བོད་ཀྱི་དགོན་སྡེའི་ཁྲོད་ཀྱི་རྩོད་པ་བྱེད་སྐབས་སུ་ཀུན་སློང་འཁྱེར་སོ་དང་རྣམ་འགྱུར་གྱི་མཚོན་དོན་སོགས་དམ་པ་གོང་མའི་གསུང་བཞིན་ཟིན་བྲིས་སུ་བཏབ་པ།
འཕགས་ཡུལ་རྩོད་རྒྱལ་ཕྱོགས་གླང་ཡབ་སྲས་དང་།།
བོད་ཡུལ་རྩོད་པའི་བསྟན་པ་ཆེར་སྤེལ་བའི།།
ཆ་པ་ཆོས་སེང་གཙོ་གྱུར་སེང་ཆེན་བརྒྱད།།
མཆོད་དེ་རྩོད་པའི་མན་ངག་ཉུང་ཙམ་འབྲི།།
བསེ་ཀུན་དགའ་ཆོས་འཕེལ།
སྤྱིར་བཏང་མཚན་ཉིད་རྩོད་པ་བྱེད་པ་འདི་ཤེས་རབ་དང་རྣམ་དཔྱོད་གོང་འཕེལ་དུ་གཏོང་བའི་ཐབས་ཕུན་སུམ་ཚོགས་པ་ཞིག་ཡིན་པས་འདི་ལ་གཞན་ལས་ཁྱད་འཕགས་ཀྱི་ཡོན་ཏན་རིན་ཐང་དང་ལྡན་པ་ཞིག་ཡོད་སྙམ། ཚད་ལྡན་གྱི་རྩོད་པ་ཞིག་བྱེད་འདོད་ན། རྩོད་པ་ལ་མཁས་པའི་རྒྱུ་ཕུན་སུམ་ཚོགས་པ་གསུམ་སྟེ། སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ་དང༌། སྒྲ་དང་ཚད་མའི་རིགས་ལམ་སོགས་ལ་བློ་སྦྱངས་པ་དང༌། རང་གཞན་གྱི་གཞུང་མང་པོ་ལ་ལེགས་པར་རྒྱུས་ཡོད་པ་འདི་གསུམ་གྱི་ཆ་རྐྱེན་དང་ལྡན་པ་ཞིག་ཡིན་དགོས། རྩོད་པ་བྱེད་པའི་སྐབས་སུ་ཀུན་སློང་ཡག་པོ་མ་བྱུང་བ་དང་རྩོད་པ་ལོག་ལམ་དུ་བཀོལ་ན། རང་ཉིད་ཉོན་མོངས་པས་ཡིད་དཀྲུགས་པ་དང་། མི་གཞན་མང་པོས་སྨོད་པར་བྱེད་པ། ཚེ་རབས་གཞན་དུ་རྣམ་སྨིན་ཡིད་དུ་མི་འོང་བ་མྱོང་བར་འགྱུར་བ་སྟེ་མ་དག་པའི་འབྲས་བུ་གསུམ་སྨིན་པ་དང་། ཀུན་སློང་ཡག་པོ་དང་ལེགས་ལམ་དུ་བཀོལ་ན། རྟོགས་པ་དང་རྣམ་དཔྱོད་དག་འཕེལ་བས་རང་རྒྱུད་ཚིམ་པ་དང་། སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་པ། གཞན་དོན་རླབས་པོ་ཆེ་འགྲུབ་པའི་བསྟན་འཛིན་གྱི་སྐྱེས་བུར་གྱུར་བ་སྟེ་དག་པ་གསུམ་གྱི་འབྲས་བུ་སྨིན་པར་འགྱུར་བས་ཀུན་སློང་བཟང་ངན་འདི་ལ་གནད་འགག་ཧ་ཅང་ཆེ་བ་ཡིན།
དེས་ན་རྩོད་པ་བྱེད་བཞིན་པའི་སྐབས་སུ་ཐལ་ཆེ་བ་མ་ཡིན་པའི་ཉོན་མོངས་ཀྱི་རིགས་མང་པོ་འབྱུང་བ་ང་ཚོ་ཐ་མལ་བའི་རང་བཞིན་དུ་ཆགས་ཡོད་སྟབས། གཙོ་བོ་རྩོད་པ་བྱེད་པའི་དམིགས་ཡུལ་ལེགས་པོ་ཞིག་སེམས་སུ་བཟུང་ཡོད་ན་དེ་འགྲུབ་པའི་ཐབས་སུ་སོང་བ་ཙམ་གྱིས་ཏག་ཏག་འགྲིག་གི་ཡོད་པ་དམ་པ་རྣམས་ཀྱིས་གསུངས།
འདིར་ང་ཚོ་ཁ་བ་གངས་ཅན་ལྗོངས་ཀྱི་ཆོས་ཀྱི་དགོན་སྡེ་ཚོའི་ཆོས་གྲྭའི་ཁྲོད་ན་དུས་རབས་བཅུ་གཉིས་པ་ཡས་མས་ཤིག་ནས་དར་ཁྱབ་ཏུ་བྱུང་བའི་སྒོ་གསུམ་ཟུང་འབྲེལ་གྱིས་གཞུང་ལུགས་ལ་ཐོས་བསམ་བྱེད་ཚུལ་གྱི་ཐབས་ལམ་ལས། ཡིད་ཀྱིས་དམིགས་རྣམ་སྦྱོང་ཚུལ་དང་ལུས་ངག་གི་རྣམ་འགྱུར་སོ་སོའི་དགོས་པ་དང་མཚོན་དོན་སོགས་ཅུང་ཟད་འཆད་པར་ཞུ།
དེ་ཡང་མཚན་ཉིད་རྩོད་པ་བྱེད་པ་ལ། ཐོག་མར་རང་ཉིད་རྗེ་བཙུན་འཇམ་པའི་དབྱངས་ལ་གསལ་བཏབ། ལག་པ་གཡོན་པ་ཡར་འཁོར་བའི་མཐིལ་དུ་ཕ་མར་གྱུར་བའི་ཁམས་གསུམ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་ཡོད་པའི་མོས་པ་དང་། མཐེ་བོང་གིས་ལག་མཐིལ་དུ་དེ་དག་མནན་པ་ན་བསྡུ་བའི་དངོས་པོ་བཞི་སོགས་ཀྱིས་ལེགས་པར་སྐྱོང་བའི་མོས་པ་དང་། ཐབས་ཤེས་ཟུང་འབྲེལ་མཚོན་བྱེད་དུ་ཕྲེང་བ་བྱང་ཆུབ་གདོང་དྲུག་གཙོ་བོར་གྱུར་པ་གཉིས་བསྐོར་གྱིས་བཅིངས་དགོས།
ལག་པ་གཡས་པའི་མཛུབ་མོ་རྣམས་དྲང་པོར་བསྲིངས་ཏེ་རྣ་བའི་ཐད་དུ་འཕྱར་བ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕྱག་མཚན་གཙོ་བོ་ཤེས་རབ་ཀྱི་རལ་གྲིར་གསལ་བཏབ་ནས། འཇམ་པའི་དབྱངས་ཀྱི་གཟུངས་སྔགས། ཨོཾ་ཨཿར་པ་ཙ་ན་ཞེས་པའི་ཚིག་སྒྲ་མི་མངོན་པར་བྱས་ཏེ་ངག་ཏུ་བཏོན་ནས། [དྷཱིཿ] སྐད་ཀྱི་སྐབས་སྐད་གསང་ཤུགས་ཆེན་པོ་དུས་ཡུན་རིང་ཙམ་བརྗོད་པ་དང་ལྷན་ལག་པ་གཡས་པ་ཁ་མར་འཁོར་གྱིས་ཐལ་མོ་རྡབ་མ་ཐག་ཏུ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕྱག་གི་ཤེས་རབ་ཀྱི་རལ་གྲིས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་མ་རིག་པའི་མུན་པ་ཐམས་ཅད་རྩ་བ་ནས་རྒྱུན་བཅད་ཅིང་། དེ་མ་ཐག་ཏུ་ལག་པ་གཡས་གཡོན་གཉིས་སྟེང་འོག་བརྗེས་ཏེ་གཡོན་པའི་མཐིལ་གྱི་འགྲོ་བ་རྣམས་གཡས་པའི་མཐིལ་དུ་བླངས་ནས་སངས་རྒྱས་ཀྱི་སར་བཀོད་པའི་མཚོན་བྱེད་དུ་ལག་གཡས་ཁ་ཡར་འཁོར་གྱིས་ལུས་ཀྱི་མཐོ་སར་གྱེན་དུ་བཏེགས་པའོ།།
དེ་ནས་རྩོད་གཞིའི་གཞུང་ལ་དངོས་སུ་མ་བབ་པའི་དུས་དང་དངོས་གཞིའི་སྐབས་སོ་སོར་སེམས་སུ་ཐད་ཀར་གང་མ་དྲན་པའི་སྐབས་ཐམས་ཅད་དུ་[ཡ]ཚིག་རིང་པོ་ཞིག་བཏང་བ་ངང་གིས་གོམས་ཡོད་པ་འདི། སྤྱིར་[ཡ]ཚིག་རླུང་གི་རྩ་བ་ཡིན་པས་རྩ་ནང་དུ་རླུང་གི་རྒྱུ་ལམ་བསང་བའི་ཆེད་དང་། ལྷག་པར་དྲན་པ་གསོ་བའི་ཆེད་དུ་ལྷོད་ལ་འབབ་ཐུབ་པའི་ཐབས་སུ་གྱུར་ཡོད་པ་ཡིན།
དེ་ནས་རྟགས་གསལ་དངོས་གཞི་ཚུགས་པ་ན། ཕྱི་རྒོལ་གྱིས་ལན་བཏབ་པ་དང་མཉམ་དུ་འཁོར་གསུམ་ཚང་བ་སྟེ། ༡ སྔ་རྒོལ། ༢ རྟགས་གསལ། ༣ ཕྱི་རྒོལ་གསུམ་རིམ་པ་བཞིན་དུ། ༡ རྟགས་གསལ་གཏོང་བ་པོ། ༢ རྟགས་གསལ། ༣ རྟགས་གསལ་གཏོང་ཡུལ་གསུམ་པོ་བདེན་དངོས་སུ་མ་གྲུབ་པའི་ངང་དུ་རྩོད་པར་མོས་པ་བསྐྱེད་དགོས།
དེ་ནས་གཞུང་གི་ས་བཅད་དང་གཞུང་གོང་འོག་ལེགས་པར་སྒྲིག་པའི་རིང་དུ་སྐབས་ཀྱི་གཞུང་དང་དེ་མཛད་པ་པོས་གཙོས་དེ་འབྲེལ་གྱི་དམ་པ་རྣམས་ལ་གུས་ཞབས་མཚོན་བྱེད་དུ་གཟན་སྐྱོར་བྱས་ཏེ་ལྷོད་ཀྱིས་རྩ་བའི་དམ་བཅའ་སོགས་དོགས་པའི་གཞི་ཕྱི་རྒོལ་སོགས་ལ་ལེགས་པར་ངོ་འཕྲོད་དུ་འཇུག་དགོས།
དེ་ནས་ལུང་རིགས་ཀྱིས་རྩོད་པའི་གཞི་དངོས་ལ་བདར་ཤ་གཅོད་པར་ཉེ་བ་ན། རིམ་གྱིས་གཟན་སྐེད་པར་དཀྲི་དགོས། དཀྲི་ཚུལ་ཡང་གཟན་དཀྲིས་ཕྱི་ནང་གི་མཐའ་སྣེ་གཉིས་སྐེད་པའི་གཡས་གཡོན་གྱི་གློ་ཟུར་དུ་ཁེལ་དུ་བཅུག་སྟེ་འབུར་མགོ་དོད་པ་ཞིག་བྱེད་དགོས་པས། འབུར་དོད་དེ་གཉིས་དང་། པུས་མོ་གཡས་གཡོན་གཉིས་དང་། ངོ་གདོང་དང་བཅས་པ་ལྔ་ནི་རི་དྭགས་ཐམས་ཅད་ཀྱི་ཁྲོད་ན་མི་འཇིགས་པའི་སྤོབས་པ་དང་ལྡན་པའི་རི་དྭགས་ཀྱི་རྒྱལ་བོ་སེངྒེ་གདོང་ལྔ་དང་འདྲ་བར། གདོང་ལྔ་མཚོན་ཏེ། དེ་ཡང་འཁོར་མང་པོའི་དབུས་སུ་དམ་པའི་ཆོས་ཀྱི་སྒྲ་སྒྲོག་པ་ལ་བག་ཚ་བ་མེད་པའི་སྤོབས་པ་སྟེ་མི་འཇིགས་པ་བཞི་སོགས་ཐོབ་པའི་བག་ཆགས་ཁྱད་པར་ཅན་འཇོག་བྱེད་ཀྱི་རྒྱུར་འགྲོ་བ་ཡིན།
སྔ་རྒོལ་གྱི་རྐང་བ་གཡས་པ་སར་བཙུགས་པ་ནི་ངན་སོང་གི་སྐྱེ་སྒོ་འགོག་པ་མཚོན་ཞིང་། གཡོན་པ་གྱེན་དུ་བཏེགས་པ་ནི་སྐབས་ཀྱི་ཕྱི་རྒོལ་སོགས་འགྲོ་བ་ཐམས་ཅད་ཐར་བ་དང་ཐམས་ཅད་མཁྱེན་པའི་སར་འདྲེན་པར་མཚོན་ཏེ་མོས་པ་བསྐྱེད་དགོས།
ལག་པ་གཉིས་ཀྱི་ཕྱག་རྒྱ་ཐལ་བཀྱེད་དེ་ཕྱོགས་ཕྱོགས་སུ་གཡོ་ཞིང་འགུགས་པ་ནི་སྤྱིར་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་མཐར་རྒྱས་པའི་རྟེན་འབྲེལ་དང་། སྒོས་སུ་སྐབས་ཀྱི་སྒྲོ་འདོགས་ཆོད་པའི་འཕྲིན་ལས་གཞན་ལ་ཁྱབ་པས་ནང་རང་རྒྱུད་ལ་རྟོགས་པས་ཕྱུག་ཅིང་ཕྱི་མཁོ་དགུ་དབང་དུ་འདུ་བའི་རྟེན་འབྲེལ་ཡོད་པར་མཚོན་པ་ཡིན། ཡན་ལག་གཡོ་འགུལ་སྐབས་མགོ་ལུས་ཐད་ཀར་མ་སྲོང་ན་རྩ་དབུ་མར་རླུང་གི་རྒྱུ་བ་འགག་པས་རླུང་ལ་བརྟེན་པའི་རིག་པ་མི་གསལ་བར་འགྱུར་བ་ཡིན། དེའི་ཕྱིར་མགོ་ལུས་ཐད་ཀར་དྲང་བོར་སྲོང་རྒྱུ་ཡང་ཤིན་ཏུ་གལ་ཆེ་བ་ཡིན།
དམིགས་རྣམ་སོགས་དེ་ལྟ་བུ་བསྐྱེད་པའི་སྒོ་ནས་མཚན་ཉིད་ཀྱི་རྩོད་པ་བྱེད་པ་འདི་ནི་ཆེས་ཤིན་ཏུ་གལ་ཆེ་བར་ངེས་པས་དམ་པ་གོང་མའི་གསུང་སྒྲོས་ཇི་བཞིན་གཞན་ལ་ཕན་ཕྱིར། ཅུང་ཟད་ཁ་གསལ་བར་བྱས་ཏེ་ཁོ་བོས་ཟིན་བྲིས་ཀྱི་ཚུལ་དུ་བཏབ་པ་ཡིན་པས། དགེ་བ་གང་མཆིས་བསྟན་དང་འགྲོ་བའི་དོན་དུ་འགྱུར་བར་ཤོག།
འདི་བྲིས་དགེ་བའི་འབྲས་བུ་གང་ཡོད་རྣམས།།
མཐའ་མེད་འཁོར་བར་འཁྱམ་པའི་མར་གྱུར་འགྲོ།།
གཅིག་ཀྱང་ལུས་མེད་གཏན་བདེའི་གོ་འཕང་མཆོག།
རིང་མིན་ཐོབ་ཅིང་རྒྱལ་བསྟན་དར་ཕྱིར་བསྔོ།།
ཞེས་པ་འདི་ཡང་བསེ་ཀུན་དགའ་ཆོས་འཕེལ་དུ་འབོད་པས་མགོ་ལོག་ཨ་སྐྱོང་ཁྲ་ཚོགས་དགོན་དགའ་ལྡན་ཆོས་འཁོར་གླིང་ནས། བོད་རྒྱལ་ལོ་༢༡༤༧.༡༢.༡༩-སྤྱི་ལོ་༢༠༢༡.༢.༡.ཉིན་གུང་གི་ཆར་བྲིས་ཏེ་སྤེལ་བའོ།།
ནང་དོན་ཡོང་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།