རྩོམ་པ་པོ། བསེ་ཀུན་དགའ་ཆོས་འཕེལ།
འཇིགས་རུང་སྲིད་པའི་བཙན་རྫོང་གཏོར་ལ་ཐུགས་ཀྱི་དཀྱིལ་འཁོར་རབ་ཡངས་པ།།
རབ་འཁྲུགས་རྨོངས་པའི་མུན་དཔུང་འཇོམས་མཛད་ཐུབ་དབང་ཤཱཀྱ་སེང་གེ་དང་།།
རྟེན་འབྱུང་ལྟ་བའི་རང་ལུགས་འདྲེན་ལ་རང་རྩལ་དྲང་པོར་རྫོགས་པ་ཡི།།
རྒྱལ་བསྟན་རྒུད་པ་ལེགས་པར་གསོ་བའི་མཁས་དབང་བློ་བཟང་གྲགས་པར་འདུད།།
མདོ་རྒྱུད་དུ་མའི་ལུང་གིས་རབ་བསྔགས་རིགས་ལྡན་སྤྲུལ་བའི་སྐུ་མཆོག་རྗེ།།
ཐུན་མོང་ཐུན་མིན་ཆོས་ཀྱི་གནས་ལུགས་གསལ་བར་འབྱེད་པའི་རྟོན་བཞི་པ།།
མདོ་ཡི་དགོངས་པ་ཇི་བཞིན་འགྲེལ་ལ་ཐོགས་མེད་སྐུ་མཆེད་རྗེས་འབྲང་ནས།།
ཡང་དག་རིགས་པའི་རང་རྩལ་རྫོགས་པའི་ཀུན་མཁྱེན་དོལ་པོ་པ་ལ་འདུད།།
བདག་བློའི་ནུས་པ་རབ་ཏུ་ཆུང་ཡང་རིག་གཞུང་རྒྱ་མཚོར་གོམས་འདྲིས་ཙམ།།
རིང་ནས་བཞག་པས་རྒྱུ་རྐྱེན་ཙམ་དེ་གསལ་བའི་ལས་སུ་ལེགས་མཐོང་ནས།།
དོན་ཆེན་དགོས་པ་འདི་ཡི་ལས་ལ་ངལ་བས་འབད་ལ་རངས་པ་བཅས།།
དད་འདུན་གཙང་མས་བརྗེད་ཐོ་ཙམ་ཞིག་འབྲི་ལ་རབ་ཏུ་དགའ་བ་སྐྱེས།།
དེ་ལ་འདིར་གང་ཞིག་བརྗོད་པར་བྱ་བ་ནི། ཡུམ་གསུམ་གནོད་འཇོམས་འདི་མཛད་པ་པོ་སློབ་དཔོན་ཁ་ཆེ་མཆེ་བའི་སྡེ་དང་སློབ་དཔོན་དབྱིག་གཉེན་མཆོག་རྣམ་གཉིས་རེ་རེ་བཞིན་ཡིན་པར་ཁུངས་བཅོལ་བའི་བོད་འདིར་ལུགས་གཉིས་བྱུང་ཡོད་པ་སོ་སོར་བཀོད་ནས་རང་ལུགས་དབྱིག་གཉེན་ཡིན་པར་བཞེད་པའི་ལུགས་སུ་འབྲང་བར་བྱ་བ་འདིའོ།།
དེ་ལ་དང་པོ་ནི། ༽ རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་དང་། ཉ་དབོན་ཀུན་དགའ་དཔལ། མཁས་པ་གནས་དྲུག་པ། གཉག་དབོན་བསོད་ནམས་བཟང་པོ་སོགས་ཀྱི་འདོད་པ་དེ་ཡིན།
གཉིས་པ་ནི། ༽ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དང་། མང་དུ་ཐོས་པ་བུ་སྟོན་རིན་ཆེན་གྲུབ། ལོ་ཙཱ་བ་ཆོས་གྲགས་དཔལ་སོགས་ཀྱིས། ཐུབ་དགོངས་དང་མན་ངག་རྗེས་འབྲང་སོགས་ཀྱི་རྗེས་སུ་འབྲང་ནས་བཤད་པར་སེམས་སོ།།
དང་པོ། ༽ དེ་ལ་འདིར་གཙོ་བོ་རྒྱས་ཤིང་ཡོངས་སུ་གྲགས་པ་རྗེ་རིན་པོ་ཆེའི་ལེགས་བཤད་སོགས་སུ་བཀོད་ཡོད་པ་དེ་དག་ལས་གཞན་མཁས་པ་དང་གཞུང་གཞན་དུ་འདི་དབྱིག་གཉེན་མིན་པར་སྒྲུབ་བྱེད་ཀྱི་རིགས་པ་རེ་ཙམ་ཡོད་མོད། ཐ་སྙད་ཙམ་རེ་གཉིས་མ་གཏོགས། རྗེ་རིན་པོ་ཆེའི་ལེགས་བཤད་རྣམས་སུ་བཀོད་པ་ལས་རྒྱས་ཤིང་གཏིང་ཟབ་པ་ཞིག་མེད་པར་སྣང་བས་སྐབས་འདིར་ལེགས་བཤད་རིན་པོ་ཆེ་གསེར་གྱི་ཕྲེང་བ་འདི་ལས་འཕྲོས་ཏེ་དཔྱད་པ་ཤིན་ཏུ་སྤྲོས་པས་དེར་བལྟ་བར་བྱ། སྤྱིར་ཡོངས་གྲགས་སུ། ལེགས་བཤད་གསེར་ཕྲེང་སོགས་ཀྱི་འདོད་པ་འདི་དཀར་ཆག་འཕང་ཐང་མའི་རྗེས་སུ་འབྲང་ནས་ཡིན་ཞེས་གཅིག་མཐུན་གྱི་སྨྲ་ལ་གཞོལ་མཁན་ཤིན་ཏུ་མང་ན་ཡང་། ཅུང་ཟད་མ་འགྲིག་པར་སྣང་སྟེ། དཀར་ཆག་འཕང་ཐང་མ་རུ། ཡུམ་གསུམ་གནོད་འཇོམས་ཁ་ཆེ་མཆེ་བའི་སྡེའི་ཡིན་ཞེས་པའི་ཚིག་གི་ཟུར་ཙམ་ཡང་མི་སྣང་བས་གང་ཡིན་ཆ་འཚལ། འོན་ཀྱང་དཀར་ཆག་འཕང་ཐང་མ་རུ། འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་པ་དེ་བཙན་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཡིན་པ་དེ་ཁྱེད་ཅག་གིས་དཀར་ཆག་དེར་ཡོད་གསུངས་པ་ལྟར་དེར་གསལ་མོད། གཞན་ནི་མ་ཡིན་ནོ།། དེ་བས་ཁུངས་བཙན་པའི་ཕྱིར་དུ། རེ་ཞིག་འདིར་ལུང་དེ་གཉིས་དྲངས་ན། དཀར་ཆག་འཕང་མའི་སྐབས་སྡེ་ཚན་མང་དུ་ཡོད་པ་ལས། མདོ་སྡེ་སྣ་ཚོགས་ཀྱི་འགྲེལ་བ་ལ། ཞེས་པའི་སྐབས་སུ། “ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་རྒྱ་ཆེར་བཤད་པ། བམ་པོ་ཉི་ཤུ་རྩ་བདུན།”ཞེས་པ་ཙམ་ལས་མཛད་བྱང་གི་མཚན་ཅུང་ཙམ་ཡང་མི་གསལ། ཡང་སྡེ་ཚན་དུ་མ་ཡོད་པ་ལས། མདོ་སྡེ་དང་བསྟན་བཅོས་ཀྱི་ཏི་ཀ<ཊཱིཀ>ཞེས་པའི་སྐབས་སུ། “བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་བ། ”ཞེས་དེ་ལྟར་དུ་གསུངས་ཡོད། འོན་ཀྱང་ཐ་མ་འདི་སུས་མཛད་པ་ཡིན་མིན་རེ་ཞིག་སྐབས་སུ་མ་བབ་པས་སྐྱུར་རོ།། དེ་བས་ན་འདིར་སེམས་སུ་དོགས་པ་ཅུང་ཞིག་ཡོད་པ་འདི་ནི་གསེར་ཕྲེང་སོགས་ཀྱིས་རེ་ཞིག་གང་གི་རྗེས་སུ་འབྲང་ཞེས་སམ་ཡང་ན། ཡུལ་གསུམ་གནོད་འཇོམས་ཁ་ཆེ་མཆེ་བའི་སྡེའི་ཡིན་ཞེས་པའི་ཁུངས་ཐུབ་ཀྱི་ལུང་ཚད་ལྡན་གང་ལ་བཅོལ་ཡོད་པ་འདི། ཆེས་ཤིན་ཏུ་མཁོ་གལ་ཆེ་བའི་སྐབས་ཤིག་ཏུ་སླེབས་ཡོད་ལ། མ་ཟད་སྤྱིར་བཏང་ཇི་ལྟར་འདི་ཁ་ཆེ་མཆེ་བའི་སྡེའི་ཡིན་པ་ལ་གང་ཞིག་ན་མཛད་བྱང་དང་། དཀར་ཆག་གང་ཞིག་ན། བསྟན་འགྱུར་གང་གི་འགྱུར་བྱང་ཞིག་ན། ཡོད་ཅེས་གནད་དུ་ཁེལ་བའི་ཁུངས་ཤིག་རག་པ་འདི་ཤིན་ཏུ་མཁོ་བར་སེམས། དེས་ན་ད་ནི་རེ་ཞིག་འདིར་ལེགས་བཤད་གསེར་ཕྲེང་དུ་ཁ་ཅིག་ལ་དགག་སྒྲུབ་དང་སྦྲེལ་སྒྲུབ་བྱེད་ལྔ་དང་། གཞུང་རང་གི་བརྗོད་བྱ་དང་སྦྲེལ་སྒྲུབ་བྱེད་བཞི་དང་། དྲང་ངེས་ལེགས་བཤད་སྙིང་པོ་རུ་གཅིག་སྟེ་ཕལ་ཆེར་སྒྲུབ་བྱེད་བཅུའི་སྒོ་ནས་དབྱིག་གཉེན་མིན་པ་དང་མཆེ་བའི་སྡེ་ཡིན་པར་གསུངས་ཡོད། འོན་ཀྱང་གསེར་ཕྲེང་དུ་མཐའ་གཅིག་ཏུ་མཆེ་བའི་སྡེ་ཡིན་པར་ཐག་བཅད་མེད་ནའང་ལེགས་བཤད་སྙིང་པོའི་སྐབས་སུ་ངེས་ཅན་གསུངས་ཡོད་པས་མཐར་ཐུག་བཞེད་དོ།།
དང་པོ་ནི།༽ འདི་ལ་ཡང་གཙོ་བོ་ལུང་དེ་དག་བཀོད་པ་དང་། དེའི་ཕྱོགས་འཐད་མིན་ཅུང་ཟད་ཅིག་དཔྱད་པ་གཉིས་ལས། དང་པོ་ནི།༡༽གསེར་ཕྲེང་དུ། “གནོད་འཇོམས་འདི་སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་ལ། ཕྱིས་ཀྱི་མཁས་པ་ཁ་ཅིག་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། དེ་ནས་གཞན་དུ་ལུང་དྲངས་པ་རྣམས་དེར་སྣང་བ་དང༌། འདི་ཡི་ཀླད་དུ་ཡང༌། འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །ཅེས་འབྱུང་བའི་ཕྱིར་ཞེས་བཞེད་ཅིང༌། ”ཞེས་དབྱིག་གཉེན་གྱི་ཡིན་པའི་ཕྱོགས་ཀྱིས་སྒྲུབ་བྱེད་གཉིས་བཀོད་ཡོད་པ་འདི་ལ་རིམ་པ་ལྟར་དགག་པ་གནང་སྟེ། དང་པོ་ནི། ༡༽ཁ་ཅིག་གིས། ཐུབ་དགོངས་སུ་སློབ་དཔོན་དབྱིག་གཉེན་གྱི་ལུང་དྲངས་པ་དག་ཇི་ལྟ་བ་བཞིན་དུ་ཡུམ་གསུམ་གནོད་འཇོམས་སུ་ཡོད་པས་ན་དེ་དབྱིག་གཉེན་གྱི་ཡིན་པ་དང་། ཡུམ་གསུམ་གནོད་འཇོམས་ཀྱི་བརྩམ་པར་དམ་བཅའི་སྐབས་སུ་མན་ངག་རྗེས་འབྲང་དུ་གསུངས་པ་ལྟར་དབྱིག་གཉེན་གྱི་ཡིན་པར་དུ་མས་སྒྲུབ་ཅིང་ཁས་བླངས་པ་ལ། དང་པོའི་དགག་ལན་ནི། གསེར་ཕྲེང་དུ། “ཡུམ་གསུམ་གནོད་འཇོམས་ལས་ཀྱང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་ནས་བཟུང་སྟེ་ས་བདུན་པའི་བར་དུ་རྩོལ་བ་དང་བཅས་རྣམ་པར་རྟོག་པ་དང་བཅས་པའི་སྤྱོད་པའི་གནས་སྐབས་ཡིན་པར་བསྟན་ཏོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་བྱ་བ་ནི་བརྒྱད་པ་ཡན་ཆད་དོན་དམ་པའི་སྤྱོད་པ་ཡིན་པར་བསྟན་ཏོ། །ཞེས་སོགས་གསུངས་ཤིང་ཞུགས་གནས་ཀྱི་ས་མཚམས་མི་གཅིག་པར་བཤད་དོ། །ཐུབ་དགོངས་སུ། །འགྲོ་བར་རྩོམ་པ་མོས་སྤྱོད་ཞུགས་པ་ས་དང་པོ་བདུན་གནས་ནས་འགྲོ་བ་ས་ཕྱི་མ་གསུམ་ལ་བྱེད་པ་སློབ་དཔོན་དབྱིག་གཉེན་གྱི་དགོངས་པ་ཡིན་ནོ། །ཞེས་འཆད་པ་ནི་གནོད་འཇོམས་འདི་དང་མི་མཐུན་ནོ།”ཞེས་པ་འདིས་ཐུབ་དགོངས་སུ་དབྱིག་གཉེན་གྱི་ལུང་དྲངས་པའི་འཇུག་སྒྲུབ་སྐབས་ཀྱི་ས་མཚམས་འཇོག་ལུགས་འདི་ཡུམ་གསུམ་གནོད་འཇོམས་དང་མི་མཐུན་ཞིང་ཡུམ་གསུམ་གནོད་འཇོམས་སུ་ཇི་ལྟ་བ་བཞིན་དུ་མེད་པས། ཁྱོད་ཀྱིས་བཤད་པ་དེ་ལ་རྟགས་མ་གྲུབ་ཅེས་ལན་བཏབས་པའི་ཚུལ་དུ་སྣང་ངོ་།།
གཉིས་པ་ལ་ལན་བཞིའི་སྒོ་ནས་ཏེ། “བརྩམ་པར་དམ་བཅའི་རྐང་པ་འདི་གཉིས་གནོད་འཇོམས་གཉིས་ཀ་ལ་ཁྱད་མེད་པ་དང༌། མན་ངག་རྗེས་འབྲང་དུ་ཡང་ཉི་ཁྲིའི་གཞུང་འགྲེལ་ཞེས་གྲགས་ཀྱི་ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བ་དང༌། ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་དང༌། ལྔ་བརྒྱ་པ་ཐ་མའི་འགྲེལ་པར་བསྟན་པའི་གནས་ཚད་ལ་རང་ཉིད་ཀྱི་འདོད་པ་བཀོད་ནས། ཤཱན་ཏི་རཀྴི་ཏའི་བསམ་པ་ནི་ཞེས་ཞི་བ་འཚོའི་བཤད་ཡམས་མཛད་པའི་ཕྱིར་མཆེ་བའི་སྡེས་བརྩམས་པ་ཡིན་ནམ་སྙམ་སྟེ། བློ་གསལ་ཞིང་ཡིད་གཞུངས་པ་དག་གིས་དཔྱད་པར་བྱའོ།།”ཞེས་པ་ལྟར། འོ་ན། ཁ་ཅིག་ཁྱོད་རང་ལ་སྐྱོན་འདི་འབབ་སྟེ། ༢༽འབུམ་རྐྱང་བའི་གཞུང་འགྲེལ་གནོད་འཇོམས་ཆོས་ཅན། ཁྱོད་མཛད་པ་པོ་སློབ་དཔོན་དབྱིག་གཉེན་ཡིན་པར་ཐལ། ཡུམ་གསུམ་གནོད་འཇོམས་དང་ཁྱོད་གཉིས་ཀྱི་བརྩམ་པར་དམ་བཅའི་ཚིག་ལ་ཁྱད་པར་མེད་པ་གང་ཞིག མན་ངག་རྗེས་འབྲང་དུ་ཚིག་དེར་འགྲེལ་བ་བརྒྱབས་པ་དེ་ཙམ་གྱིས་དབྱིག་གཉེན་གྱི་ཡིན་པ་ཁྱོད་ཀྱིས་བཞེད་པའི་ཕྱིར། ཞེས་དགག་ལན་དང་པོ་དང་། ༣༽ཡང་གལ་ཏེ་མན་ངག་རྗེས་འབྲང་དུ་བཤད་པ་ལྟར་ཡིན་དུ་བཅུགས་ནའང་སྤྱིར་མན་ངག་རྗེས་འབྲང་དུ་ཉི་ཁྲིའི་གཞུང་འགྲེལ་ཞེས་སྔ་ཕྱི་ཀུན་ཏུ་སྣང་བ་ལས་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ཞེས་པའི་ཚིག་གཅིག་ཀྱང་མེད་པས་ན་ཁྱོད་ཀྱི་སྒྲུབ་བྱེད་དེ་ཡང་ལེགས་པར་མི་སེམས་སོ།། ཞེས་གཉིས་པ་དང་། ༤༽ཡང་ཡུམ་གསུམ་གནོད་འཇོམས་སུ་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་བཤད་པ་ལ་རྣམ་འགྲེལ་ཞེས་པའི་གཞུང་དུ་ཁ་འཕངས་པའམ་གསལ་ཚུལ་བཤད་པ་དེ། བཙུན་པའི་ཉི་ཁྲི་རྣམ་འགྲེལ་དུ་ཡོད་པས་མི་འཐད། དེའི་རྒྱུ་མཚན་ཡང་བཤད་ཚུལ་གཉིས་ཏེ། དུས་ཀྱི་དབང་དུ་བྱས་ཏེ་བཙུན་པ་གྲོལ་སྡེ་སློབ་དཔོན་དབྱིག་གཉེན་གྱི་ཕྱིས་ཕྱིས་སུ་བྱུང་བ་ལ་བསྟན་བཅོས་རྩོམ་དུས་སོགས་ཀྱིས་མི་འགྲིག་པས་དེ་ལྟར་དུ་བཤད་པ་དང་། ཡང་ན་སློབ་དཔོན་གྱིས་རང་གི་ཡང་སློབ་ཅིག་གི་གཞུང་དུ་ཁ་འཕངས་པ་འདི་མི་རིགས་པར་སེམས་ཏེ་དེ་ལྟར་དུ་བཤད་པར་སྣང་། ཞེས་གསུམ་པ་དང་། ༥༽ཡང་གནོད་འཇོམས་ཆོས་ཅན། ཁྱོད་རྩོམ་པོ་དབྱིག་གཉེན་མིན་ཏེ། སྐབས་བཞི་བའི་སྦྱོར་བའི་ཡོན་ཏན་དྲུག་པའི་བཤད་བྱ་རྩ་བའི་མདོའི་འགྲེལ་བའི་སྐབས་སུ་སློབ་དཔོན་ཞི་འཚོའི་བཤད་ཡམས་སམ་ཁོང་ལ་ཟུར་ཟ་མཛད་ཡོད་པ་གང་ཞིག ཞི་འཚོ་དབྱིག་གཉེན་གྱི་ཕྱིས་སུ་བྱུང་ལ། གལ་ཏེ་དུས་མཉམ་ཡིན་ནའང་དབྱིག་གཉེན་ནི་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་ཅིང་འབུམ་སྡེ་དགུ་བརྒྱ་རྩ་དགུའམ་བརྒྱད་ཅུའི་དོན་ཇི་ལྟ་བར་ཐུགས་སུ་ཆུད་ཅིང་དོན་རྟོགས་པའི་ཀུན་མཁྱེན་གཉིས་པར་གྲགས་ན། ཞི་འཚོ་དང་ཁོང་རྣམ་གཉིས་མཇལ་འཕྲད་གནང་རིག་པ་ལ་མཇལ་བའི་ལོ་རྒྱུས་ཁུངས་ཐུབ་གཅིག་ཀྱང་བྱུང་མྱོང་མེད་པའི་ཕྱིར་ཞེས། དགག་ལན་བཞི་བའོ།།
གཉིས་པ།༽ གཞུང་རང་གི་བརྗོད་བྱ་དང་སྦྲེལ་སྒྲུབ་བྱེད་བཞི་བཀོད་པ་ནི། རིམ་པ་ལྟར། ༡༽གདམས་ངག་སྐབས་ཀྱི་གསེར་ཕྲེང་ལས། “གནོད་འཇོམས་འདི་ལས་ནི་འདུས་བྱས་ཐམས་ཅད་ཀུན་བརྟགས་སུ་བཤད་ནས་དེ་ཐམས་ཅད་རང་སྟོང་དུ་གསུངས་ཤིང་སྐྱེ་མེད་འགག་མེད་རྣམས་ཀྱང་སྒྲ་ཇི་བཞིན་པར་མཛད་ནས་སྐྱེ་འགག་སེལ་བའི་རིགས་པ་རིགས་ཚོགས་བཞིན་འཆད་པས་སེམས་ཙམ་མིན་ལ། ཁྱད་པར་དུ་མདོ་འདི་རྟོག་པ་བཅུའི་གཉེན་པོར་མི་འཆད་ཅིང་མདོ་རྒྱན་འགྲེལ་པར་བཤད་པ་དང་ཡང་བཤད་ཚུལ་མི་མཐུན་པས་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །”ཞེས་རང་སྟོང་གི་ལྟ་བ་སྟེ་མདོ་ལས་སྐྱེ་འགག་མེད་པར་གསུངས་པ་སོགས་སྒྲ་བཞིན་དུ་ཁས་ལེན་ཞིང་ཀླུ་སྒྲུབ་ཡབ་སྲས་དང་སངས་རྒྱས་བསྐྱངས་ཟླ་གྲགས་སོགས་ཇི་བཞིན་དུ་ཁྱད་པར་མེད་པར་བཤད་པས་དང་། མ་ཟད་གལ་ཏེ་འདི་དབྱིག་གཉེན་གྱི་ཡིན་ན་ཁོང་གི་གཞུང་གཞན་དང་བཤད་ཚུལ་མཐུན་དགོས་པ་ལ། མདོ་དང་འདིའི་སྐབས་སུ་སྒྲུབ་པ་ལ་གདམས་པའི་མདོ་བཅུ་རྟོག་པ་བཅུའི་གཉེན་པོར་མི་འཆད་པ་དང་། མདོ་སྡེ་རྒྱན་གྱི་འགྲེལ་བར་འཆད་པ་དང་བཤད་ཚུལ་མི་མཐུན་ཞིང་། སྤྱིར་བཏང་དབྱིག་གཉེན་གྱིས་འཁོར་ལོ་ཐ་མའི་རྗེས་སུ་འབྲང་སྟེ་སེམས་ཙམ་བཞིན་བཀྲལ་བ་སྟེ་རྣམ་བཤད་རིགས་པ་ལས་བཤད་པ་དང་ཡང་ཆེས་མི་མཐུན། གནོད་འཇོམས་བམ་པོ་ཉེར་གཅིག་པར་རིགས་ངེས་བྱང་སེམས་ཀྱིས་ས་བརྒྱད་པར་ཉོན་མོངས་སྤོང་པར་བཤད་པ་དེ་ཐོགས་མེད་ཀྱི་ཀུན་བཏུས་སུ་རིགས་ངེས་བྱང་སེམས་ཀྱིས་སྒྲིབ་གཉིས་ཅིག་ཅར་སྤོང་བར་གསུངས་པ་དང་འགལ་བས་མི་འཐད་པ་ཡིན་སྙམ་ཞེས། དགག་ལན་དང་པོ་དང་། ༢༽བདེན་བཞིའི་སྐབས་ཀྱི་གསེར་ཕྲེང་ལས། “གནོད་འཇོམས་ལས་ལུང་སྔ་ཕྱི་འདི་རྣམས་དྲངས་ནས་སྐྱེ་འགག་འགོག་པའི་རིགས་པ་རྣམས་བརྗོད་པ་ནི། སློབ་དཔོན་སངས་རྒྱས་བསྐྱངས་དང་དཔལ་ལྡན་ཟླ་བ་གྲགས་པས་བཀོད་པའི་རིགས་པ་དང་ཁྱད་པར་མེད་པར་སྣང་ཞིང་འདིས་སྐྱེ་འགག་མེད་པ་དངོས་པོ་ཐམས་ཅད་ལ་མཛད་པ་དང༌། སེམས་ཙམ་པ་དངོས་པོ་སྐྱེ་འགག་མེད་པར་བཤད་པ་ཀུན་བཏགས་པ་ལ་འདོད་ཅིང་གཞན་དབང་སྐྱེ་བ་མེད་པ་ལ་གསུངས་པ་རང་གི་ངོ་བོས་མི་སྐྱེ་བ་ཡིན་ལ་རྐྱེན་གཞན་ལས་སྐྱེའོ་ཞེས་པ་རྣམས་མཚུངས་པའི་སྐབས་ག་ལ་ཡོད།”ཅེས་སྔར་ལྟར་དགག་ཚུལ་མཚུངས་པར་འདིར་རྒྱས་སྤྲོས་མི་དགོས་པར་བྱས་ཏེ། དགག་ལན་གཉིས་པ་དང་། ༣༽དགེ་འདུན་ཉི་ཤུའི་གསེར་ཕྲེང་གི་སྐབས་སུ། “དེ་ན་གནོད་འཇོམས་ཆེ་བས་ཡོད་པ་བཞག་ནས་མེད་པ་བཙལ་བ་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོ། །”ཞེས་པ་ལྟར་རྒྱལ་སྲས་ཞེ་བརྒྱད་ཀྱི་ཞེ་གཉིས་པའི་ཐད་དུ་མདོ་ན་ཡོད་པའི་དགེ་བཅུའི་ལས་ལམ་མི་གཏོང་བའི་སེམས་དཔའ་མ་བགྲངས་བར་མདོ་ན་མེད་པའི་ཕྱོགས་བཅུ་སྡོམ་པའི་སེམས་དཔའ་གཅིག་ཏུ་བགྲངས་བ་གང་ཞིག ཀུན་མཁྱེན་གཉིས་པ་སློབ་དཔོན་དབྱིག་གི་གཉེན་པོ་དེ་ཙམ་ལའང་འཁྲུལ་བ་ག་ལ་སྲིད་ཅེས། གསུམ་པ་དང་། ༤༽ཡང་ཚོགས་སྒྲུབ་སྐབས་ཀྱི་གསེར་ཕྲེང་དུ། “གལ་ཏེ་གསུམ་གྱི་གནོད་འཇོམས་སུ་ཆོས་ཉིད་ཀྱི་མིག་ལ་སོགས་པ་རྣམ་བཏགས་དང་ཀུན་བཏགས་ཀྱི་མིག་ལ་སོགས་པས་སྟོང་པར་གསུངས་པའི་སྟོང་ཉིད་དང་ཕྱོགས་འདི་རྗེས་སུ་མཐུན་ཞེ་ན། སྟོང་པ་ཉིད་ཀྱི་ཚུལ་འདི་འཕགས་ཡུལ་གྱི་མཁས་པ་ཞིག་གིས་བཀྲལ་བར་འདོད་ན་གནོད་འཇོམས་འདི་དང་མཐུན་པར་འདོད་དགོས་ཏེ། འདི་དང་འདིའི་རྗེས་སུ་མཐུན་པ་འབུམ་གྱི་གནོད་འཇོམས་དང་མན་ངག་རྗེས་འབྲང་གསུམ་དུ་ཆོས་ཉིད་སྟོང་གཞིར་བྱས་ནས་ཀུན་བརྟགས་གཞན་དབང་གཉིས་ཀྱིས་སྟོང་པར་གསུངས་ཀྱི་གཞན་དབུ་སེམས་ཀྱི་པཎྜི་ཏ་ཆེན་པོ་སུས་ཀྱང་དེ་ལྟར་མ་བཤད་པས་སོ། །”ཞེས་པ་ལྟར་གནོད་འཇོམས་སུ་ཡོངས་གྲུབ་སྟོང་གཞིར་བྱས་ནས། ངོ་བོ་ཉིད་གཞན་གཉིས་ཀྱིས་སྟོང་པ་བདག་མེད་མཐར་ཐུག་ཏུ་བཞག་པ་གང་ཞིག བཤད་ཚུལ་འདི་ནི་དབུ་སེམས་གང་དང་ཡང་མི་མཐུན་ཞིང་། སློབ་དཔོན་དབྱིག་གཉེན་ནི་སེམས་ཙམ་པའི་ཤིང་རྟའི་སྲོལ་འཛིན་ཆེན་མོ་ཟིག་ཡིན་པ་ལ་དེ་ལྟར་ནང་འགལ་བཤད་པ་མི་སྲིད་པས་སོ།། ཞེས་སྔར་ལྟར་དགག་པ་མཛད་པ་དང་བཞིའོ།།
གསུམ་པ།༽ དྲང་ངེས་ལེགས་བཤད་སྙིང་པོ་ནས་གསུངས་པ་ནི། གནོད་འཇོམས་ལ་རྩོད་པ་སྤོང་པའི་སྐབས་སུ། “འདི་ལས་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་པ་བཞིན་དུ་ཉི་ཁྲི་རྣམ་འགྲེལ་ན་ཡོད་ཅིང༌། གཞན་དབང་དང་ཡོངས་གྲུབ་གཉིས་ཀ་ཡིན་ལུགས་དཔྱོད་པའི་རིགས་པས་དཔྱད་བཟོད་བཀག་པའི་ཕྱིར་དང༌། དབྱིག་གཉེན་གྱིས་ཡུམ་གྱི་མདོའི་དགོངས་པའི་དོན་དགོངས་འགྲེལ་གྱིས་བཤད་པ་བཞིན་དུ་བྱེད་དགོས་པར་རྣམ་བཤད་རིགས་པ་ལས་བཤད་པ་དང་བཤད་ཚུལ་ཆེས་ཤིན་ཏུ་མི་མཐུན་པའི་ཕྱིར་དབྱིག་གཉེན་གྱིས་མཛད་པ་མིན་ལ། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་དཾཥྚ་སེ་ནས་མཛད་པར་གྲགས་པ་ལྟར་ཡིན་ནོ། །”ཞེས་སྔར་གྱི་གསེར་ཕྲེང་དུ་བཀོད་པ་དག་ལས་གཞན་གྱི་སྒྲུབ་བྱེད་གསར་བ་ཞིག་མ་ཡིན་ཞིང་། སྐབས་འདིར་གཙོ་བོ་ཁ་ཆེ་མཆེ་བའི་སྡེའི་ཡིན་ཞེས་ཐག་བཅད་ཡོད་པས། སྔར་གསེར་ཕྲེང་སྐབས་ཀུན་ཏུ་ཕལ་ཆེར་ཡིན་ལས་ཆེ་སྙམ་པའི་ཐེ་ཚོམ་གྱི་ཚུལ་མཛད་པ་ལས་ཐག་བཅད་མེད་ཀྱང་འདིར་ངེས་ཅན་གྱིས་ཐག་བཅད་ཡོད་པས་རྗེ་ཉིད་ཀྱི་དགོངས་པ་འདི་འདྲ་ཞིག་ལ་བསམ་སྟེ། སྒྲུབ་བྱེད་ཕྲ་རགས་དུ་མིན་གྱི་སྒོ་ནས་ངལ་བ་ལ་མ་འཛེམས་པར་དབྱིག་གཉེན་གྱི་མིན་པར་སྒྲུབ་པ་འདི་ནི་ཆེས་ཤིན་ཏུ་དགའ་འོས་པའི་ལྟ་བའི་མེ་ལོང་ཞིག་ཏུ་འཁུམས་སོ།། དེ་ལྟར་དུ་ཕྱིས་ཀྱི་རྗེས་འབྲང་ཕལ་མོ་ཆེས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ཀུན་ལ་ཞིབ་གཟིགས་བྱས་ཡོད་མེད་ཅི་ཆ་སྟེ་གང་ལྟར་རྗེ་ཉིད་ཀྱི་གསུངས་པ་བཞིན་དུ་དང་དུ་བླངས་ཏེ་ཚད་མར་བཟུང་སྟེ་གནའ་ནས་ད་ལྟའི་བར་དུ་ཡོངས་གྲགས་སུ་གྱུར་ཡོད་པར་སྣང་ངོ་།།
གཞན་ཉ་དབོན་ཀུན་དགའ་དཔལ་གྱིས་ཀྱང་། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་དུ། “འདི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཞེས་བཅོམ་རལ་དང་ཆོས་རྗེ་ཀུན་མཁྱེན་པ་གསུངས་ཤིང་བུ་སྟོན་རིན་པོ་ཆེའང་ཕུགས་ཀྱིས་དེར་བཞེད་མོད་ཀྱི། འོན་ཀྱང་འབུམ་འགྲེལ་གནོད་འཇོམས་དང་ཡུམ་གསུམ་གནོད་འཇོམས་མ་ཕྱེད་/ཡིག་ཆུང་(གནོད་འཇོམས་ཊཱིཀ་གསུང་སྒྲོས་གཉིས་སུ་བལྟའོ།།)སྣང་ངོ་།། /ཡིག་ཆུང(གནས་དྲུག་པ)ཁ་ཅིག་ཡུམ་གསུམ་འགྲེལ་བ་གནོད་འཇོམས་འདི་ཌཾཥྚ་སེ་ནས་མཛད་ཅིང་། འབུམ་འགྲེལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་གསལ་ཟེར་རོ།། ”ཞེས་གསུངས་པ་ལྟར་ཀུན་མཁྱེན་ཉ་དབོན་གྱིས་ཀྱང་ཚིག་ཟུར་འདི་དང་བསྟུན་ན་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་མིན་པ་ཤིན་ཏུ་གསལ་ལ། དེ་ཡང་ཁོང་གི་དངོས་སློབ་མཁས་པ་ཆེན་པོ་གཉག་དབོན་བསོད་ནམས་བཟང་པོས་ཀྱང་། ཆོས་འབྱུང་རིན་པོ་ཆེའི་གཏེར་ལས། “སྒོ་གསུམ་རྣམ་གྲངས་བཅུ་གཅིག་ཏུ་སྟོན་པ་འབུམ་ཊཱིཀ་སྟེ། འདི་བུ་དོལ་གཉིས་དབྱིག་གཉེན་གྱི་གཞུང་འགྲེལ་དུ་བཞེད་ཅིང་མཁས་པ་གནས་དྲུག་པ་དང་མཁན་ཆེན་ཀུན་དགའ་དཔལ་ལ་སོགས་པ་རྒྱུ་མཚན་དུ་མའི་སྒོ་ནས་དབྱིག་གཉེན་གྱི་མིན་པར་བཞེད་དོ་ཕྱི་མ་འཐད་པར་སེམས་སོ།།”ཞེས་གསུངས་པ་ལྟར་མིན་པར་བཞེད་པའི་ལུགས་དུ་མ་ཡོད་དོ།། འོན་ཀྱང་འདིར་ཅུང་ཟད་དོགས་པ་ཞིག་ལ། ཉ་དབོན་གྱི་གསུངས་ཟུར་དུ། “འོན་ཀྱང་འབུམ་འགྲེལ་གནོད་འཇོམས་དང་ཡུམ་གསུམ་གནོད་འཇོམས་མ་ཕྱེད་སྣང་ངོ་།།”ཞེས་གནོད་འཇོམས་ཆེ་ཆུང་གཉིས་ལ་ཁྱད་མ་བྱས་པ་སྟེ་འབུམ་རྐྱང་བའི་འགྲེལ་བ་དེ་དབྱིག་གཉེན་གྱི་ཡིན་པ་ལ་བཅོམ་རལ་བུ་དོལ་དག་གིས། དེའི་སྟབས་ཀྱིས་ཡུམ་གསུམ་གནོད་འཇོམས་ཡང་ཡིན་ཞེས་ཁས་བླངས་འདུག་ཀྱང་། དོན་གྱིས་འབུམ་རྐྱང་བ་དང་ཡུམ་གསུམ་གྱི་འགྲེལ་བ་གཉིས་ལ་ཁྱད་ཡོད་པས་མི་འཐད། ཅེས་དེ་ལྟར་དུ་གསུངས་འདུག་པར་སྣང་ན། ཉ་དབོན་གྱི་ཐུགས་སུ་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་མིན་པ་ཤིན་ཏུ་གསལ་ལ། འབུམ་རྐྱང་བའི་འགྲེལ་བ་དེ་ནི་སུ་དང་གང་ཡང་མི་མཐུན་པར་དབྱིག་གཉེན་གྱི་ཡིན་པའི་ཚུལ་ཞིག་མཛད་ཡོད་ན། རེ་ཞིག་འདིའི་ཕྱོགས་སྐབས་སུ་མ་བབ་སྟེ་སྔར་བཤད་པ་ལྟར་རེ་ཞིག་དོར་རོ།།
གཉིས་པ་ནི།༢༽ དེའི་ཕྱོགས་དེ་འཐད་མིན་ལ་ཅུང་ཙམ་སྤྲོས་པས་བཤད་ན། རིམ་པ་ལྟར་རྗེས་དགག་ལན་གནང་བ་དེ་དག་ལ་རང་ནུས་ཅི་ལྕོགས་ཀྱིས་མི་འགྲིག་ཅེས་ཁ་ཚོན་ཆེན་པོས་མི་ནུས་ཏེ་རྗེ་རིན་པོ་ཆེའི་གསུང་གི་ཆ་ཤས་ཙམ་ལའང་རྒྱ་མཚོ་ལས་གཏིང་ཟབ་ཅིང་རི་བོ་ལས་དཔང་མཐོ་བའི་བརྗོད་བྱ་ཕུན་སུམ་ཚོགས་ན། ང་འདྲའི་སོ་སྐྱེས་ཐ་མར་བ་ཞིག་གིས་ཇི་ལྟར་ནུས་ཏེ་མི་ནུས་སོ།། འོན་ཀྱང་ཕྲན་གྱིས་རང་གཞན་ཀུན་གྱི་བློ་གྲོས་ལ་ཅུང་བརྗེད་ཐོ་ཞིག་གི་ཚུལ་ལམ་ཕྱོགས་གང་ནས་བལྟས་ཀྱང་ཐུགས་བསམ་ཞིག་བཏང་ན་ལེགས་པར་སེམས་ཏེ། འདིར་དམིགས་ཡུལ་གཞན་གྱིས་མ་གོས་པར་གང་འཚམས་ཤིག་གིས་རྗེ་ཉིད་ཀྱི་སྒྲུབ་བྱེད་དེ་དག་ལ་དོགས་གཞི་ཞིག་གི་ཚུལ་བཟུང་སྟེ། རང་ལུགས་བུ་སྟོན་དང་ཀུན་མཁྱེན་རིན་པོ་ཆེ་སོགས་ཀྱི་རྗེས་སུ་འབྲང་ནས་འདིར་བཤད་པར་མོས་ན། དེ་ཡང་སྔར་གྱི་རྩ་བའི་ས་བཅད་གཉིས་པ་སྟེ་དབྱིག་གཉེན་གྱི་ཡིན་པར་བཞེད་པའི་ལུགས་ཀྱི་ལུང་ཚིག་དག་འདིར་བཀོད་ནས་ལན་དངོས་ཕྱིས་སུ་འབྲི་བར་སྤྲོ་བས་རེ་ཞིག་འདིར་མི་བཤད་དོ།།
གཉིས་པ།༽ བུ་སྟོན་རིན་ཆེན་གྲུབ་ཀྱིས་བུ་སྟོན་ཆོས་འབྱུང་དུ། “རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་བའི་འགྲེལ་ཆེན་བམ་པོ་བདུན་ཅུ་རྩ་བརྒྱད་ཅུང་ཟད་མ་འགྱུར་བ་འདི་འཕང་ཐང་མར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བྱས་པར་བྲིས་མོད་ཀྱི། དཀར་ཆག་གོང་མ་གཉིས་སུ་རྒྱ་གར་མར་བཤད་པས་དཾཥྚ་སེ་ནས་བྱས་པ་དེ་ཡིན་ནོ།། རྒྱལ་བའི་ཡུམ་སྟོང་ཕྲག་བརྒྱ་བ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་རྣམས་ཀྱི་གཞུང་འགྲེལ་བམ་པོ་ཉི་ཤུ་རྩ་བདུན་པ་བསྒྱུར་འཕྲོ་དཾཥྚ་སེ་ནས་བྱས་ཟེར་བ་མང་མོད་ཀྱི་འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལ་སོགས་པར་ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར་དང་། དབུར་ཡང་། འདི་ཡི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད།། ཅེས་འབྱུང་བའི་ཕྱིར་རོ།།”ཞེས་ཐུབ་དགོངས་སུ་ཉི་ཁྲིའི་གཞུང་འགྲེལ་གྱི་ཚིག་དྲངས་པ་དག་ཡུམ་གསུམ་གནོད་འཇོམས་སུ་ཡོད་པ་དང་། གནོད་འཇོམས་ཀྱི་རྩོམ་པར་དམ་བཅའི་ཚིག་དེ་མན་ངག་རྗེས་འབྲང་གིས་བཀྲལ་བ་ལྟར་ཞེས་སྒྲུབ་བྱེད་གཉིས་བཀོད་ཡོད། རྒྱས་པར་འོག་ཏུ་བཀྲལ། ཀུན་མཁྱེན་རིན་པོ་ཆེས་ཀྱང་། ཕར་ཕྱིན་མདོ་ལུགས་མ་ལས། “རྒྱལ་བ་བྱམས་པའི་དངོས་སློབ་ཤིང་རྟ་ཆེན་པོ་སློབ་དཔོན་དབུ་མ་པ་དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱང་། འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་སྟེ། ཡུམ་རྒྱས་འབྲིང་བསྡུས་པ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས།”ཞེས་སོགས་ཡང་ཡང་འབྱུང་ཞིང་དབྱིག་གཉེན་གྱི་ཡིན་པར་དོགས་པའི་ཟུར་ཙམ་ཡང་ཀུན་མཁྱེན་ཁོང་ལ་མེད་པར་སྣང་། དེ་བས་ན་ཡིན་པའི་སྒྲུབ་བྱེད་སོགས་ཀྱང་དམིགས་བསལ་ཀྱིས་གསུངས་མེད་པར་སྣང་། དེ་བཞིན་དུ། ཇོ་ནང་ལོ་ཙཱ་བ་ཆོས་གྲགས་དཔལ་གྱིས་ཀྱང་། བོད་དཔེ་བཞི་དང་རྒྱ་གར་ཡུལ་དབུས་ཀྱི་དཔེ་གཉིས་ལ་གཏུགས་ནས་བསྒྱུར་བཅོས་བྱས་པའི་ཡུམ་གསུམ་གནོད་འཇོམས་ཀྱི་འགྱུར་བྱང་ལས། “འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་ཁྲི་བརྒྱད་སྟོང་པའི་ཡོངས་སུ་བཤད་པ་རྫོགས་པ་ཁྱད་པར་དུ་འཕགས་པ་དང་། ཉི་ཁྲི་ལྔ་སྟོང་པ་ཅུང་ཟད་བཤད་པ་འདི་ནི་མདོ་སྡེ་མཐའ་དག་གི་དེ་ཁོ་ན་ཉིད་རིག་ཅིང་འཕགས་པ་བྱམས་པ་མགོན་པོའི་ཞབས་རང་ཉིད་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། ”ཞེས་ཡུམ་གསུམ་གནོད་འཇོམས་དེའི་འགྱུར་བྱང་དུ་དེ་ལྟར་དུ་གསུངས་པ་ན་ལོ་ཙཱ་བ་དུ་མས་མཉམ་གཅིག་ཏུ་བསྒྱུར་གནང་མཛད་པའི་སྐབས་འདིར་ཁོང་གིས་བྱ་བ་གཞན་ལ་བྲེལ་མི་སྲིད་པར་སྣང་། དེས་ན་འདི་ཙམ་ཡང་ཁུངས་ཚད་ལྡན་དུ་མི་འགྲོ་བའི་ངེས་པ་མེད་པར་སྣང་ལྷག་པར་རིག་རལ་ནི་དཀར་ཆག་བསྟན་པ་རྒྱས་པ་དང་ཉི་མའི་འོད་ཟེར་སོགས་བརྩམས་གནང་མཛད་མཁས་ཀྱི་མཁས་པ་ཞིག་གིས་འདི་ལྟར་ཁུངས་མེད་ཀྱི་གསུངས་གནང་པ་ཡང་མི་སྲིད་པར་སྣང་ངོ་།། འདི་དག་གིས་ཀྱང་ཁུངས་བཅོལ་ཡུལ་གྱི་རྒྱ་གཞུང་ཚད་ལྡན་ནི་སྔར་རྗེ་རིན་པོ་ཆེ་སོགས་ཀྱིས་ཁ་ཅིག་ཏུ་བཟུང་བའི་ཐུབ་པ་དགོངས་རྒྱན་དང་མན་ངག་རྗེས་འབྲང་གཉིས་ཡིན་པར་ལྡོག་ཏུ་མེད་ལཱ། དེ་བས་དེ་དག་རིམ་བཞིན་ད་ནི་རྒྱས་སྤྲོས་ཀྱི་ཚུལ་གྱིས་རང་བློས་ལྕོགས་ཚོད་ཀྱིས་གང་མཚམས་ཤིག་དཔྱད་པར་མོས་པས་འདིར་བཤད་ན།
འདིར་ཡང་དང་པོ།༽ཐུབ་དགོངས་སུ་ཉི་ཁྲིའི་གཞུང་འགྲེལ་གྱི་ལུང་དྲངས་པ་དག་ཡུམ་གསུམ་གནོད་འཇོམས་སུ་མེད་པ། རྗེ་ཉིད་ཀྱི་གསེར་ཕྲེང་སྐབས་སུ་སྔར་ལུང་དྲངས་པ་བཞིན། འཇུག་སྒྲུབ་ཀྱི་དབྱེ་བ་དག་གི་ས་མཚམས་འཇོག་ལུགས་དེ་ཐུབ་དགོངས་སུ་དབྱིག་གཉེན་གྱི་དགོངས་པ་ཡིན་ཞེས་བཤད་པ་དེ་དང་ཡུམ་གསུམ་གནོད་འཇོམས་སུ་བཞག་པ་གཉིས་མི་མཐུན་པར་ཆགས་ཡོད་སྟབས་དེ་བས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་མིན་ཞེས་གསུངས་ཡོད་པ་དེ་རེད། དེ་ནི་ཅུང་ཟད་མི་འཐད་པར་སྣང་སྟེ། གསེར་ཕྲེང་དུ་དྲངས་པའི་ཡུམ་གསུམ་ནོད་འཇོམས་ཀྱི་ཚིག་དེ་ད་ལྟའི་ཡུམ་གསུམ་གནོད་འཇོམས་སོགས་སུ་ཚིག་ཇི་བཞིན་མི་སྣང་བ་འདྲ་ལ། མ་ཟད་འོན་ཀྱང་ཐུབ་དགོངས་རང་དུ་ཚིག་དེ་ཇི་བཞིན་དུ་དྲངས་ཡོད་པ་འདི་ལྟ་སྟེ། ཐུབ་པ་དགོངས་རྒྱན་ལས། “སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་དུ་གོ་ཆ་ཆེན་པོ་བགོས་པ་ཞེས་པ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་ནས་བསམ་པ་རྒྱ་ཆེ་བར་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ནས་བཟུང་ནས་བདུན་པ་ཇི་སྲིད་པ་འབད་པ་དང་བཅས་རྣམ་པར་རྟོག་པ་དང་བཅས་པར་སྤྱོད་པའི་གནས་སྐབས་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ཞེས་པ་ནི་བརྒྱད་པ་ནས་བཟུང་སྟེ་དོན་དམ་པར་སྤྱོད་པ་བསྟན་པའོ། །དེ་ལ་གོ་ཆ་ཆེན་པོ་རྣམ་པ་གཉིས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་བརྩོན་པའི་ཕྱིར་བསམ་པ་རྒྱ་ཆེ་བ་ལས་དང་། སྒྲུབ་པ་གཅིག་ཁོ་ནར་སྒྲུབ་པ་ཐམས་ཅད་རྫོགས་པས་སྒྲུབ་པ་རྒྱ་ཆེ་བ་ནས་ཇི་སྲིད་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་ཞེས་བརྗོད་དོ་ཞེས་པའི་མཐར་ཐུག་པ་གསུངས་སོ།།”ཞེས་དེ་ལྟར་དུ་གསུངས་ནས་དབྱིག་གཉེན་གྱི་གཞུང་འགྲེལ་གྱི་ཚིག་དེ་སྒྲ་ཇི་བཞིན་དུ་ཁས་བླངས་ཡོད་པར་སྣང་། མ་ཟད་རྗེ་ཉིད་ཀྱིས་གསེར་ཕྲེང་དུ་དྲངས་པའི་ཐུབ་དགོངས་རང་གི་ཚིག་དེ་ཇི་བཞིན་ཐུབ་དགོངས་སུ་མེད་པར་འདྲ་བས། ཡུམ་གསུམ་གནོད་འཇོམས་ཀྱི་ཚིག་དེ་ཐུབ་དགོངས་སུ་ཡོད་པ་ཇི་བཞིན་གསེར་ཕྲེང་དུ་རྗེས་དྲངས་པར་སྣང་ལ། དེ་ཡང་ཐུབ་དགོངས་ཀྱིས་སྒྲ་ཇི་བཞིན་དུ་ཤེས་བྱེད་དུ་དྲངས་པས་ན་ཤེས་བྱེད་དུ་དྲངས་བཞིན་དུ་དགོངས་པ་ལོགས་སུ་བཀྲལ་མཁན་མཁས་པ་དེ་ལྟ་བུ་ལ་རྗེ་རིན་པོ་ཆེ་མཆོག་གིས་གདངས་འཇོག་བྱེད་ག་ལ་ནུས་ཏེ་མི་ནུས་པར་སེམས། རྗེ་རིན་པོ་ཆེས་ཐུབ་དགོངས་དང་ཡུམ་གསུམ་གནོད་འཇོམས་གཉིས་འགལ་ཡོད་ཅེས་གསུངས་པ་དེར་ཞིབ་ཀྱིས་གཞིག་སྟེ་ཁུངས་དང་བཅས་ད་དུང་བརྟག་དགོས་པར་སེམས། གལ་ཏེ་རྟག་པ་མཐར་བཟུང་བྱས་ཏེ་བཤད་ན་འདི་དག་རྗེའི་གསེར་ཕྲེང་དུ་བྱུང་བ་ལྟར་ཅི་ལྟ་བ་བཞིན་ཡིན་དུ་ཆུགས་ཀྱང་ཐུབ་དགོངས་ཀྱིས་ཡུམ་གསུམ་གནོད་འཇོམས་ཀྱི་དགོངས་པ་ཇི་བཞིན་ལོན་ཡོད་དགོས་པའི་ངེས་པ་ཡང་མེད་ལ། མ་ཟད་ཐུབ་དགོངས་ཀྱིས་དབྱིག་གཉེན་གྱི་དགོངས་པ་ཅི་ཙམ་བཀྲལ་ཡོད་པ་དེ་དག་ཐམས་ཅད་གཅིག་ཀྱང་མ་ནོར་བར་དབྱིག་གཉེན་དང་མཐུན་དགོས་པ་དེ་བས་ཀྱང་ཁ་ཚོན་ཆོད་མི་ནུས་པས་འདི་ཕྱོགས་ན་སྒྲུབ་བྱེད་ཀྱི་རིགས་པ་བཀོད་པ་འདི་དག་ཞིབ་དཔྱད་བྱེད་པར་མ་འཚལ། དེས་ན་ཐུབ་དགོངས་སུ་ཉི་ཁྲིའི་གཞུང་འགྲེལ་གྱི་ལུང་དྲངས་པ་ལྟར་དུ་ཡུམ་གསུམ་གནོད་འཇོམས་སུ་ཡོད་པ་གསལ་ཐག་ཆོད་ཅིག་འདིར་བཀོད་ན། འདི་ལྟ་སྟེ། ཐུབ་པ་དགོངས་རྒྱན་ལས། “འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པར་ཡང་། གཞུང་འགྲེལ་གྱི་རྣམ་པ་ལྔར་བཀྲོལ་ཏེ། རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་དག་པའོ།། དེ་ནས་བདུན་པ་ཇི་སྲིད་པར་འབད་པ་དང་བཅས་པར་མཚན་མ་མེད་པར་གནས་པའོ།། བརྒྱད་པ་ལ་ལྷུན་གྱིས་གྲུབ་པར་མཚན་མ་མེད་པར་གནས་པའོ།། དེ་ནས་བཅུ་བའི་ཐར་ལ་སྤྱོད་པ་ངེས་པ་ལ་ཞུགས་པའོ།། དེ་ནས་གོང་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ།། ”ཞེས་གསུངས་པ་འདི་ནི། ཡུམ་གསུམ་གནོད་འཇོམས་སུ། “བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔ་སྟེ། ལྷག་པའི་བསམ་པ་དག་པ་དང་། རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་དང་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་དང་། སྤྱོད་པ་ངེས་པ་ལ་ཞུགས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཏེ། དེ་དག་ནི་འདིར་གཏོགས་སོ། །ས་དང་པོ་ལ་གནས་པ་རྣམས་ནི་ལྷག་པའི་བསམ་པ་དག་པའོ། །ས་བདུན་པའི་བར་དུ་ནི་རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་དག་གོ། །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་དག་གོ། །དེ་ནས་ས་བཅུ་པའི་བར་དུ་ནི་སྤྱོད་པ་ངེས་པ་ལ་ཞུགས་པ་དག་གོ། །དེ་ཡན་ཆད་ནི་སྐྱེ་བ་གཅིག་གིས་ཐོགས་པ་དག་གོ། །དེ་ལ་གཟུངས་ཐོབ་པ་ཞེས་བྱ་བ་ནི་འཛིན་པར་བྱེད་པས་ན་གཟུངས་ཞེས་བྱའོ།།”ཞེས་ཚིག་རྒྱས་བསྡུས་ཙམ་ལས་ཇི་བཞིན་དུ་ཡོད་པ་འདི་ཆེས་འབུལ་དུ་ཐོན་པའི་བུ་སྟོན་ཐམས་ཅད་མཁྱེན་པ་དང་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་སོགས་ཀྱིས་སྒྲུབ་བྱེད་རྣམ་དག་ཅིག་ཏུ་འཁུམས་ཤིང་ད་དུང་པཎྜི་ཏ་གནས་བརྟན་ཆེན་པོ་སྟོབས་བཅུ་དཔལ་བཤེས་གཉེན་གྱིས་མཛད་པའི་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས། “སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་ལས་རྣམ་པ་ལྔར་བཀྲལ་ལོ། ། འདི་ལྟ་སྟེ། ས་དང་པོ་རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་རྣམ་པར་དག་པའོ། །ས་དྲུག་ལ་རྩོལ་བ་བཅས་པ་མཚན་མ་མེད་པ་ལ་གནས་པའོ། །བརྒྱད་པ་ལ་རྩོལ་བ་མེད་པ་མཚན་མ་མེད་པ་ལ་གནས་པའོ། །ས་གཉིས་ལ་ངེས་པའི་སྤྱོད་པ་ལ་རབ་ཏུ་ཞུགས་པའོ། །དེའི་སྟེང་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ་ཞེས་སོ།།”ཞེས་ཇི་ལྟ་བ་བཞིན་སློབ་དཔོན་དབྱིག་གཉེན་ཁུངས་སུ་བཅོལ་བ་འདི་དག་ཀྱང་ཡུམ་གསུམ་གནོད་འཇོམས་ཀྱི་ཚིག་དེ་དང་མཐུན་པར་དྲངས་ཡོད་པས་འདི་དག་སྒྲུབ་བྱེད་དུ་མི་འགྲོ་བའི་ངེས་པ་མེད་པར་སེམས། དེའི་ཕྱོགས་ནས་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱའོ།།
གཉིས་པ།༽ མན་ངག་རྗེས་འབྲང་ལ་བསྟེན་པའི་ཕྱོགས་དེ་ལ་ནི། གསེར་ཕྲེང་དུ་རིགས་པ་བཞིས་སྒྲུབ་ཡོད་པ་དེ་དག་ཡིན་ལ།
དང་པོ།༽ དེ་ཡང་གསེར་ཕྲེང་དུ་བརྩམ་པར་དམ་བཅའི་ཚིག་དེ་གནོད་འཇོམས་ཆེ་ཆུང་གཉིས་ལ་ཁྱད་མེད་པར་གཅིག་མཚུངས་སུ་ཡོད་པ་གང་ཞིག འབུམ་རྐྱང་བའི་གནོད་འཇོམས་ཀྱང་དབྱིག་གཉེན་གྱི་ཡིན་པར་ཐལ་བ་འཕངས་བ་འདི་ནི། ཅུང་ཟད་ཨེ་འགྲིག་ཨཱ་སྙམ་སྟེ། བུ་སྟོན་སོགས་ནི་དེ་ཙམ་གྱི་ཁྱབ་པ་མི་ལོན་བཞིན་དུ་ས་སྟེང་འདིར་དུས་སྐབས་དེར་“གནམ་ལ་ཉི་ཟླ་རྣམ་གཉིས། ས་ལ་བུ་དོལ་རྣམ་གཉིས།”ཞེས་སྙན་པའི་བ་དན་དགུང་དུ་འཁྱིལ་བའི་ཤིང་རྟའི་སྲོལ་འབྱེད་པ་ཆེན་པོ་ཞིག་གི་མིང་ཇི་ལྟར་ཐོག་སྟེ་སྲིད་དམ་སྙམ། དེས་ན་ཁོང་རྣམས་ཀྱིས་མན་ངག་རྗེས་འབྲང་ཁུངས་སུ་བཅོལ་ཏེ་དགོངས་པ་ལེན་སྟངས་ནི། སྤྱིར་བཏང་མན་ངག་རྗེས་འབྲང་གི་སྐབས་ཀྱི་ཐོག་མཐའ་བར་གསུམ་ཀུན་ཏུ་སློབ་དཔོན་དབྱིག་གཉེན་དང་ཉི་ཁྲིའི་གཞུང་འགྲེལ་དང་དབྱིག་གཉེན་གཞུང་འགྲེལ་ཞེས་ཚིག་ཏུ་མང་པོ་ཐོན་ཡོད་པ་ལས་དམིགས་བསལ་ཡུམ་གསུམ་གནོད་འཇོམས་ཞེས་པའི་ཚིག་ད་ལྟའི་མན་ངག་རྗེས་འབྲང་དུ་རྗེས་གསུངས་པ་བཞིན་མི་འདུག འོན་ཀྱང་བརྩམ་པར་དམ་བཅའི་ཚིག་དེ་ནི་ཉི་ཁྲིའི་གཞུང་འགྲེལ་གྱི་ནང་དུ་ཡོད་མེད་ད་དུང་དཔྱད་གཞིའི་གནས་སུ་ལྷུང་ལ་གལ་ཏེ་ཡང་དག་ཅིག་ཤེས་དགོས་ན་རྒྱ་གར་ལེགས་སྦྱར་སྐད་དུ་ཡོད་པའི་གཞུང་དེའམ་སྐད་རིགས་གཞན་ཞིག་གི་སྟེང་ནས་མ་རྙེད་ན་བོད་དུ་འགྱུར་མེད་པ་མཁས་པ་ཀུན་གྱི་ཞལ་གཅིག་མཐུན་ཡིན་པས་རེ་ཞིག་སྐལ་བས་དབེན་ནོ།། མ་ཟད་མན་ངག་རྗེས་འབྲང་དུ་ཡང་བརྩམ་པར་དམ་བཅའི་ཚིག་དེ་དྲངས་པའི་སྐབས་སུ་གང་གི་གཞུང་འགྲེལ་གནོད་འཇོམས་ཡིན་ཞེས་གསལ་ཁ་མེད་དེ་གཞུང་འགྲེལ་ཞེས་པ་ལས་མི་སྣང་བས་དེ་ནི་ཡུམ་གསུམ་གནོད་འཇོམས་མིན་པ་ཡང་ཇི་ལྟར་སྒྲུབ་སྟེ་ཐག་ཆོད་དཀའ་འོ།། དེས་ན་བརྩམ་པར་དམ་བཅའི་དེའི་ཚིག་དེ་གནོད་འཇོམས་ཆེ་ཆུང་གཉིས་ལ་ཡོད་པ་རྩོད་མེད་ཡིན་མོད། འདི་གཉིས་རྩོམ་པ་པོ་རིམ་པ་ལྟར་དབྱིག་གཉེན་དང་མཆེ་བའི་སྡེའམ་མཆེ་བའི་སྡེ་དང་ཁྲི་སྲོང་ལྡེ་བཙན་དུ་བཞག་ལུགས་གཉིས་ཡོད་པ་གང་གི་དབང་དུ་བྱས་ཀྱང་གནོད་འཇོམས་ཆེ་བ་སྔ་ཞིང་ཆུང་བ་ཕྱིས་སུ་ཡིན་པ་བསྙོན་དུ་མེད། དེ་བས་མིན་པའི་ཕྱོགས་ལ་ནི་ཞི་བ་འབྱུང་གནས་ཀྱིས་ནི་ཁུངས་བཙན་པོ་རྒྱ་གར་མཁས་པའི་གཞུང་སྟེ་གནོད་འཇོམས་ཆེ་བར་མི་གཏུགས་པར་ཕྱིར་བོད་ཀྱི་རྒྱལ་བོ་ཟིག་ལ་གཏུགས་པ་འདི་ནི་ལོ་རྒྱུས་སོགས་སུ་བྱུང་མེད་ཅིང་ད་དུང་ལོ་ཚིགས་ཀྱིས་ཀྱང་འགྲིག་གི་ཡོད་མེད་ལོ་རྒྱུས་ཁུངས་བཙན་མེད་ལ། མཁས་པ་བུ་དོལ་སོགས་ཀྱིས་ནི་མན་ངག་རྗེས་འབྲང་གི་སྐབས་སུ་དྲངས་པའི་ཚིག་དེ་དག་ནི་ཁུངས་བཙན་པོ་རྒྱ་གར་འཕགས་ཡུལ་གྱི་མཁས་པ་ཆེན་པོ་སོགས་གང་ཡིན་ཡང་གཞུང་སྔ་བ་ཁུངས་བཙན་དག་ལ་བཅོལ་བ་ལས་ཕྱི་མའི་ཕྱི་མའི་འགྲེལ་བ་དག་ལ་བཅོལ་བ་ནི་གནས་མ་ཡིན་ནོ།།
གཉིས་པ།༽ རིགས་པ་གཉིས་པ་ནི་སྔར་བཤད་པ་བཞིན་མན་ངག་རྗེས་འབྲང་དུ་སྤྱིར་བཏང་ཉི་ཁྲིའི་གཞུང་ཞེས་པའི་ཚིག་མང་མོད་ཀྱི། སྐབས་འདིའི་བརྩམ་པར་དམ་བཅའི་སྐབས་སུ་དབྱིག་གཉེན་དང་གཞུང་འགྲེལ་གནོད་འཇོམས་ཞེས་པའི་ཚིག་སོགས་མ་གཏོགས། ཉི་ཁྲིའི་གཞུང་འགྲེལ་ཞེས་པ་མི་སྣང་ན། འདི་ཡུམ་གསུམ་གནོད་འཇོམས་མིན་པ་མཐའ་གཅིག་ཏུ་ཐག་ཆོད་པར་མ་ངེས།
གསུམ་པ།༽རྣམ་རྟོག་བརྒྱད་པོ་རྣམ་འགྲེལ་དུ་ཁ་འཕངས་ཤིང་འཕངས་པ་ལྟར་དུ་ཉི་ཁྲི་རྣམ་འགྲེལ་དུ་ཡང་ཡོད། དེ་ཡང་བཙུན་པ་གྲོལ་སྡེས་བརྩམས་པར་ཞལ་བཞེས་ཏེ། སྔར་བཤད་པ་བཞིན་སྒྲུབ་བྱེད་གཉིས་བཀོད་ཡོད་པ་དེ་དག་ཀྱང་ཅུང་ཟད་མི་འཐད་པར་སྣང་སྟེ། དང་པོ་གསེར་ཕྲེང་རང་དང་ནང་འགལ་ཞིག་གི་ཚུལ་སྣང་བ་འདི་ལྟ་སྟེ། གསེར་ཕྲེང་ལས། “ད་ལྟ་འདིས་མཛད་པར་གྲགས་པའི་ཉི་ཁྲི་རྣམ་འགྲེལ་ཞེས་པ་གཅིག་སྣང་སྟེ་འོག་ཏུ་བརྟག་པར་བྱའོ། །”ཞེས་དང་། འོག་ཏུ་ཡང་། “ཉི་ཁྲིའི་རྣམ་འགྲེལ་འདི་བཙུན་པ་གྲོལ་སྡེ་དང་མིང་མཐུན་པ་གཅིག་གམ། འཕགས་པའི་སློབ་མར་གྲགས་པའི་བཙུན་པའི་ཡིན་བརྟག་པར་བྱ་སྟེ། རྒྱན་སྣང་དུ་གླེང་གཞི་དང་རྩེ་མོའི་ཀུན་ཏུ་རྒྱུ་སྡེ་ཅན་གྱི་སྐབས་སུ་བཙུན་པའི་བཤད་པ་དྲངས་པ་རྣམས་འདི་ལ་མི་སྣང་བའི་ཕྱིར་རོ། །”ཞེས་གསེར་ཕྲེང་རང་དུ་དོགས་པའི་ཚུལ་མཛད་ཡོད་པས། ངའི་སྣང་བ་མ་དག་པས་ཡིན་ནམ་ཅི་ཆ་སྟེ་འདིར་དཔྱད་གཞི་ཅུང་འདུག
དེས་ན་རིགས་ཟུར་མི་འདྲ་བ་གཉིས་ཡོངས་སུ་གྲགས་ཡོད་པ་དེ་དག་ནི་ཅུང་ཟད་འེ་འགྲིག་གམ་སྙམ་པས། སྤྱིར་བཏང་། སློབ་དཔོན་དབྱིག་གཉེན་དང་། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། གསུམ་ག་དུས་རབས་ལྔ་བ་ནས་དྲུག་པ་ནང་ཡས་མས་ཀྱི་པཎ་གྲུབ་ཏག་ཏག་ཡིན་པ་བསྙོན་དུ་མེད་ལ། ལྷག་པར་འཕགས་པ་རྣམ་གྲོལ་སྡེ་ནི་ཡོངས་གྲགས་སུ་ཕར་ཕྱིན་རང་ལས་མཁས་པའི་སློབ་མ་ཞེས་དབྱིག་གཉེན་གྱི་སློབ་མ་ཕུལ་བྱུང་ཞིག་ཏུ་གྲགས་ལ། འོན་ཀྱང་རྗེ་བཙུན་རིན་པོ་ཆེའི་རྒྱ་གར་ཆོས་འབྱུང་དུ། “སློབ་དཔོན་འདི་བོད་ལ་གྲགས་པ་ལྟར་ན། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་ཡིན་ཟེར་ཞིང༌། རྒྱ་གར་བ་འགའ་ཞིག་ནི་ཕྱོགས་ཀྱི་གླང་པོའི་སློབ་མ་ཡིན་ཏེ། དབྱིག་གཉེན་གྱི་ཞབས་ཀྱང་མ་ཟིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་རྟོགས་ནི་སློབ་དཔོན་ཆོས་འབངས་ལ་ཞུས་ཤིང༌། མན་ངག་ནི་ལེགས་ལྡན་ལ་གསན་ནོ་ཞེས་ཀྱང་ཟེར་མོད་ཀྱིས། འདིར་འཕགས་ཡུལ་ན་གྲགས་ཆེ་བ་ལྟར་ན་དཀྱུས་ཉིད་དེ། དབྱིག་གཉེན་གྱི་སློབ་མའི་ཐ་མ་ལྟ་བུ་ཡིན་ནོ། །”ཞེས་དང་། “སློབ་དཔོན་འདི་རྒྱ་བོད་གཉིས་སུ་ས་དང་པོ་ཡིན་ཟེར་བ་དང༌། སྦྱོར་ལམ་པ་ཡིན་པས་འཕགས་པ་དངོས་མིན་ཡང༌། འཕགས་པ་དང་ཉེ་བས་དེའི་ཁོངས་སུ་གཏོགས་ཟེར་བ་དང༌། སོ་སོ་སྐྱེ་བོ་ཡིན་མོད་འཕགས་པ་གྲོལ་སྡེ་ཟེར་བའི་འཕགས་པ་ནི་མིག་གི་ཟུར་ཏེ་རྒྱལ་པོ་སངས་རྒྱས་སོགས་བྱས་པས་“སངས་རྒྱས་ཡིན་པར་མི་འགྱུར་བ་བཞིན་ཟེར་བ་དང༌། དམན་ལམ་སྔོན་སོང་གི་བྱང་སེམས་ཡིན་ཟེར་བ་སོགས་མང་ན་ཡང༌། སྐྱེས་མཆོག་དམ་པ་ངོ་མཚར་ཅན་ཡིན་པར་རྩོད་པར་མི་སྣང་ལ། དེའི་ཐུགས་རྒྱུད་སྐྱེ་འཕགས་ཇི་ལྟར་ཡིན་སུས་ཤེས། ཚུལ་སྟོན་སོ་སོ་སྐྱེ་བོ་མོས་སྤྱོད་པ་ཅིག་ཏུ་མངོན་ནོ། །”ཞེས་དང་། དེབ་སྔོན་གསར་མ་སོགས་སུ་དབྱིག་གཉེན་གྱི་སློབ་མར་རང་མཁས་བཞི་བཞེད་ཚུལ་སོགས་མི་འགྲིག་ཚུལ་ཀྱང་བཤད་ཡོད་པས། ལོ་རྒྱུས་སྟེང་ན་ཅུང་བཤད་ཚུལ་མི་མཐུན་པ་འགའ་ཞིག་སྣང་མོད། གཞན་བུ་སྟོན་ཆོས་འབྱུང་སོགས་ལོ་རྒྱུས་མང་ཆེ་བར་རྒྱ་གར་ཆོས་འབྱུང་ལྟ་བུའི་ནང་དུ་གསལ་ཞིང་རྒྱས་པ་ལྟ་བུའི་འཕགས་པ་གྲོལ་སྡེའི་ལོ་རྒྱུས་མི་འབྱུང་བས། གང་ལྟར་ཁོང་ནི་མཁས་པ་བསམ་གྱིས་མི་ཁྱབ་པ་ཟིག་ཡིན་པ་བསྙོན་དུ་མེད། ཁོང་གི་དངོས་སློབ་བཙུན་པ་གྲོལ་སྡེ་ནི་བྱང་ཆུབ་ཀྱི་ས་ཐོབ་པའི་མཁས་པ་ཞིག་ཏུ་ཡང་གྲགས་ཤིང་ཡིན་པ་གསེར་ཕྲེང་སོགས་སུ་གསལ་ལ། སྤྱིར་བཏང་བཙུན་པ་གྲོལ་སྡེའི་ལོ་རྒྱུས་རྒྱས་ཤིང་ཁ་གསལ་བ་འཕགས་བོད་གང་ན་ཡང་ཕལ་ཆེར་སྣང་བ་མ་ཡིན་པར་སེམས། རྒྱ་གར་ཆོས་འབྱུང་དུ་ཡང་། “དུལ་བའི་སྡེ་དང༌། བཙུན་པ་རྣམ་གྲོལ་སྡེའི་ལོ་རྒྱུས་རྒྱས་པ་མ་མཐོང༌།”ཞེས་གསུངས་པ་ལྟར་གནའ་དེང་ཀུན་གྱི་མཁས་པ་ཀུན་ཞལ་གཅིག་མཐུན་དུ་སྣང་སྟེ་གཞན་དུ་ན་ཡོད་དགོས་པ་ལ་མེད་པའི་ཕྱིར་རོ།། འདིར་དོགས་གཞི་ཅུང་ཙམ་ཞིག་ཡོད་པ་ལ། བཙུན་པ་གྲོལ་སྡེས་བྱམས་མགོན་ལོ་བཅུ་ལ་སྒྲུབ་ནས་ཞལ་མ་གཟིགས་པས་སློབ་དཔོན་ཟླ་བ་གྲགས་པ་ལ་ཐབས་དྲིས་པ་རྒྱ་གར་ཆོས་འབྱུང་དུ་བྱུང་བ་ལྟར་ན། དུས་རབས་ཀྱི་དབང་དུ་བྱས་ཏེ་བལྟས་ཡོང་དུས་དབྱིག་གཉེན་དང་རྣམ་གྲོལ་སྡེ་སོགས་སློབ་དཔོན་ཟླ་གྲགས་དང་བསྡུར་ནས་དུས་རབས་བསྒྲིགས་ཡོང་དུས་དེའི་བར་ལོག་ཏུ་འགྲིག་མིན་ཅུང་འདུག་པས་རེ་ཞིག་དེའི་ཕྱོགས་ནས་ཁུངས་བཙན་ཡོད་མེད་གཞན་དུ་དཔྱད་པར་བྱའོ།། ཞིབ་གཟིགས་འདོད་ན་སློབ་དཔོན་ཟླ་གྲགས་ཀྱི་ལོ་རྒྱུས་ལ་རྙོག་གྲ་ཤིན་ཏུ་ཆེ་སྟེ་དུས་རབས་གཉིས་པ་ཡས་མས་དང་བདུན་པ་ཡས་མས་སོགས་སུ་འདོད་ལུགས་གཉིས་ཀྱི་ཕྱོགས་ལ་སྒྲུབ་བྱེད་ཡོད་ལ། ལྷག་པར་ཟླ་གྲགས་ལོ་སུམ་བརྒྱ་ཡས་མས་ཤིག་ཏུ་བཞུགས་པར་བཞེད་པའི་ལུགས་ལ་དུས་རབས་གཉིས་པར་འཁྲུངས་པར་བཤད་པ་སོགས་དང་སྦྲེལ་ན་ཐོགས་མེད་སྐུ་མཆེད་སོགས་དང་དུས་མི་མཉམ་པའི་ངེས་པ་མེད་ལ། བཙུན་པ་གྲོལ་སྡེས་ཀྱང་ཟླ་བ་གྲགས་པར་ཞབས་གཏུགས་པ་མི་ཆོག་པ་མེད་པས་གུང་བསྒྲིག་རྒྱུ་ཡོད་པར་སེམས། ཟླ་གྲགས་སྐོར་རྒྱས་པ་སྐྱེས་སར་ཀླུ་སྒྲུབ་ཀྱིས་མཛད་པའི་ནཱལཱནྡཱ་ཞིབ་འཇུག་ཏུ་ཡོད་པས་དེར་བལྟ་བར་བྱའོ།། ད་དུང་རོབ་ཙམ་ཞིག་དཔྱད་ན། འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིན་གཉེན་གཉིས་ཡུམ་གཅིག་པའི་སྐུ་མཆེད་ཡིན་པ་དང་། སློབ་དཔོན་དབྱིག་གཉེན་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉིས་དུས་མཉམ་ཡིན་ཚུལ་ཡང་རྗེ་བཙུན་རིན་པོ་ཆེའི་རྒྱ་གར་ཆོས་འབྱུང་ནང་གསལ་ཞིང་། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོ་ལས་གསལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་ཡིན་པ་དང་དེའི་སློབ་མ་སློབ་དཔོན་ཆོས་ཀྱི་གྲགས་པ་ཡིན་པ། སློབ་དཔོན་ཆོས་ཀྱི་གྲགས་པ་དང་། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པ་ཡང་རྒྱ་གར་ཆོས་འབྱུང་ལས་གསུངས་པ་བཅས་གུང་བསྒྲིགས་ན་ཐོགས་མེད་སྐུ་མཆེད་གཉིས་ཕྱི་ལོའི་དུས་རབས་ལྔ་པ་ནས་དྲུག་པ་ཡས་མས་ཤིག་གི་བར་གྱི་དུས་ཚོད་དེའི་ནང་བྱུང་ཡིན་ཚོད་འདུག་པས། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་གཅིག་ཏུ་འབབ་པའི་དུས་ཤིག་དང་ཞལ་མཐུན་རྩོད་མེད་དུ་བྱུང་བའི་སྐབས་ཤིག་འདས་མ་ད་གསུམ་གང་དུ་བསམ་ཀྱང་མྱོང་མེད་པ་དང་ཡོད་པ་མ་ཡིན་པ་དང་འབྱུང་མི་སྲིད་པ་ཞིག་ཡིན་པས་རེ་ཞིག་བཞག་གོ།། དེས་ན་དཀྱུས་སུ་ཞུགས་ཏེ་སྐབས་བབ་ཀྱི་ལས་ལ་གཞོལ་ན། ཀུན་མཁྱེན་གཉིས་པ་འབུམ་སྡེ་དགུ་བཅུ་གོ་གྲངས་སོགས་ཐུགས་སུ་ཆུད་པའི་དབྱིག་གི་གཉེན་པོ་མཆོག་ཁོང་ནི། དེ་འདྲའི་བྱང་ཆུབ་སེམས་དཔའ་ཞིག ཁོང་གི་སློབ་མའི་སློབ་མ་ཡིན་པས་ཁས་མི་ལེན་ཞེས་ཨུ་ཚུགས་མཁན་ཞིག་ཡིན་པར་མ་ངེས་ཏེ་དམ་པའི་ཆོས་ཀྱི་ཕྱོགས་ན་གུ་ཡངས་ཀྱི་སྒོ་མོ་ཤིན་ཏུ་ཆེ་སྟེ། མཉམ་མེད་སྟོན་པ་ཤཱཀྱ་ཐུབ་པས། ཇི་སྐད་དུ།“བསྲེག་བཅད་བརྡར་བའི་གསེར་བཟིན་དུ།། ཡོངས་སུ་བརྟགས་ནས་ང་ཡི་བཀའ།། བླང་བར་བྱ་ཡི་མོས་པའམ།། གཞན་གྱིས་མཁས་པ་འཇུག་མི་བྱ།།”ཞེས་དང་། སློབ་དཔོན་བེ་རོ་ཙ་ནས།“བདེན་ཅིང་འཐད་ན་བྱིས་པའི་ངང་ཀྱང་ཉོན།། མི་བདེན་དོན་དང་འགལ་ན་རྒྱལ་བའི་བཀའ་ཡང་ཞོག།”ཅེས་དང་། ཉ་དབོན་ཀུན་དགའ་དཔལ་གྱིས་ཀྱང་། “ལེགས་ན་དགྲ་བོས་ངག་ལའང་འཇུག་དགོས་ལ།། སྐྱོན་དང་བཅས་ན་བཤེས་ཀྱི་ངག་ལའང་མིན།། དུག་ཆུའི་རྒྱུན་འབབ་གསེར་རིའང་འདོར་དགོས་ལ།། སྦྲང་རྩི་བྱུང་ན་ཚེར་མའི་ཤིང་ཡང་བསྟེན།།”ཞེས་གསུངས་པ་བཞིན་སློབ་དཔོན་གྱིས་སློབ་མ་ཁུངས་སུ་བཅོལ་ཏེ་གཞུང་ལུགས་བརྩམས་པ་དང་དབུ་མ་པའི་སློབ་དཔོན་ཁ་ཤས་ཀྱིས་སེམས་ཙམ་པའི་སློབ་དཔོན་ཁ་ཤས་བཤེས་གཉེན་དུ་བསྟེན་པའི་གུ་ཡངས་སྒམ་དཀྱིལ་ཀྱི་བསམ་བློ་རྒྱ་ཆེ་བ་གཏིང་ཟབ་པ། བཀས་བཀོད་རྒྱུད་འཛིན་གྱི་རིང་ལུགས་ལ་ངོ་རྒོལ་གཏོང་ནུས་ཤིང་སྤོབས་པ་མངའ་བའི་མཁས་པ་དག་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་དང་གངས་ཅན་ཁ་བ་རི་བའི་གནང་དེང་ཀུན་ཏུ་བྱུང་མ་མྱོང་བ་མིན་པས། འདི་ལ་ཡང་དཔྱད་པ་ཤིན་ཏུ་ཆེའོ།།
བཞི་བ།༽འདི་ནི་ཡང་ལོ་རྒྱུས་ཀྱིས་ཞིབ་འཚོལ་བྱེད་དགོས་པ་ཞིག་ཏུ་སྣང་བས། རྒྱ་གར་ཆོས་འབྱུང་དུ། “ཞི་བ་འཚོའི་དབུ་མ་རྒྱན་ལ། བརྒྱད་སྟོང་འགྲེལ་ཆེན་དུ་སེང་བཟང་གིས་འགྲེལ་པ་མཛད་པ་མ་མཐོང་ཞིང༌། སངས་རྒྱས་ཡེ་ཤེས་སེང་བཟང་གི་སློབ་མ་ཡིན་པར་མ་དྲན་པར། སངས་རྒྱས་ཡེ་ཤེས་ཀྱི་སློབ་མ་ཡེ་ཤེས་སྙིང་པོར་འདོད་པ་བླུན་པོའི་བླུན་རྟགས་བསྟན་པ་ཁོ་ནའོ། །”ཞེས་དང་། “བོད་ཀྱི་ཡུལ་དུ་བྱོན་པའི་ཨཱ་ཙརྱ་བོ་དྷི་ས་ཏྭ་ནི། རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་བོ་དྷརྨ་པཱ་ལའི་བར་དུ་ནི་ངེས་པར་བཞུགས་པར་མངོན་ལ། བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་པ་ཀུན་ན་ནི་བོད་ཀྱི་རྒྱལ་རབས་དགུ་མཁན་པོའི་སྐུ་ཚེའི་རིང་ལ་འདས་ཟེར་བར་སྣང་བས་དེ་ལྟ་ན་ནི། ཐོགས་མེད་སྐུ་མཆེད་ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ། ཇི་བཞིན་ཡིན་པར་དཀའ་འོ། །འདི་དང་དབུ་མ་རྒྱན་མཛད་པ་པོ་མཁན་ཆེན་ཞི་བ་འཚོ་གཉིས་གཅིག་པར་ཀུན་ཏུ་གྲགས་ཤིང༌། བོད་ཀྱི་མཁས་པ་ཆེན་པོ་ཐམས་ཅད་ཀྱིས་ཀྱང་གཅིག་པར་མཛད་འདུག་པས་རེ་ཞིག་དེ་ལ་ཡིད་བརྟན་བྱ་སྟེ། དེ་ལྟར་ན་རྒྱལ་པོ་གཽ་པཱ་ལའི་དུས་ཉིད་དུ་པཎྚི་ཏ་ཆེན་པོར་གྱུར་པ། རྒྱལ་པོ་འདིའི་དུས་སུ་གཙོ་བོར་འགྲོ་དོན་མཛད་པ་ཞིག་ཡིན་ནོ། ། ལྷ་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ན། མཁན་པོ་བོ་དྷི་ས་ཏྭའི་མཚན་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཞི་བའི་དབྱིངས་ཞེས་པ་ཡིན་པར་བཤད་ཀྱང༌། མཚན་དུ་མ་འབྱུང་བ་མི་འགལ་ཞིང༌། རང་གི་མཁན་བུ་སད་མི་མི་བདུན་ཀུན་ལའང་རཀྵི་ཏ་ཞེས་པའི་ཤཱནྟ་རཀྵི་ཏའི་མཚན་ཟུར་རེ་ཡང་འདུག་པས་མཚན་གྱི་རྣམ་གྲངས་ཞི་བ་འཚོ་ཡང་ངེས་པར་ཡིན་ནོ། །འོན་ཀྱང་ཡེ་ཤེས་སྙིང་པོས་མཛད་པའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བཤད་མཛད་མཁན་གྱི་ཞི་བ་འཚོ་དང༌། དབུ་མ་རྒྱན་མཛད་པ་པོ་ཞི་བ་འཚོ་མི་གཅིག་པར་འདོད་པ་ལྟར་ན། དེ་གཉིས་ལས་གང་ཡིན་བརྟག་དགོས་པ་ཙམ་སྣང་ངོ༌། །”ཞེས་སོགས་གསུངས་པ་ལྟར། ཞི་བ་འཚོ་ཁོང་དགོངས་ལོ་དགུ་བརྒྱར་བཞུགས་པས་བོད་རྒྱལ་བཙན་པོ་ལྷ་ཐོ་ཐོ་རིའི་སྐབས་ནས་བཞུགས་ཤིང་བོད་ཀྱི་རྒྱལ་རབས་དགུའི་རིང་དུ་བཞུགས་ཡོད་སྐད་སོགས་འདུག་པ་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་དུ་འདུག་ཅིང་། རྗེ་བཙུན་རིན་པོ་ཆེས་ཀྱང་འདིར་དེ་ལྟར་དུ་འདོད་མཁན་ཡོད་ཅེས་གསུངས་པ་དག་ནི་རང་འགར་དགོས་མེད་ཀྱི་ཉོག་གཏམ་ཙམ་ཞིག་ཡིན་པར་ཁ་ཚོན་མི་ཆོད། དེང་སང་རྒྱ་གར་གྱི་མཁས་པ་རེ་ཟུང་གིས་དགུ་བརྒྱ་ཟེར་བའི་གོར་ཐིག་ཐ་མ་དེ་བོད་དག་གིས་ལྷག་མ་ཤོར་བ་ཡིན་པས་དགུ་བཅུ་ཡིན་ཞེས་བཤད་ཀྱིན་པ་དག་ལའང་སྒྲུབ་བྱེད་མ་མཐོང་ལ། ཡང་རེ་ཟུང་གིས་མཁན་ཆེན་ཁོང་ནི་ལོ་བདུན་ཅུ་དོན་ལྔའི་སྟེང་བོད་ཡུལ་དུ་ཕེབས་ཤིང་ལོ་ཉེར་ལྔར་བོད་དུ་བཞུགས་ཏེ་ལོ་བརྒྱ་ཡི་སྟེང་དུ་སྐུ་གཤེགས་ཟེར་མཁན་ཡང་ཡོད་ཚོད་འདུག་ཀྱང་དེ་ལས་ཀྱང་ཐག་ཆོད་དཀའ་བར་སེམས། ཡང་ལོ་དགུ་བརྒྱ་དེ་ལོ་ཕྱེད་དུ་བརྩིས་ནས་བཞི་བརྒྱ་ལྷག་ཏུ་བཞུགས་ཟེར་བའང་ཡོད་ཚོད་ཡིན་པ་ལ། དོན་དམ་པའི་ཁུངས་ཚད་ཐུབ་ཅིག་ད་དུང་དཀའ་བར་སྣང་བས། རྗེ་བཙུན་ཏཱ་ར་ནཱ་ཐས་འདོད་ཚུལ་བཀོད་པ་ལྟར་བོད་རྒྱལ་དགུའི་རིང་དུ་བཞུགས་ན་ཐོགས་མེད་སྐུ་མཆེད་ཀྱི་ཞབས་ཟིན་དགོས་ཞེས་གསུངས་པ་དང་། རྗེ་བཙུན་ཁོང་གིས་ཀྱང་ཐག་མ་བཅད་པར་བཞག་པ་དེ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ཀྱང་། རྒྱུད་སྡེའི་སྤྱི་རྣམ་ལས། “སློབ་དཔོན་དེ་གསུམ་ག་ཡང་སློབ་དཔོན་ཞི་བ་འཚོའི་སློབ་མ་ཡིན་ཞིང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གཞུང་དེ་དག་ནི་དབུ་མ་རང་རྒྱུད་པའི་གཞུང་ངོ་།།”ཞེས་འཕགས་སེང་གཉིས་དང་། སངས་རྒྱས་ཡེ་ཤེས་ཞབས་གསུམ་ཞི་འཚོའི་སློབ་མར་གསུངས་པ་དང་། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས་ཀྱང་། “སློབ་དཔོན་ཞི་བ་འཚོས་ཐ་སྙད་དུ་ཕྱི་དོན་མེད་ཅིང་རང་རིག་ཡོད་པ་དང་ཤེས་པ་བདེན་པར་མ་གྲུབ་པའི་དབུ་མའི་ལུགས་ཀྱི་སྲོལ་ཐོག་མར་ཕྱེ་ནས་དབུ་མ་རྒྱན་མཛད་ཅིང༌། ཀ་མ་ལ་ཤཱི་ལའི་དབུ་མ་སྣང་བ་དང་སྒོམ་རིམ་གསུམ་དང༌། འཕགས་སེང་དང༌། སངས་རྒྱས་ཡེ་ཤེས་ཞབས་དང༌། ཨ་བྷྱཱ་ཀ་ར་ལ་སོགས་པའི་གཞུང་རྣམས་ཀྱང་ལྟ་བ་གཏན་ལ་འབེབས་པའི་ཚུལ་ཞི་བ་འཚོའི་ལུགས་ཀྱི་རྗེས་སུ་འབྲང་བའོ། །”ཞེས་གསུངས་པ་སོགས་དང་བསྟུན་ན་ཞི་བ་འཚོ་ཐོགས་མེད་སྐུ་མཆེད་སོགས་ཀྱི་སྐུ་རིང་དུ་ཡོད་པ་ཤིན་ཏུ་གསལ་བ་ལ། སློབ་དཔོན་དབྱིག་གཉེན་གྱིས་ཅིའི་ཕྱིར་ཞི་བ་འཚོའི་བཤད་ཡམས་སམ་ཞི་འཚོ་ནོར་ཞེས་གསུང་མི་ཆོག་པ་གཅིག་ཀྱང་མེད་ལ། ཡེ་ཤེས་རྒྱལ་མཚན་གྱི་ལམ་རིམ་བླ་རྒྱུད་དུ་ཞི་འཚོས་ཤེར་ཕྱིན་གྱི་མན་ངག་འཕགས་བཙུན་གཉིས་ནས་བརྒྱུད་པར་གསུངས་ན་ཡང་སྔར་བཤད་པ་ལྟར་བླ་མས་སློབ་མ་ལས་ཆོས་གསན་མི་སྲིད་པ་ལ་སྐྱོན་བཏང་བ་བཞིན་དུ་འདིར་མ་སྤྲོས་སོ།། དེས་ན་ཞི་འཚོ་ལོ་དགུ་བརྒྱ་དང་བཞི་བརྒྱ་སོགས་ལ་བཞུགས་ཟེར་བ་ནི་རྨོངས་གཏམ་ཡིན་ཞེས་གསུངས་མཁན་འགའ་ཞིག་སྣང་མོད། སྒྲུབ་བྱེད་གྱ་ནོམ་པ་ཟིག་ཡོད་མེད་མ་ཤེས། གང་ལྟར་ཕྲན་དག་ནི་འདི་ཕྱོགས་སུ་བྱས་ཏེ་ཁས་བླངས་པར་མོས་ན། གཞན་དག་གིས་ཅི་ནས་ཀྱང་ལན་ཞིག་དགོས་པར་སེམས་སོ།། དེའི་ཕྱིར་གསེར་ཕྲེང་དུ་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་མིན་པར་སྒྲུབ་བྱེད་ཀྱི་རིགས་པ་བཞི་ལྔ་གང་ཡིན་ཡང་དེ་ལ་ཕྲན་གྱིས་འབད་པ་ཆེན་པོས་ནུས་པ་ཞིག་བཏོན་པ་འདི་ཡང་རང་ལུགས་གཞན་ལུགས་ཀུན་གྱིས་ད་དུང་དཔྱད་གཞིའི་ཡིག་ཆ་ཙམ་ཞིག་ཏུ་འགྱུར་བའི་སྐྱབས་འཇུག་ཅིག་གི་ཚུལ་ལས་མ་འདས་ན་ཚད་མར་བཟུང་ག་ལ་ནུས་ཏེ་མི་ནུས་སོ།།
ད་དུང་ཟུར་ཞུ་ཞིག་ལ་རྗེའི་གསེར་ཕྲེང་དུ། ཡུམ་གསུམ་གནོད་འཇོམས་ལ་བམ་པོ་ཉེར་དགུ་ཡོད་པ་གཞུང་རང་ན་གསལ་གསུངས་པ་དང་། དཀར་ཆག་འཕང་ཐང་མ་དང་བུ་ཉ་སོགས་ཀྱིས་ཉེར་བདུན་ཡོད་ཅེས་གསུངས་པ་དག་ལ་ཅུང་ཙམ་ཞིག་བསམ་ན། རྗེས་མཇལ་བའི་ཡུམ་གསུམ་གནོད་འཇོམས་དང་བུ་ཉ་སོགས་ཀྱིས་མཇལ་བའི་ཡུམ་གསུམ་གནོད་འཇོམས་གཉིས་ཅུང་མི་འདྲ་བ་ཙམ་ཞིག་སྣང་ཞིང་། ད་ལྟའི་བསྟན་འགྱུར་ཁྲོད་དུ་བཞུགས་པའི་ཡུམ་གསུམ་གནོད་འཇོམས་ལ་ནི་བམ་པོ་ཉེར་བདུན་མ་གཏོགས་མེད་པས། གང་བདེན་ཐག་ཆོད་དཀའ་བས་འདི་ཡང་སྣང་མེད་དུ་བཞག་པར་མི་རིགས་ལ། ཡང་གཅིག་བྱས་ན་རྩ་བའི་གཞུང་ངོས་འཛིན་ལུགས་ལ་ཁྱད་པར་ཆེ་ཞིག་ཡོད་པར་ཆ་མ་འཚལ་ཏེ་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྗེ་བློ་བཟང་གྲགས་པ་མཆོག་ནི་བམ་གྲངས་ཙམ་ལ་ཡང་འཁྲུལ་མཁན་ཞིག་ཡིན་པ་སུ་ཡིས་ཁས་ལེན་ནུས་ཏེ་མི་ནུས་སོ།། དེས་ན་ཡུམ་གསུམ་གནོད་འཇོམས་གཉིས་ཡོད་མེད་ལ་ཡང་དོགས་པ་མེད་པ་མིན་པས་ཚུལ་འདི་ལ་ཞིབ་ཏུ་དཔྱད་དེ་ལུང་རིགས་ཀྱི་སྒྲོན་མེས་མྱུར་དུ་འཇིག་རྟེན་ཆེན་པོའི་མུན་པ་འདི་ཙམ་ཡང་སེལ་བར་སྙིང་ནས་རེ་ཞུ་མོས། དེ་བས་འདི་ནི་རེ་ཞིག་ཟུར་ཞུས་ཙམ་ཡིན་པ་ལས་གཞན་སེམས་ཅི་ཡང་མེད་དོ།།
ད་ནི་ལེགས་བཤད་གསེར་ཕྲེང་དང་དྲང་ངེས་ལེགས་བཤད་སྙིང་པོ་གཉིས་སུ་ཡུམ་གསུམ་གནོད་འཇོམས་ཀྱི་བརྗོད་བྱའི་དབང་དུ་བྱས་ཏེ་མིན་པར་སྒྲུབ་པ་དག་ལ་དཔྱད་གཞི་ཉུང་ཙམ་ཞིག་མོས་ཏེ། དེ་དག་ཀུན་ལ་དཀྱུས་གཅིག་ཏུ་ལན་བཏབས་ན། སྤྱིར་བཏང་སློབ་དཔོན་དབྱིག་གཉེན་སེམས་ཙམ་པ་ཡིན་པར་སྒྲུབ་བྱེད་ཀྱི་ཁོང་གི་གསུངས་ཚད་ལྡན་ཞིག་ཡོད་ན་ཁས་བླང་འོས་པ་ལ་སློབ་དཔོན་ཁོང་གིས་ནི་སེམས་ཙམ་པའི་ལྟ་བ་རེ་ཟུང་གཞུང་སོ་སོའི་ནང་དུ་བཀོད་པ་ཡོད་ནའང་དེ་ཙམ་གྱིས་ཁོང་ཉིད་སེམས་ཙམ་པར་སྒྲུབ་མི་ནུས་པར་སེམས། གལ་ཏེ་ཁོང་གི་གཞུང་ཁ་ཤས་ཀྱི་ནང་དུ་སེམས་ཙམ་པའི་ལྟ་བ་བཤད་ཡོད་པས་སོ།། ཞེ་ན། འོ་ན་འཕགས་བོད་ཀྱི་མཁས་ཤིང་གྲུབ་བརྙེས་ལྡན་པའི་སྟོན་པ་མཆོག་གི་གཙོས་ལོ་པཎ་ཀུན་དང་ས་ཐོབ་ཀྱི་སྐྱེས་བུ་རབ་འབྲིང་ཐ་གསུམ་ཀུན་གྱི་གསུངས་ན་གྲུབ་མཐའ་ལྔ་དྲུག་གང་ཡིན་ཡང་འདོད་པ་ལེགས་པར་བཀོད་ཡོད་པས། གྲུབ་མཐའ་ཀུན་འཆོལ་ཞིང་མཁས་པ་དག་ལའང་ཡིད་བརྟན་དེ་ཙམ་མེད་པར་ཆགས་འགྲོ་སྙམ་པའི་སྣང་ཚུལ་ཡོད་ལ། ཡང་ཡུམ་གསུམ་གནོད་འཇོམས་སུ་བཤད་པ་དང་མདོ་སྡེ་རྒྱན་གྱི་འགྲེལ་བ། རྣམ་བཤད་རིགས་པ་སོགས་སུ་ཅུང་ཟད་བཤད་ཚུལ་མི་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་མིན་པར་སྒྲུབ་ན། མཁས་པ་སོ་སོས་གཞུང་མི་འདྲ་བ་ཅི་འདྲ་ཞིག་གསུངས་པ་ཀུན་ཇི་བཞིན་དུ་མཐུན་དགོས་ན་དེ་ཡང་ཆེས་ཤིན་ཏུ་མི་འཐད་དེ། མངོན་པ་མཛོད་ཀྱང་དབྱིག་གཉེན་གྱི་མིན་པ་དང་། གཞན་དུ་སྐྱོན་མཐའ་ཡས་པས་སོ།། འོ་ན་སེམས་ཙམ་དུ་བཞེད་པའི་ལུགས་ལའང་། འཕགས་པ་ཐོགས་མེད་ཆོས་ཅན། ཁྱོད་ཀྱིས་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་མཛད་ཅེས་པ་དང་། ཁྱོད་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་ཀྱང་། དབུ་མ་ཐལ་འགྱུར་བ་ཡིན་ཞེས་པ་སོགས་གཏན་ནས་ཁས་བླངས་པ་མི་འཐད་པར་ཐལ། ཁྱོད་ཀྱིས་མཛད་པའི་ས་སྡེ་སོགས་དང་རྒྱུད་བླའི་འགྲེལ་བ་གཉིས་ཀྱི་དགོངས་པ་མི་འདྲ་བ་གང་ཞིག རྒྱུད་བླ་ཐོགས་འགྲེལ་ཁྱོད་ཀྱིས་བརྩམས་པའི་ཕྱིར། ཞེས་པའི་སྦྱོར་བ་དང་འདྲའོ།། དེས་ན་སློབ་དཔོན་དབྱིག་གཉེན་ནི་དབུ་མ་པའི་སློབ་དཔོན་མིན་པར་སྒྲུབ་བྱེད་ཀྱི་ལུང་རིགས་དེ་ཙམ་ཡོད་པ་མ་འཚོལ་ཞིང་སྤྱིར་བཏང་དབུ་མ་པ་ཡིན་པ་ལ། ཐལ་འགྱུར་བ་དང་རང་རྒྱུད་པ་གང་རུང་ཡིན་མི་དགོས་པ་སོགས་རེ་ཞིག་འདིར་མ་སྤྲོས་པས་གཞན་དུ་བལྟ་བར་བྱའོ།། དེའི་ཕྱིར་ཁོང་ནི་འཁོར་ལོ་ཐ་མའི་དགོངས་པ་འཁྲུལ་མེད་བཙལ་མཁན་གྱི་ཀུན་མཁྱེན་གཉིས་པར་གྲགས་པའི་སློབ་དཔོན་ཆེན་མོ་ཞིག་ཡིན་པ་ལ། སློབ་དཔོན་སེང་བཟང་སོགས་ཀྱིས་ཤེས་བྱ་ནང་གི་ཡིན་པ་ལ།། ཡང་དག་བརྟེན་ནས་་་་་་།། ཞེས་སོགས་ཀྱི་རྗེས་སུ་འབྲང་ནས་མཁས་པ་ཕལ་མོ་ཆེས་སེམས་ཙམ་པར་བཞེད་པ་ནི་དབྱིག་གཉེན་གྱི་གཞུང་དག་ལ་ལེགས་པར་མ་གཟིགས་པས་ཡིན་ནམ་ཅི་ཆ་སྟེ་མ་སྤྲོས། སྒྲུབ་བྱེད་རྒྱས་པ་ཤེས་དགོས་ཚེ་སློབ་དཔོན་ཁོང་གི་ལུང་ཇི་བཞིན་གཞུང་དུ་དྲངས་ཡོད་པ། ཀུན་མཁྱེན་དོལ་པོ་པའི་གསུངས་(རི་ཆོས་ངེས་དོན་རྒྱ་མཚོ་དང་ཕར་ཕྱིན་མདོ་ལུགས་མ་)སོགས་ཀྱི་གཙོར་བྱས་ཏེ་རྗེས་འབྲང་དང་བཅས་པ་(རྒྱ་གར་ཆོས་འབྱུང་)སོགས་དང་ལོ་རྒྱུས་གཞན་དག་ཏུ་དང་ལྷག་པར་མདོ་སྡེ་རྒྱན་གྱི་འགྲེལ་བ་སོགས་ཀྱི་དགོངས་པ་ཞིབ་ཏུ་འཚོལ་འདོད་ན་ས་བཟང་མ་ཏི་པན་ཆེན་གྱིས་མཛད་པའི་(མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་)སོགས་སུ་ཞིབ་ཏུ་མཇལ་ན། སློབ་དཔོན་དབྱིག་གཉེན་གྱི་བཞེད་པ་མཐར་ཐུག་ཤེས་སྲིད་པས་འདིར་མངས་པས་འཇིགས་པས་མ་སྤྲོས་སོ།། དང་པོ་སློབ་དཔོན་དབྱིག་གཉེན་སེམས་ཙམ་པ་མིན་པ་ཧ་གོ་ཚར་དུས། ད་ནི་ཡུམ་གསུམ་གནོད་འཇོམས་ལས། “དེ་ལ་མིག་གིས་སྟོང་ཞེས་བྱ་བ་ལ་མིག་ཅེས་བྱ་བ་ནི་ཆོས་ཉིད་ཀྱི་མིག་གོ།། མིག་གིས་ཞེས་བྱ་བ་ནི་ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་མིག་གིས་སོ།། སྟོང་ཞེས་བྱ་བ་ནི་བྲལ་ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་དུ་རྣ་བ་རྣ་བས་སྟོང་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ།། ”ཞེས་པ་འདི་དྲང་ངེས་ལེགས་བཤད་སྙིང་པོ་རུ་ཡོངས་གྲུབ་སྟོང་གཞིར་བཞག་ནས་ཀུན་བརྟགས་དང་གཞན་དབང་གཉིས་ཀྱིས་སྟོང་པ་དགོངས་པར་མ་བཞེད་པར་ཉམས་བཞག་གི་ངོར་སྦྱར་ཏེ་གསུངས་པ་དང་། ལེགས་བཤད་གསེར་ཕྲེང་དུ། སྔར་དྲངས་པ་བཞིན་དེ་ལྟར་དུ་སྒྲ་ཇི་བཞིན་པ་ཁས་བླངས་འདུག་ན་འདི་གཉིས་ཀྱི་མཚམས་ནའང་མི་མཐུན་པ་ཆེར་འདུག་པས་གང་ཡིན་དཔྱོད་ཅིག དེས་ན་ཡུམ་གསུམ་གནོད་འཇོམས་སུ་གསུངས་པ་འདི་དང་མན་ངག་རྗེས་འབྲང་དུ་ཡང་། “ཆོས་ཀྱི་བདག་མེད་པའི་སྒོ་ནས་མིག་ནི་རྣམ་པ་གསུམ་སྟེ། ཀུན་བརྟགས་ཀྱི་མིག་དང་། རྣམ་པར་རྟོག་པའི་མིག་དང་། ཆོས་ཉིད་ཀྱི་མིག་ཅེས་བྱ་བའོ། །དེ་ལ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་རྣམ་པས་འཛིན་པའི་མིག་ཅེས་བྱ་བའི་དངོས་པོ་ཀུན་དུ་བརྟགས་པའི་མིག་གོ། །དེ་ཉིད་ཀྱི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པའི་བདག་ཉིད་ཀྱིས་རྣམ་པར་གནས་པའི་མིག་གི་རྣམ་པར་སྣང་བ་ནི་རྣམ་པར་རྟོག་པའི་མིག་གོ། །དེ་ཉིད་ཀྱི་བརྗོད་པར་བྱ་བའི་རྣམ་པ་དང་བྲལ་བ་དང་མིག་གི་རྣམ་པར་སྣང་བ་དང་བྲལ་བའི་ཕྱིར་སོ་སོ་རང་གིས་རིག་པར་བྱ་བ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཆོས་ཉིད་ཀྱི་མིག་ཅེས་བྱ་བར་བརྗོད་དོ། །དེ་ལ་མིག་ནི་མིག་གིས་སྟོང་ངོ་ཞེས་བྱ་བ་སྟེ། མིག་ཅེས་བྱ་བ་ནི་ཆོས་ཉིད་ཀྱི་མིག་གོ། །མིག་གི་ཞེས་བྱ་བ་ནི་ཀུན་བརྟགས་དང་རྣམ་པར་རྟོག་པའི་མིག་གིས་སོ། །སྟོང་ངོ་ཞེས་བྱ་བ་ནི་རྣམ་པར་བྲལ་བ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རྣ་བ་ནི་རྣ་བས་སྟོང་ངོ་ཞེས་བྱ་བ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །”ཞེས་སོགས་པ་གཉིས་གཅིག་ཅིང་དེ་ལྟར་དུ་གསུངས་པ་བཞིན་འཁོར་ལོ་ཐ་མའི་རྗེས་འབྲང་གི་མཁས་པ་དག་གི་དགོངས་པ་མཐར་ཐུག་པ་ནི། ངོ་བོ་ཉིད་ཐ་མ་སྟོང་གཞིར་བྱས་ཏེ་དང་པོ་གཉིས་ཀྱིས་སྟོང་པ། གཞན་གྱིས་སྟོང་པའི་ཆོས་ཀྱི་བདག་མེད་མཐར་ཐུག་པར་བཞེད་པ་ལ་ནི་ཕལ་ཆེར་གནོད་བྱེད་ཀྱི་ལུང་རིགས་གང་ཡང་མེད་པར་སྣང་ལ། འདིའི་ཕྱོགས་ཀྱི་མདོ་དང་སྔགས། གཞན་རྒྱ་གཞུང་ཚད་ལྡན་དང་། བོད་གཞུང་གང་དགོས་ཀུན་གྱི་ཤེས་བྱེད་མདོར་བསྡུས་ཏེ་གོ་སླ་བའི་གཞུང་ཞིག་ལ་མཇལ་འདོད་ན་མཁན་ངག་དབང་ཚུལ་ལྡན་གྱིས་ཕྱོགས་བསྡུས་བྱས་པའི་(ཚུལ་གཉིས་ལེགས་པར་གསལ་བའི་ལེགས་བཤད་ཕྱོགས་བསྡུས།)ཞེས་པ་དང་། འབྲས་རབ་འབྱམས་པ་ངག་དབང་དངོས་གྲུབ་དཔལ་གྱིས་མཛད་པའི་(གཞན་སྟོང་བགྲོ་གླེང་ཐེངས་མང་པོའི་སྐབས་ཀྱི་དྲིས་ལན་ཁག་ཡོད་པ།)དེ་དག་ལ་གཟིགས་ན་ལུང་དག་མང་ཆེ་བ་དྲངས་སྣང་བས་དེར་ཞིབ་ཀྱིས་གཟིགས་པར་བྱའོ།། རིགས་པ་དེ་དག་ལས་ཅུང་ཟད་འདིས་མ་ནོན་པ་ཞིག་ལ། གསེར་ཕྲེང་དགེ་འདུན་ཉི་ཤུའི་སྐབས་སུ་གསུངས་པ་དེ་ཡིན་ལ། འདིའི་སྐབས་སུ་སྤྱིར་བཏང་། ཡུམ་གསུམ་གནོད་འཇོམས་ཀྱིས་དབང་རྟུལ་ལ་ཐབས་མི་མཁས་པ་གཉིས་དང་། ལྷག་མ་ཞེ་གསུམ་དབང་རྟུལ་ཐབས་མཁས་སུ་བྱས་ཏེ་རྒྱལ་སྲས་ཞེ་ལྔ་མ་གཏོགས་མི་འདོད་ལ། དེ་བཞིན་དུ་ཀུན་མཁྱེན་རིན་པོ་ཆེས་ཀྱང་ཞེ་བརྒྱད་འདོད་པ་དོར་ནས་ཞེ་ལྔ་ཞེས་ཕར་ཕྱིན་མདོ་ལུགས་མ་རུ་གསུངས་པས། དེ་ལྟ་མོད་ཀྱང་། རེ་ཞིག་འདིར་བཤད་དགོས་པ་ནི།
ཡུམ་གསུམ་གྱི་ནང་དུ། ཡོངས་གྲགས་སུ་རྒྱལ་སྲས་ཞེ་ལྔའམ་ཞེ་བརྒྱད་གང་ཡིན་རུང་གྲངས་སུ་བགྲང་བའི་སྐབས། ཞེ་གཉིས་པ་ནི། སྟོང་ཕྲག་བརྒྱ་བ་སྟེ་འབུམ་པ་དང་། མདོ་ཉི་ཁྲི་ལྔ་སྟོང་བ་དང་། ཁྲི་བརྒྱད་སྟོང་པ་གསུམ་ལས་རིམ་པ་ལྟར། “ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཅད། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ།།”ཞེས་དང་། ཤཱ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད། ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་དུ། ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ།།”ཞེས་དང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་ཕྱིན་ཆད། ཕྱིར་མི་ལྡོག་པའི་ས་ཐོབ་ཀྱི་བར་དུ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ།”ཞེས་མདོ་རྒྱས་འབྲིང་གཉིས་སུ་ཡིག་འབྲུ་གཅིག་ཙམ་མ་གཏོགས་ཁྱད་མེད་ལ། ཁྲི་བརྒྱད་སྟོང་པའི་སྐབས་མདོ་དང་པོ་གཉིས་དང་རྒྱས་བསྡུས་དང་དེ་གཉིས་ལས་ལོགས་སུ་ལྡོག་ཚིག་རེ་འདུག་སྙམ། གང་ལྟར་དོན་དག་གཅིག་ཏུ་ཁེལ་ཞིང་རྒྱལ་སྲས་ཞེ་གཉིས་པར་ངོས་འཛིན་སྟངས་ཡང་གྲངས་སྒྲིག་དུས་དེ་ལྟར་ལགས། དེས་ན་གསེར་ཕྲེང་དུ། “དེས་ན་གནོད་འཇོམས་ཆེ་བས་ཡོད་པ་བཞག་ནས་མེད་པ་བཙལ་བ་འདིས་ཀྱང་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་ཟའོོ།།”ཞེས་ཡུམ་གསུམ་གནོད་འཇོམས་ཀྱིས་མདོ་ན་ཡོད་པ་བཞག་ནས་མེད་པ་ཞིག་གསར་དུ་བཀོད་ཡོད་ཅེས་གསུངས་པ་འདི་ནི་ཅུང་ཟད་དོགས་ཏེ་ཡུམ་གསུམ་གནོད་འཇོམས་སུ་མདོ་ན་གསུངས་པའི་ཚིག་དེ་ཇི་བཞིན་བཀོད་ནས་ཞེ་གཉིས་པ་ངོས་བཟུང་མེད་ན་ཡང་། དོན་གྱིས་དེ་ག་རང་ཆགས་ཡོད་པ་འདི་ལྟར་འགྲུབ་སྟེ། ཡུམ་གསུམ་གནོད་འཇོམས་ལས། “བཞི་བཅུ་གཉིས་པ་དག་ནི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་ལེན་ཅིང་། དེ་བཞིན་དུ་ཚེ་རབས་ཀུན་ཏུ་འཁོར་ལོས་སྒྱུར་བར་གྱུར་ནས། རྫུ་འཕྲུལ་གྱི་མཐུ་ཆེན་པོ་དང་ལྡན་པས་ཕྱོགས་བཅུའི་སངས་རྒྱས་རྣམས་མཉེས་པར་བྱེད་པ་དང་། མཆོད་པར་བྱེད་ཅིང་གནས་སོ།།”ཞེས་གསུངས་པ་འདིའི་དོན་ཇི་བཞིན་འབུམ་རྐྱང་འགྲེལ་བས་བཀྲལ་ཏེ། འབུམ་རྐྱང་བའི་གནོད་འཇོམས་སུ། “ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་པོ་སེམས་བསྐྱེད་ཕྱིན་ཆད་ཕྱིར་མི་ལྡོག་པའི་ས་མ་ཐོབ་ཀྱི་བར་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་མི་གཏོང་བ་དག་ཀྱང་ཡོད་དོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཁ་ཅིག་དགེ་བ་བཅུའི་ལས་ཀྱི་ལམ་ལྷུར་བླངས་ནས་ས་དང་པོ་ཐོབ་པར་བྱས་ཏེ། སེམས་ཅན་རྣམས་ཀྱང་དགེ་བ་བཅུ་ལ་འགོད་པ་དག་ཀྱང་ཡོད་དོ་ཞེས་བསྟན་པ་སྟེ། དེ་ནི་བཞི་བཅུ་གཉིས་པའོ།།”ཞེས་མདོ་ཚིག་ངོས་སུ་དྲངས་ནས། མདོར་གསུངས་པའི་རྒྱལ་སྲས་ཞེ་གཉིས་པ་ནི་འདི་ལྟ་སྟེ་ཞེས་གནོད་འཇོམས་ཆུང་བས་བཀྲལ་བ་ན། སྔར་གྱི་གནོད་འཇོམས་ཆེ་བ་དང་དོན་ལ་ཁྱད་པར་ཅུང་ཟད་ཙམ་ཡང་མེད་པར་སྣང་སྟེ། ཕྱོགས་བཅུའི་སངས་རྒྱས་རྣམས་མཉེས་པར་བྱེད་ཅིང་མཆོད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དང་། དགེ་བཅུའི་ལས་ལྷུར་བླངས་ནས་སེམས་ཅན་ཀུན་དགེ་ལས་སུ་གཞོལ་བར་བྱེད་པའི་བྱང་ཆུབ་སེམས་དཔའ་གཉིས་ལ་ཁྱད་པར་ཅི་ཡོད་དེ། མང་གི་རྣམ་གྲངས་ཙམ་ལས་ཕན་ཚུན་ཡིན་ཁྱབ་མཉམ་ཁོ་ན་ཡིན་པར་སེམས་སོ།། མ་ཟད་གསེར་ཕྲེང་དུ། “ཕྱོགས་བཅུའི་འགྲེས་ཀྱི་སྐབས་སུ་མདོ་ལས་སེམས་དཔའ་བཅུ་ཡོད་པར་གསུངས་པ་ལ་ཕྱོགས་བཅུ་པོ་རེ་རེ་དང་བཅུ་བསྡོམས་པ་ལ་གཅིག་ཏུ་བྱས་ནས་བགྲངས་སོ། །”ཞེས་མདོ་དུ་མ་ཞིག་གཅིག་ཏུ་བྱས་ཏེ་བགྲངས་ཡོད་པར་གསུངས་ཀྱང་གནོད་འཇོམས་རང་དུ་གསལ་ཁ་དེ་ཙམ་ཞིག་མེད་ལ་ཡིན་དུ་ཆུགས་ཀྱང་དོན་ནི་སྔར་བཞིན་ལས་མ་འདས་པའོ།། གལ་ཏེ་ཁ་ཅིག་ལོགས་སུ་བཤད་པར་སྤྲོ་ན་ཡང་འདི་ལ་འགལ་བ་དང་ཉེས་པ་སོགས། མདོར་ན་དབྱིག་གཉེན་གྱི་མིན་པར་སྒྲུབ་བྱེད་དུ་ཇི་ལྟར་འགྲོ་སྟེ་མི་འགྲོ་སྟེ། སློབ་དཔོན་དབྱིག་གཉེན་ནི་ཆེས་མཁྱེན་རྒྱ་ཡངས་པ་ཡིན་སྟབས་རྒྱ་ཆེ་ས་ནས་ཐུགས་བསམ་བཞེས་ཏེ་ཡུམ་གསུམ་གྱིས་མ་གསལ་བ་དག་ལ་ཁ་སྣོན་གྱི་ཚུལ་གྱིས་འདིར་བགྲངས་བ་དེ་ཡུམ་གསུམ་དུ་གསུངས་པའི་ཞེ་གཉིས་པ་ནང་དུ་འདུས་པར་བྱས་ཏེ་རྒྱ་ཆེ་རུ་བཏང་བ་ཡིན་ཞེས་ཁས་བླངས་ན་ནི། ཨེ་འགྲིག་གམ་སྙམ་པའི་སྣང་ཚུལ་ཡོད། དེས་ན་ཡུམ་གསུམ་གནོད་འཇོམས་བམ་པོ་ཉེར་བདུན་ཡོད་པ་འདི་ལུང་རིགས་དུ་མའི་སྒོ་ནས་དབྱིག་གཉེན་གྱི་ཡིན་པར་སྒྲུབ་ནུས་སྙམ་ལ། ལྷག་པར་འདིར་བཀོད་པའི་རྗེ་རིན་པོ་ཆེའི་འདོད་པ་དག་ནི་ཡོངས་སུ་གྲགས་པའི་དམ་པ་དག་གི་ཁྲིད་རྒྱུན་དང་བཀོད་ཡོད་པའི་དཔྱད་རྩོམ་སོགས་སུ་ཡོད་པ་ཇི་བཞིན་བཀོད་པ་ལས། རང་བཟོས་བྱས་པ་མེད་ཅིང་མཐར་ཐུག་གང་ཡིན་སུས་ཀྱང་ཐག་གཅོད་དཀའ་བས། ཁྱེད་ཀློག་པ་པོ་དག་གིས་གུ་ཡངས་ཀྱི་ཚུལ་གྱིས་ཕྲན་གྱིས་བྲི་ཁུལ་བྱས་པ་འདི་ལ་སྐྱོན་གང་ཡོད་ཀུན་ཐེར་འདོན་བྱས་ཏེ་གོ་བ་ལོགས་སུ་མ་སོང་བར་རང་རང་སོ་སོའི་མཁྱེན་རྒྱ་ཡངས་ཤིང་དྲན་བློ་རེ་གསོ་ཕྱིར་རམ། ཡང་ན་གཞུང་མང་པོར་ཞིབ་ཀློག་བྱེད་པའི་རྒྱུ་ཙམ་ཞིག་ཏུ་འགྲོ་བའི་སྐྱབས་འཇུག་ནན་གྱིས་བཀུར་བ་དགེའོ།། །།
སླར་སྨྲས་པ།
རིག་གཞུང་རྒྱ་མཚོའི་རྡུལ་ལས་ཐིག་གཅིག་ཙམ་གྱི་དགོངས་དོན་བཀྲལ་པ་དེ།།
བསོད་ནམས་དགེ་བའི་ལས་འབྲས་གང་ཡོད་ཀུན་སློང་གཙང་མའི་མཚམས་སྦྱོར་ནས།།
བསྟན་དང་འགྲོ་བའི་རྒུད་ཚོགས་མ་ལུས་ལྷག་མེད་དབྱིངས་སུ་བཅོམ་གྱུར་ཏེ།།
བླ་མེད་སྐུ་བཞིའི་གོ་འཕང་མཆོག་དེ་རིང་མིན་མངོན་དུ་གྱུར་བར་སྨོན།།
ཅེས་པ་འདི་ནི་རྔ་ཡུལ་བསེ་ཀུན་དགའ་ཆོས་འཕེལ་དུ་འབོད་པ་དེས་སེམས་རྣམ་པར་དག་པའི་སྒོ་ནས་བོད་རྒྱལ་ལོ༢༡༤༥.ལོའི་ཟླ་༡༡.པའི་ཚེས༡༥ཉིན་རྫ་སེར་ཤུལ་དགོན་མཐོ་རིམ་ནང་བསྟན་སློབ་གླིང་ནས་བྲིས་པ་དགེའོ།།
ཡོང་ཁུངས། བོད་ཡིག་འཕྲིན་སྟེགས་ཀ་ལཱ་པའི་གྲོང་།