་གཟབ་བྱ་གལ་ཤིན་ཏུ་ཆེ།
རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་སྒྲིག་པ། སྤྲེའུ།