ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་དཔལ་རྒྱལ་བ་ཇོ་ནང་བའི་མ་དགོན་རྟག་བརྟན་ཕུན་ཚོགས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་དོན། ངོས་རང་སྔོན་མ་འདིར་ཡོང་ཐེངས་ཤིག་ལ་ཁལ་ཁ་རྗེ་བཙུན་དམ་པ་ཡོད། ཇོ་ནང་ཁྲིད་བརྒྱ་བཏོན་པ་རེད། ད་ཆ་རིན་པོ་ཆེ་ཞིང་ལ་ཕེབས་ཚར་བ་རེད། དེ་རིང་སིམ་ལར་འབྱོར་སྐབས་འདིར་ཁྱུག་ཙམ་བཅར་འདོད་བྱུང་། ཁལ་ཁ་རིན་པོ་ཆེ་དང་ངོས་གཉིས་ཆུང་དུས་ནས་ཆོས་གྲོགས་རེད། རྩ་བའི་ཇོ་ནང་གི་ཆོས་བརྒྱུད་འདི་བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་ཅིག་ཆགས་ཡོད། ཆོས་བརྒྱུད་གལ་ཆེན་པོ་ཞིག་ཕལ་ཆེར་རེད། གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་སྐོར་ལ་ཇོ་ནང་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། སྦྱོར་དྲུག་གི་ཉམས་ལེན་བརྒྱུད་པ་མ་ཉམས་པར་ཡོད་པ་དེ་ཕལ་ཆེར་ཇོ་ནང་ཁོ་ན་མིན་ནམ་སྙམ། དེར་བརྟེན་བསྟན་པ་སྤྱི་དང་ལྷག་པར་དཔལ་དུས་ཀྱི་འཁོར་ལོའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཆགས་བསྡད་ཡོད་པ་རེད། གནད་འགག་ཧ་ཅང་ཆེན་པོ་རེད།
ཤེར་ཕྱིན་གྱི་གཞུང་ལ་ལྟ་སྐབས་རང་སྟོང་དང་གཞན་སྟོང་ཞེས་རྩོད་པ་མང་པོ་ཡོད། དོན་དམ་གཞན་སྟོང་། ཀུན་རྫོབ་རང་སྟོང་ཞེས་གཞན་སྟོང་གོ་བ་ལེན་ཕྱོགས་འདྲ་མིན་ཡོད། དཔེར་ན། གསང་བ་འདུས་པའི་ནང་སྟོང་པ་བཞིའི་རྣམ་གཞག་གསུང་གི་ཡོད་པ་དེ་གཞན་སྟོང་ཆགས་ཀྱི་ཡོད། གཉུག་མ་ལྷན་ཅིག་སྐྱེས་པ་དེ་གློ་བུར་བའི་ཆོས་ཀྱིས་སྟོང་པ་རེད། དེར་བརྟེན་གཞན་སྟོང་གི་གོ་བ་ཡོད། སྔོན་གྱི་མཁས་པ་སོ་སོའི་ཉམས་མྱོང་གི་ཐོག་ནས་གསུང་སྟངས་མི་འདྲ་བ་ཡོང་གི་ཡོད། ངོས་ཀྱིས་འདི་ལྟར་མཐོང་བཞིན་ཡོད། དོན་དམ་བདེན་པ་སྟོང་ཉིད་རང་སྟོང་མིན་ཞེས་གསུང་གི་ཡོད། དེ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་དེ་དོན་དམ་བདེན་པ་ཡིན་པ་རེད། དེ་ལྟ་བུའི་དགོངས་པ་བཞེས་སྟངས་དེ་ཡང་ཡོང་སྲིད་པ་ཞིག་རེད། མཁས་པ་སོ་སོའི་དགོངས་པ་བཞེས་སྟངས་རེད།
སྐབས་སུ་བབ་པ་ཇོ་ནང་གི་བཞེད་པ་ཁྱེད་རང་ཚོས་སློབ་སྦྱོང་བྱེད་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་བོད་གངས་ཅན་ལྗོངས་ལ་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་རིས་མེད་གནང་གི་ཡོད། དེར་བརྟེན་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལྡན་རྣམས་ཐག་རིང་བོ་བྱས་ནས་མ་བསྡད་པར་ཐག་ཉེ་བོ་བྱས་ཏེ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པ་ཚོའི་གསུང་ཆ་ཚང་བལྟས་ཏེ་རྒྱུས་ཡོད་པ་ཞིག་བྱུང་ན་ཡག་པོ་ཡོད་ཅེས་བཤད་བཞིན་ཡོད། ངོས་རང་ལ་ཆ་བཞག་ནའང་ཇོ་ནང་གི་ཆོ་ག་ཟུར་དུ་མེད་ཀྱང་། ཇོ་ནང་ཁྲིད་བརྒྱ་ཐོབ་ཡོད། ངོས་ཀྱིས་གླིང་རིན་པོ་ཆེའི་སྐུ་མདུན་ནས་ཇོ་ནང་ཁྲིད་རྒྱུན་ཞུས་པ་རེད། གླིང་རིན་པོ་ཆེས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་སྐུ་མདུན་ནས་གསན་པ་རེད། དེར་བརྟེན་ས་དགེ་བཀའ་རྙིང་གི་སྐྱེས་ཆེན་དམ་པ་དེ་དག་གི་མཛད་པ་རྣམས་ལ་རྗེས་སུ་ཡི་རང་དང་། མཁས་པ་སོ་སོས་མཛད་པའི་གཞུང་དེ་དག་ངོས་ཀྱིས་མཇལ་གྱི་ཡོད། དངོས་གནས་མཁས་པ་སོ་སོའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་མང་པོ་ཡོད་པ་རེད། དེ་དག་གཅིག་གྱུར་བྱས་ན་ཕན་ཐོགས་ཆེན་པོ་འདུག
ཁྱེད་རང་ཚོ་ཇོ་ནང་མ་དགོན་ལ་ཆ་བཞག་ན། གཞུང་དེ་དག་བལྟ་ཐུབ་པ་བྱུང་ན་ཡག་པོ་ཡོད། ཀུན་མཁྱེན་ཉ་དབོན་པ་རྗེ་རིན་པོ་ཆེའི་ཡོངས་འཛིན་བཞིའི་ནང་གི་གཅིག་ཡིན་པ་ཡོད། རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཕར་ཕྱིན་བཤད་ལུང་གསན་ས་ཆགས་བསྡད་ཡོད། རྗེ་རིན་པོ་ཆེའི་གསེར་ཕྲེང་སོགས་ཁྱེད་ཚོས་བལྟ་ཐུབ་ན་ཡག་པོ་ཡོད་པ་རེད། དེ་བཞིན་དབུ་མའི་སྐོར་ལ་ཆ་བཞག་ན་རྗེ་རིན་པོ་ཆེའི་རྩ་འཇུག་གི་རྣམ་བཤད་གཉིས་པོ་དེ་ཁྱེད་ཚོས་རྒྱུས་ཡོད་ཆེད་བལྟ་ཐུབ་ན་ཡག་པོ་ཡོད། དེ་ནས་རྣམ་འགྲེལ་ལྟ་གི་ཡོད་དམ། རྣམ་འགྲེལ་ཆ་ཚང་མེད་ནའང་རྣམ་འགྲེལ་ལེའུ་གཉིས་པར་བལྟ་དགོས་པ་རེད། རྣམ་འགྲེལ་ལེའུ་གཉིས་པ་དེ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། ། ཞེས་ཚད་མ་ཀུན་བཏུས་ཀྱི་མཆོད་བརྗོད་ཀྱི་འགྲེལ་བ་དེ་ཧ་ཅང་གལ་ཆེན་པོ་རེད། རྣམ་འགྲེལ་ལེའུ་གཉིས་པ་དེར་ཁྱེད་རང་ཚོས་བལྟ་ཐུབ་ན་ཡག་པོ་འདུག ཤེས་སོང་ངམ། རྣམ་འགྲེལ་གྱི་མཆན་འགྲེལ་ཀུན་མཁྱེན་འཇུ་མི་ཕམ་གྱིས་མཛད་པ་དེ་ཚིག་འགྲེལ་རང་བྱས་ཡོད་པས་དཔེ་ཡག་པོ་འདུག མཐའ་དཔྱོད་མི་འདུག མཐའ་དཔྱོད་མཁས་གྲུབ་རིན་པོ་ཆེའི་ཊིཀ་ཆེན་རིག་པའི་རྒྱ་མཚོ་ཞེས་པ་དེ་ཡག་པོ་འདུག ཁྱེད་རང་ཚོས་དཔེ་ཆ་མང་པོ་བལྟ་ཐུབ་ན་ཡག་པོ་རེད།
ཇོ་ནང་པ་ཡིན་ཞེས་ནས་དཔེ་ཆ་ལྟ་མ་ཐུབ་ན་ཡག་པོ་ཡོད་པ་མ་རེད། དཔེར་ན་དགེ་ལུགས་པ་ཡིན་ཞེས་ནས་ས་སྐྱ་དང་རྙིང་མའི་དཔེ་ཆར་མ་བལྟས་ན་ཡག་པོ་མི་འདུག དེ་བཞིན་དུ་རྙིང་མ་བཀའ་བརྒྱུད་ཡིན་ཟེར་ནས་དགེ་ལུགས་པའི་དཔེ་ཆར་མ་བལྟས་ན་ཡག་པོ་མི་འདུག་ཅེས་ངོས་ཀྱིས་བཤད་བཞིན་ཡོད། སྔོན་གྱི་མཁས་པ་ཚོས་དགག་བྱ་གནང་ཡོད་པ་རེད། རྩོད་གླེང་ཡང་གནང་ཡོད་པ་རེད། མཁས་པ་སོ་སོའི་རྩོད་གླེང་གནང་བའི་སྐབས་དགོངས་པ་ཇི་ལྟར་བཞེས་ཚུལ་ལ་བསམ་བློ་གཏང་དགོས། དཔེར་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ལ་དགག་པ་བསྐྱོན་པའི་སྐབས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དགོངས་པ་ག་འདྲ་བཞེས་འདུག སངས་རྒྱས་བསྐྱངས་ཀྱི་དགོངས་པ་གང་ཡིན་བསམ་བློ་གཏོང་དགོས། དེ་ནས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་དགག་པ་བསྐྱོན་པ་དེ་དཔལ་ལྡན་ཟླ་བ་གྲགས་པའི་ཚིག་གསལ་ནང་དུ་གསལ་བཤད་གནང་ཡོད། མཁས་པ་ཚོའི་དོགས་སློང་དང་བགྲོ་གླེང་། དགག་པ་བསྐྱོན་པ་ལ་ཕྱོགས་གཉིས་པོར་མཇལ་བ་ཡིན་ན་གཞི་ནས་གཞུང་གི་གོ་བ་གཏིང་ཟབ་མོ་ཤེས་པའི་ཁྱད་པར་ཡོད། བོད་ཀྱི་མཁས་པ་མང་པོ་ཞིག་གིས་ཇོ་ནང་དགག་གི་ཡོད་པ་རེད། རྒྱུ་མཚན་གང་གིས་ཇོ་ནང་དགག་གི་འདུག དཔྱད་པ་མི་འདྲ་བ་དང་ཚིག་གསུང་སྟངས་མི་འདྲ་(བ་)ཡོད་ན་ཡང་ཕུགས་ཀྱི་དགོངས་པ་ཇི་ལྟར་བཞེས་ཚུལ་སོགས་གཞུང་གི་གོ་རིམ་བསྒྲིགས་ནས་ལྟ་རྒྱུ་གལ་ཆེན་པོ་རེད། ཤེས་སོང་ངམ། དེ་ཁྱེད་རང་ཚོར་བཤད་འདོད་བྱུང་།
དེ་ནས་མཁས་མཆོག་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུང་དང་རྟོགས་པའི་བདག་ཉིད་དོ། ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར། སྟོན་པའི་དམ་ཆོས་ལ་ལུང་གི་དམ་ཆོས་དང་རྟོགས་པའི་དམ་ཆོས་གཉིས་ཡོད། ལུང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དེ་འཆད་ཉན་གྱི་ཐོག་ནས་འགྲོ་དགོས་པ་དང་། རྟོགས་པའི་བསྟན་པ་དེ་སྒྲུབ་པ་ཉམས་ལེན་བྱ་དགོས་པ་རེད། ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་བསྟན་པ་འཛིན་སྟངས་དེ་ “དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། །” ཞེས་ཁོ་ནའི་སྒྲའི་ཐོས་བསམ་སློབ་གཉེར་བྱས་ནས་ལུང་གི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དང་། སྒྲུབ་པ་ཉམས་ལེན་བྱས་ཏེ་རྟོགས་པའི་བསྟན་པ་འཛིན་སྐྱོང་བྱ་རྒྱུ་དེ་ཁོ་ན་མ་གཏོགས་དེ་ལས་གཞན་མེད་ཅེས་གསུངས་འདུག
ང་རང་ཚོ་མང་པོ་ཞིག་གིས་ལྷ་ཁང་ཆེན་པོ་རྫིག་པོ་རེ་བཞེངས་ནས་དེས་བསྟན་པ་འཛིན་སྐྱོང་བྱས་ཡོད་སྙམ་གྱིན་འདུག ངོས་ཀྱིས་ནམ་རྒྱུན་བཤད་ཀྱིན་ཡོད། སྐུ་ཆེན་པོ་བཞེངས་པ་དེ་ཚོའི་གྲས་ཏེ་ཡག་པོ་རེད། འགྲོ་སོང་བཏང་། བསོད་ནམས་བསགས་ཀྱི་ཡོད་པ་རེད། ཡིན་ན་ཡང་། སྐུ་ཞིག་བཞེངས་ན་འབྱུང་འགྱུར་ལོ་ངོ་སྟོང་ཕྲག་ཁ་ཤས་བཞུགས་འདུག་པ་ཡོང་ངེས། འོན་ཀྱང་། གསུང་ནི་འབྱོན་གྱི་མ་རེད། རྡོ་རྗེ་གདན་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བསམ་གྱིས་མི་ཁྱབ་ཅིག་ཡོད་པ་རེད། ཡིན་ན་ཡང་། དེས་གསུང་འབྱོན་གྱི་མི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་འབྱོན་རྒྱུ་ཡོད་མཁན་དེ་བཀའ་འགྱུར་པོ་ཏི་བརྒྱ་ལྷག་དེ་རེད། དེ་ང་ཚོས་བལྟ་དགོས། ངོས་ཀྱིས་ནམ་རྒྱུན་པཎ་གྲུབ་བཅུ་བདུན་རྩི་བཞིན་ཡོད། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་དང་། ཐོགས་མེད་སྐུ་མཆེད་ཡབ་སྲས་ལ་སོགས་པས་སྟོན་པའི་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཡོད་པ་དེ་དག་གི་དགོངས་པ་བཀྲལ་ནས་གསུངས་ཡོང་གི་ཡོད་པ་རེད། ཁོང་ཚོས་རྗེས་འཇུག་གདུལ་བྱ་དག་གི་སློབ་སྦྱོང་ཆེད་ལེགས་བཤད་དེ་དག་མཛད་པ་རེད། ང་ཚོས་དེ་སློབ་སྦྱོང་བྱ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ཐོས་བསམ་སློབ་གཉེར་བྱེད་སྐབས་སོ་སོའི་རིང་ལུགས་དེ་སློབ་སྦྱོང་གི་རྩ་བར་བཞག དེ་དང་འབྲེལ་ནས་རྒྱ་གར་དང་བོད་ཀྱི་མཁས་པ་ཚོས་མཛད་པའི་གཞུང་འདྲ་མིན་ལ་ངེས་པར་དུ་གཟིགས་དགོས་པ་གལ་ཆེན་པོ་རེད། དེ་ནས་འདིར་ཁྱེད་རང་ཚོར་སྦྱོར་དྲུག་མུན་མཚམས་བསྡམས་རྒྱུ་སོགས་ཡོད་པ་དེ་ཇོ་ནང་གི་ཐུན་མོང་མ་ཡིན་པ་རེད། སྔོན་ལ་དགེ་འདུན་པ་ཚང་མ་མཚན་ཐོའི་གོ་རིམ་ནང་བཞིན་བྱས་ནས་བསྡད་རྒྱུ་དང་། དེ་ནས་རེ་ཟུང་གིས་རིགས་གཅིག་རྐང་འཛིན་གྱིས་ཡུན་མཐུད་དེ་སྦྱོར་དྲུག་གི་ཉམས་མྱོང་ཐོབ་ཐུབ་པ་ཞིག་བྱ་རྒྱུ་གལ་ཆེན་པོ་རེད། ཤེས་སོང་ངམ། དེ་མིན་ང་ཚོས་དཔེ་ཆའི་ནང་ཡོད་པ་ལས་སོ་སོས་དངོས་སུ་ལག་ལེན་ལ་འཁྱེར་ཐུབ་མཁན་ཉུང་ཉུང་རེད་འདུག ཀུན་མཁྱེན་བུ་སྟོན་ཐམས་ཅད་མཁྱེན་པ་བཞུགས་ཡོད་པའི་སྐབས་སྦྱོར་དྲུག་བསྒོམས་ནས་དངོས་སུ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་སོགས་ཡོང་བསྡད་པ་ཞིག་འདུག
བར་སྐབས་ངོས་ཀྱིས་གདན་ས་སོགས་ལ་སྒྲུབ་གྲྭ་ཞིག་བཞེངས་ན་ཡག་པོ་འདུག་ཅེས་བཤད་པ་བཞིན། འབྲས་སྤུངས་ལ་སྒྲུབ་གྲྭ་ཡོད་པ་རེད། སེ་ར་ལ་ཡང་འདུག གང་ལྟར་ཐོས་པ་བསམ་གཏན་ལ་ཕབ་པ་དེ་རྩེ་གཅིག་པའི་ཞི་གནས་དང་འབྲེལ་བའི་སྒོ་ནས་སྒྲུབ་པ་ཉམས་ལེན་བྱེད་རྒྱུ་དེ་གལ་ཆེན་པོ་འདུག་ཅེས་སྒྲུབ་གྲྭ་འཛུགས་སྟངས་དེ་འདྲ་རེད། ངོས་ཀྱིས་ནམ་རྒྱུན་འདི་ཞུ་བཞིན་ཡོད། བཅོམ་ལྡན་འདས་རང་གིས། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་ཐོས་བསམ་སྒོམ་གསུམ་ནང་ནས་ཐོས་བསམ་འཆད་ཉན་དང་སྒོམ་པ་དེ་རྩེ་གཅིག་ཏུ་སྒྲུབ་པ་ཉམས་ལེན་བྱས་ཏེ་ཡོང་དགོས་པས། ཁྱེད་རང་ཚོས་དེ་ངེས་པར་དུ་སེམས་ལ་བཅངས་དགོས་པ་རེད། ཤེས་སོང་ངམ། ཐུགས་རྗེ་ཆེ།