པཎ་ཆེན

བཀའ་དྲིན་མཚུངས་མེད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་གི་རྗེས་དྲན།

རླབས་ཆེན་མཛད་པའི་ཆ་ཙམ་མ་མཐོང་ཤིང་། །
སྐྱེས་ཆེན་ཞིག་གི་རང་གཤིས་མ་མཇལ་བར། །
ཟེར་སྒྲོས་ཙམ་ལས་ཅི་ཞིག་མི་ཤེས་པར། །
སྣང་བ་མཐའ་ཡས་ཟེར་ནས་འུད་བསྟོད་དང་། །

དྲིན་ལ་དྲིན་དུ་མི་ཤེས་རྨོངས་བ་འགས། །
ཚོང་བ་རྒྱགས་པ་ཟེར་ནས་ངན་སྨད་སོགས། །
དངོས་ཡོད་གནས་ལ་བློ་མིག་ཟུམ་པ་ཡི། །
ཅོལ་ཆུང་དག་གིས་རང་འདོད་བརྗོད་པ་ཙམ། །

བསོད་ཟད་བོད་པའི་རླུང་རྟ་མར་འགྲོ་ལ། །
སྨན་པའི་ཐབས་ལམ་ཇི་ལྟར་མཛད་ནའང་། །
སུ་དང་གང་གིས་བཅོས་སུ་མེད་པ་ཡི། །
ཐུར་ནས་ཐུར་དུ་འགྲོ་བ་ང་ཚོའི་ལས། །

ང་ཚོར་གཟིགས་པའི་བྱམས་བརྩེའི་ཐིགས་པ་རེ། །
ང་ཚོར་བསྒྲུབས་པའི་མཛད་པའི་ཆ་ཤས་རེ། །
གཟུགས་སུ་གྲུབ་ན་ནམ་མཁར་མི་ཤོང་བའི། །
བཀའ་དྲིན་བསམ་ན་བྱང་ཁོག་མཆི་མས་བརྣངས། །

དུས་ཀྱིས་སྦྱིན་པའི་རྣམ་སྨིན་ནག་པོའི་ལས། །
རིགས་ཀྱི་དོན་དུ་ཁྱེད་ཉིད་གཅིག་པོས་མྱངས། །
བྱང་ཆུང་བླུན་རྨོངས་འགའ་ཡིས་མི་ཤེས་ཀྱང་། །
རྒྱུ་འབྲས་བདེན་པས་ནམ་ཡང་སླུ་བ་མེད། །

འཚེ་མེད་ཞི་བ་དམ་པའི་སྒོ་གཅིག་པུ། །
བཤད་དང་སྒྲུབ་པའི་བཀའ་བབས་ཟླ་མེད་པ། །
གངས་རིའི་ལྗོངས་ཀྱི་ཤིང་རྟ་ཆེན་པོ་དྲུག །
གཟིགས་པ་གཅིག་གི་འོག་ནས་ཁྱོད་ཀྱིས་བསྐྱངས། །

སྟོབས་དང་ནུས་པས་ཡོངས་སུ་བཏང་བ་ཡི། །
འཆི་ལ་ཉེ་བའི་མི་རིགས་སྒོག་པོ་འདི། །
དབུགས་ཀྱི་རྒྱུ་བ་ཅུང་ཟད་མ་འགག་པར། །
རིགས་མཐུན་གྲལ་དུ་ལྷག་པ་ཁྱོད་ཀྱིས་དྲིན། །

ལྷག་བསམ་སྙིང་གི་ཁོང་ནས་རྡོལ་བ་ཡི། །
ལྷོག་ལྷོག་ཁོལ་བའི་སེམས་གཏམ་དམར་པོ་ཁྲག །
ཕྱི་རབས་རྣམས་ལ་གནང་བ་ཉུང་ཉུང་མིན། །
དེའི་ཕྱིར་བཀའ་གསུང་དྲན་པ་རྗེས་དྲན་མཆོག །

མི་རིགས་ལས་དོན་དགོན་སྡེའི་སློབ་གསོ་དང་། །
སྐད་ཡིག་རྒྱུན་འཛིན་སོགས་ལ་གདམས་པའི་བཅུད། །
འཚོ་བ་དངོས་དང་བར་ཐག་རིང་བ་ཡི། །
འགྲེལ་བ་འགྲེལ་བཤད་སྟོང་ལས་དགའ་རབ་ཡིན། །

ཁ་བ་རི་བའི་ལས་བསོད་མར་འགྲིབ་དང་། །
དམ་པའི་ཐུགས་ནི་གཞན་དབང་གྱུར་བ་ཡིས། །
ལས་སྨོན་འབྲེལ་བའི་གདུལ་བྱ་ཡལ་བོར་ཏེ། །
གཞན་དུ་གཤེགས་པའི་མྱ་ངན་ཁུར་དུ་ལྕི། །

ཚོགས་གཉིས་ཡོན་ཏན་དཔལ་གྱིས་བསྐྲུན་པ་ཡི། །
མཐོང་བའི་མི་ངོམས་གཟུགས་སྐུའི་བཀོད་པ་དེ། །
བསོད་ཟད་མིག་གི་ཡུལ་དུ་མ་གྱུར་ཀྱང་། །
མཛད་འཕྲིན་འོད་ཀྱི་ཕྲེང་བར་མཇལ་བས་སྤྲོ། །

མི་གཞི་སླད་མེད་གསེར་གྱི་རང་བཞིན་ལ། །
སྙིང་སྟོབས་འོད་ཀྱི་གཟི་མདངས་མཁའ་ལ་འཚེར། །
ཞལ་ནས་གསུངས་བ་ཐུགས་ཀྱིས་བསྒྲུབ་ཕོད་པའི། །
ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དྲན། །

བཀའ་དྲིན་མཚུངས་མེད་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་ཆེན་པོ ༧མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་འཁོར་སུམ་ཅུ་འཁོར་བའི་ཉིན་ ༢༠༡༩ ཟླ་ ༡ཚེས་༢༧ལ་ངག་དབང་བཀྲ་ཤིས་ཀྱིས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།