ཟབ་གསལ་རྣོ་བའི་ཤེས་རབ་རལ་གྲི་ཡིས། །
རྨོངས་པའི་སྲོག་རྩ་རྨེག་ནས་འཇོམས་མཛད་ལྷ། །
འཇམ་དཔལ་དཔའ་བོའི་ཐུགས་རྗེའི་ཉི་ཟེར་གྱིས། །
བློ་གྲོས་པདྨོ་མངོན་པར་བཞད་གྱུར་ཅིག །
རྩ་བར། རྒྱ་གར་སྐད་དུ། ཤྲཱི་ཛྙ་ན་གུ་ཎ་ཕ་ལ་ནཱ་མསྟུ་ཏིཿ། བོད་སྐད་དུ། དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཞེས་བྱ་བ། ཞེས་པ་སྟེ། རྒྱ༵་ག༵ར་འཕགས་པའི་ཡུལ་ལ་ཡུལ་གྲུ་ཆེན་པོ་དྲུག་དང་། སྐད་རིགས་ཆེན་པོ་བཞིའམ་ལྔ་ཡོད་པ་ལས་ལེགས་སྦྱར་སཾ་སྐྲི་ཏའི་སྐད་དུ་བསྟན་བཅོས་འདིའི་མཚན་ལ་ཤྲཱི་ཛྙ་ན་གུ་ཎ་ཕ་ལ་ནཱ་མསྟུ་ཏིཿ་ཞེས་བྱ་ཞིང་། རང་རེ་བོད་ཀྱི་སྐད་དུ་ཤྲཱི་དཔལ། ཛྙ་ན་ཡེ་ཤེས། གུ་ཎ་ཡོན་ཏན། ཕ་ལ་བཟང་པོ། ན་མ་ཞེས་བྱ་བ། སྟུ་ཏི་ནི་བསྟོད་པ་ལ་འཇུག་པས་དཔལ་ཡེ་ཤེས་ཡོན་ཏན་བཟང་པོ་ཞེས་བྱ་བའི་བསྟོད་པ་ཞེས་པའི་དོན་ཡིན་ནོ། །འགྱུར་ཕྱག་ནི། རྩ་བར། བཅོམ་ལྡན་འདས། ཞེས་པ་སྟེ། ཕུང་བོའི་བདུད། འཆི་བདག་གི་བདུད། ཉོན་མོངས་པའི་བདུད། ལྷའི་བུའི་བདུད་དེ་བདུད་བཞི་བཅོམ་པ་དང་ལྡན་པས་སམ། ཡང་ན་བྷ་ག་ནི་སྐལ་བ་སྟེ་དབང་ཕྱུག་དང་གཟུགས་དང་། དཔལ་དང་གྲགས་པ་དང་། ཡེ་ཤེས་དང་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ་སྐལ་བ་དྲུག་དང་ལྡན་པས་བཅོ༵མ་ལྡ༵ན་ཞེས་བྱ། འདིར་འད༵ས་པའི་དོན་ནི། སྒྲ་སྦྱོར་བམ་གཉིས་ལས། མདོ་སྡེ་ལས་སངས་རྒྱས་ཀྱི་མཚན་ལ་འཇིག་རྟེན་འདས་པ་ཞེས་ཀྱང་འབྱུང་བས་འདས་ཞེས་བླ་ཐབས་སུ་བསྣན་ནོ། །ཞེས་གསུངས་སོ། །དེ་ནས། རྩ་བར། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ཐུགས་རྒྱུད་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྟེ། ཉེས་པའི་རྩུབ་རེག་མཐའ་དག་དང་བྲལ་བའི་འཇ༵མ་པ༵འི་ཡོན་ཏན་དང་ལྡན་པས་ན་འཇམ་པ་དང་། གསུང་དབྱངས་ཡན་ལག་དྲུག་ཅུ་མངའ་བའམ་སྐལ་ལྡན་གདུལ་བྱ་རྣམས་ཀྱི་ཁམས་དབང་མོས་པ་ཇི་བཞིན་དུ་འཇུག་པའི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་དུ་གྱུར་པས་དབྱ༵ངས་ཏེ། དེ་ལྟ་བུའི་འཕགས་པ་འཇམ་པའི་དབྱངས་ལ༵་སྒོ་གསུམ་གུས་པས་འདུད་པའམ་ཕྱག་འཚལ་ཞེས་པའི་དོན་ཡིན་ལ། འདིར་ལོ༵་ཞེས་པ་རྫོགས་ཚིག་སྟེ། དོན་དེ་རེ་ཞིག་རྫོགས་པར་སྟོན་པའི་ཚིག་ཡིན་པའི་ཕྱིར་རོ། །དང་པོ་ཐུགས་ལ་བསྟོད་པ་ནི། རྩ་བར། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བ། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །ཞེས་པ་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་རབ་གཅིག་ཏུ་བསྡུས་པའི་ངོ་བོ་རྗེ་བཙུན་འཇམ་པའི་དབྱངས་ཞེས་བྱ་བ་ག༵ང་གི༵་ཐུགས་རྒྱུད་ཀྱི་ཆོས་ཐམས་ཅད་རེས་འཇོག་མེད་པར་མཁྱེན་པའི་བློ༵་གྲོ༵ས་ཀྱིས་སྒྲིབ་གཉི༵ས་ས་བོན་དང་བཅས་པ་ཡོངས་སུ་སྤངས་པའི་ཕྱིར་སྒྲིབ་གཉིས་ཀྱི་སྤྲི༵ན་དང་བྲ༵ལ་ཞེས་པའོ། །དཔེ་ཇི་ལྟར་ན་སྤྲིན་དང་རྡུལ་སོགས་ཀྱི་སྐྱོན་དང་བྲལ་བའི་ཉི༵་མ་ནི་སྤྲིན་གྱིས་རྣམ་པར་དག་པ་དང་། རང་བཞིན་གྱིས་འོད་གསལ་བ་སྟེ་ཁྱད་ཆོས་གཉིས་དང་ལྡན་པ་ལྟ༵ར། རྗེ་བཙུན་གང་ཉིད་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེའང་ཆགས་སོགས་གློ་བུར་གྱི་དྲི་མ་མཐའ་དག་གིས་རྣ༵མ་པར་ད༵ག་པ་དང་། ཆོས་རྣམས་ཀྱི་གནས་ལུགས་གཞལ་བ་ལ་ར༵བ་ཏུ་གས༵ལ་བ༵འི་ཡེ་ཤེས་དེས་བདེན་གཉིས་ཀྱིས་བསྡུས་པའི་ཤེས་བྱ་ཇི༵་སྙེ༵ད་ཡོད་པ་དེ་ཐམས་ཅད་ཀྱི་དོ༵ན་གྱི་ཡིན་ལུགས་སམ་སྡོད་ལུགས་ཀུ༵ན་ཇི༵་ལྟ་བ་བཞི༵ན་ལག་མཐིལ་དུ་སྐྱུར་རུ་ར་རློན་པ་བཞག་པ་ལྟར་མངོན་སུམ་དུ་གཟི༵གས་པའི་ཕྱི༵ར་ན། དོན་དེ་མཚོན་བྱེད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་རྣམ་པར་དག་པ་ཐུགས་སུ་ཆུད་པའི་བརྡར་རྗེ་བཙུན་འཇམ་པའི་དབྱངས་ཉི༵ད་ཀྱི༵་ཐུ༵གས་ཀ༵ར་ཨུཏྤལ་སྔོན་པོའི་རྩ་བ་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་ཕྱེས་པ་འདབ་མ་དང་གེ་སར་རབ་ཏུ་རྒྱས་པའི་སྟེང་དུ་གསུང་རབ་ཀུན་འདུས་པའི་ངོ་བོ་རྒྱ་ཆེ་བ་ལམ་གྱི་རིམ་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ་ཟབ་མོ་སྟོང་པ་ཉིད་སྤྲོས་བྲལ་གཞན་སྟོང་དབུ་མ་ཆེན་མོ་གསལ་ཞིང་རྒྱས་པར་བསྟན་པའི་མདོ་སྡེ་ཟབ་མོའི་གླེ༵གས་བ༵མ་བསྣམས་པའམ་འཛི༵ན་ཞེས་པའི་དོན་ནོ། །དེ་ནས། རྩ་བར། གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐོམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ། ཞེས་པ་སྟེ། སྡུག་བསྔལ་གསུམ་གྱིས་མནར་བའི་འགྲོ་བ་སེམས་ཅན་ག༵ང་ད༵ག་ལས་ཉོན་གྱིས་རང་དབང་མེད་པར་སྲི༵ད་པ༵་འཁོར་བའི་བཙོ༵ན་ར༵ར་བཙུད་དེ། ཡང་དག་པའི་དོན་གནས་ལུགས་བདེ་བར་གཤེགས་པའི་སྙིང་བོ་ལ་རྨོངས་པའི་མ་རིག་པ་དང་། ལས་འབྲས་ལ་རྨོངས་པའི་མ༵་རི༵ག་པ་སོགས་ཐོག་མེད་ནས་གོམས་པའི་མ་རིག་པའི་མུ༵ན་པ་འཐུག་པོས་བླང་དོར་གྱི་གནས་ལ་རྨོངས་པའམ་མགོ་འཐོ༵མས་པར་བྱས་ནས། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུ༵ག་བསྔ༵ལ་གསུམ་གྱི༵ས་གཟི༵ར་བའམ་མནར་བ༵འི་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་དང་། ལྷ་མི་ལྷ་མིན་ཏེ་བདེ་འགྲོ་གསུམ་གྱི་འགྲོ༵་བའི་ཚོ༵གས་ཇི་སྙེད་ཡོད་པ་ཀུ༵ན་ལ༵་ཆེས་ཡིད་དུ་འོང་ཞིང་། བྱམས་པའི་བུ༵་གཅི༵ག་ལས་མེད་པའི་མ་དེ་རང་གི་བུ་དེ་ལ་ལྷག་པར་ཤིན་ཏུ་སྙིང་བརྩེ་བ་ལྟ༵ར་ལན་དང་རྣམ་སྨིན་ལ་རེ་བ་མེད་པར་སེམས་ཅན་ཀུན་ལ་མཉམ་པ་ཉིད་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཉིན་མཚན་དུས་དྲུག་ཏུ་སྡུག་བསྔལ་གྱིས་མནར་བའི་འགྲོ་བ་རྣམས་སྲིད་པ་འཁོར་བའི་མཚོ་ལས་བསྒྲལ་འདོད་ཀྱི་བརྩེ༵་བ་སྙིང་རྗེ་ཆེན་པོ་རྒྱུན་ཆད་མེད་པར་འབྱུང་ཞེས་པའི་དོན་ནོ། །གཉིས་པ་གསུང་ལ་བསྟོད་པ་ནི། རྩ་བར། ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་བཀྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །ཞེས་པ་སྟེ། འགྲོ་བ་སེམས་ཅན་རྣམས་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་པའི་ཆེད་དུ་བླང་དོར་གྱི་གནས་ཕྱིན་ཅི་མ་ལོག་པར་གསལ་བར་བསྟན་པའི་གསུང་གཅིག་ལའང་ཡ༵ན་ལ༵ག་དྲུ༵ག་ཅུ༵འི་ཚངས་པའི་དབྱ༵ངས་དང་ལྡ༵ན་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཛད་པ་ཀུན་ལས་མཆོག་ཏུ་གྱུར་པའི་གསུ༵ང་གི་མཛད་པས་ནམ་མཁའི་དབྱིངས་སུ་འབྲུ༵ག་སྒྲ་ལྡིར་བའི་སྐད་ཀྱིས་གཉིད་ལོག་པའི་འགྲོ་བ་རྣམས་གློ་བུར་དུ་གཉིད་ལས་སད་པ་བྱེད་པར་ལྟ༵ར་གདུལ་བྱ་ཡོངས་སུ་སྨིན་པ་རྣམས་ལ་བརྒྱད་ཁྲི་བཞི་སྟོང་གི་དམ་པའི་ཆོས་ཀྱི་སྒྲ་དབྱངས་དུས་རྟག་ཏུ་ཆེས་ཆེ༵ར་སྒྲོ༵ག་པར་མཛད་པས་སྡུག་བསྔལ་གྱིས་མནར་བའི་གདུལ་བྱའི་སེམས་ཅན་མཐའ་ཡས་པ་རྒྱུ་ཆགས་སྡང་སོགས་ཉོ༵ན་མོ༵ངས་པའི་གཉི༵ད་ལས་སློ༵ང་ཞིང་། འབྲས་བུ་འཁོར་བར་འཕེན་བྱེད་ཀྱི་ལས་དང་། འགྲུབ་བྱེད་ཀྱི་ལས་དང་། འཆིང་བྱེད་ཀྱི་ཟག་པ་དང་བཅས་པའི་དགེ་སྡིག་གི་ལ༵ས་ཀྱི༵་ལྕ༵གས་སྒྲོ༵ག་གི་འཆིང་བ་དམ་པོ་བཀྲོ༵ལ་བར་མཛ༵ད་ཅིང་། །ཁྱད་པར་དུ་རྣམ་འགྲེལ་ལས། དེ་ཉིད་ཕྱིར་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་པ་ལྟར་ཉེས་པ་དང་རྒུད་པ་མཐའ་དག་གི་རྩ་བ་མ༵་རི༵ག་པའི་མུ༵ན་པ་སེ༵ལ་ཞིང་། མ་རིག་པ་དེ་ལས་བྱུང་བའི་རྒྱུ་ཀུན་འབྱུང་གིས་བསྡུས་པའི་ལས་ཉོན་གཉིས་དང་། དེས་བསྐྱེད་པའི་འབྲས་བུ་སྡུག་བདེན་གྱིས་བསྡུས་པའི་སྡུག་བསྔལ་གྱི་སྡུག་བསྔལ་སོགས་སྡུ༵ག་བསྔ༵ལ་གསུམ་དང་བརྒྱད་ཀྱི་མྱུ༵་གུ༵་ཇི༵་སྙེ༵ད་པ་སྟེ་ཡོད་དོ་ཅོག་ཀུན་གྱི་རྩ་བ་སྤངས་པའམ་གཅོ༵ད་པར་མཛ༵ད་པའི་བརྡར་ཕྱག་གཡས་དཔུང་བའི་ཐད་ཀར་ཤེས་རབ་ཀྱི་ར༵ལ་གྲི༵་དབང་སྔོན་ནམ་མཁའི་མདོག་འདྲའི་སྔོ་སངས་ཡེ་ཤེས་ཀྱི་མེ་འབར་བ་ཞིག་གདེངས་པའི་སྟབས་ཀྱིས་བསྣ༵མས་ཞེས་པའོ། །གསུམ་པ་སྐུ་ལ་བསྟོད་པ་ནི། རྩ་བར། གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །ཞེས་པ་སྟེ། བརྟན་དང་གཡོ་བ་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པའི་དོན་དམ་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་ཉིད་གདོ༵ད་མ་ན༵ས་སམ་རང་བཞིན་གྱིས་རྣམ་པར་ད༵ག་ཅི༵ང་། ཡོན་ཏན་ཡང་སྟོབས་བཅུ་དང་མི་འཇིགས་པ་བཞི་སོགས་དོན་དམ་པའི་ཟག་མེད་ཀྱི་ཡོན་ཏན་ཀུན་དང་ལྡན་ལ། དེར་མ་ཟད་ཀུན་རྫོབ་བདེན་པར་གྱུར་པའི་བྱང་ཆུབ་སེམས་དཔའི་རྣམ་པ་ཅན་གྱི་རྗེ་བཙུན་འཇམ་པའི་དབྱངས་ཀྱང་དོན་དངོས་པོའི་གནས་ཚོད་ལ་བསྐལ་བ་གྲངས་མེད་པའི་སྔ་རོལ་ནས་དེ་བཞིན་གཤེགས་པ་ཀླུ་རིགས་མཆོག་གི་ངོར་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྤང་བྱའི་དྲི་མ་སྒྲིབ་གཉིས་སོགས་ཉེས་སྐྱོན་ཐམས་ཅད་ཀྱི་དྲི་མས་རྣམ་པར་ད༵ག་ཅི༵ང་། རྟོགས་པའི་ཡོན་ཏན་ཡང་གོང་ནས་གོང་དུ་འཕེལ་ཏེ་ས༵་བཅུ༵་ལམ་ལྔའི་བགྲོད་པ་མཐ༵ར་སོ༵ན་པའམ་མཐར་ཕྱིན་པས་སྟོབས་བཅུ་དང་། མི་འཇིགས་པ་བཞི་མ་འདྲེས་པའི་ཆོས་བཅོ་བརྒྱད་སོགས་རྟོགས་པའི་ཡོ༵ན་ཏ༵ན་ཐམས་ཅད་དང་། སྒྲིབ་གཉིས་ས་བོན་དང་བཅས་པ་བཅོམ་པས་སྤངས་པའི་ཡོན་ཏན་མཐའ་དག་གི་ལུ༵ས་ཡོངས་སུ་རྫོ༵གས་ན་ཡང་། ཚུལ་སྟོན་ལ་རྒྱ༵ལ་བ་སངས་རྒྱས་སྟོང་རྩ་གཉིས་ཀྱི་ཐུགས་ཀྱི་སྲ༵ས་གཙོ་བོའམ་ཐུ༵་བོ༵འི་སྐུ༵་ཅན་གྱི་བྱང་ཆུབ་སེམས་དཔའི་གཞོན་ནུའི་ཚུལ་བཟུང་སྟེ་འགྲོ་བའི་དོན་མཛད་ཅེས་པའོ། །དེ་ནས། རྩ་བར། བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། ། ཅེས་པ་སྟེ། ཕྱག་ཞབས་ཀྱི་མཐིལ་ན་རྩིབས་སྟོང་དང་ལྡན་པའི་གསེར་གྱི་འཁོར་ལོའི་མཚན་མ་དང་ལྡན་པ་སོགས་སྐྱེས་བུ་ཆེན་པོར་མཚོན་བྱེད་ཀྱི་མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་། ཐུབ་པའི་སེན་མོ་ཟངས་མདོག་ལྟ་བུ་སོགས་ཕ་རོལ་ལ་སྐུའི་མཛེས་པ་བསྐྱེད་པའི་དཔེ་བྱད་བརྒྱད་ཅུ་སྟེ། གྲངས་བཅུ༵་ཕྲ༵ག་བཅུ༵་ད༵ང་བཅུ༵་གཉི༵ས་ཀྱི་རྒྱ༵ན་བཟང་པོ་རྣམས་ཀྱིས་རྣམ་པར་སྤྲ༵ས་པའི་སྐུ་དེ་ཉིད་ཡིད་ལ་སྒོམ་ཞིང་གསོལ་བ་བཏབ་པ་ལས་བད༵ག་ཅག་འགྲོ་བ་སེམས་ཅན་ཀུན་གྱི་བློ༵འི་མུ༵ན་པ་སྟེ་མ་རིག་པ་སེ༵ལ་ཞིང་། ཤེས་རབ་ཀྱི་འོད་སྣང་སྩོལ་བའི་རྗེ་བཙུན་འཇ༵མ་པ༵འི་དབྱ༵ངས་ཁྱོད་ལ༵་སྒོ་གསུམ་གུས་པ་ཆེན་པོས་འདུ༵ད་པའམ་ཕྱག་འཚལ་ཞེས་པའི་དོན་ནོ། །
འདི་སྔར་ཁོ་བོས་འབྲི་ཁུལ་བྱས་པའི་གང་བློ་མའི་ཚིག་དོན་ལེགས་པར་བཤད་པ་རྗེ་བཙུན་དགོངས་རྒྱན་ཞེས་པའི་འགྲེལ་བ་ལས་ཚིག་འགྲེལ་རྐྱང་བ་བླངས་པའོ ། །
2 Responses
ཡག་པོ་བྲིས་འདུག དོན་ཚང་ལ་གནད་འདུས་པ་ཞིག་བྲིས་འདུག མཁན་པོ་ཁོང་ལ་བཀའ་དྲིན་ཆེ། མུ་ནས་མུར་འབྲེལ་ཏེ་དེ་ལྟར་གནང་རོགས་ཞུ་ཞུ
*ཡག་པོ་བྲིས་འདུག དོན་ཚང་ལ་གནད་འདུས་པ་ཞིག་བྲིས་འདུག མཁན་པོ་ཁོང་ལ་བཀའ་དྲིན་ཆེ། མུ་ནས་མུར་འབྲེལ་ཏེ་དེ་ལྟར་གནང་རོགས་ཞུ་ཞུ