8

༄༅།།ཞབས་བརྟན་སྨོན་ཚིག་ཚེ་ཡི་དྭངས་བཅུད་བཞུགས་སོ།།


རྣམ་འདྲེན་སྟོང་ལས་ཐུགས་བསྐྱེད་པད་དཀར་ལྟར།།
རབ་འཕགས་འགྲོ་མགོན་ཤཱཀྱའི་རྒྱལ་པོ་ཡི།།
འཁོར་ལོ་གསུམ་དང་རྒྱུད་སྡེའི་སྙིང་བོའི་དོན།།
ལེགས་པར་འགྲེལ་མཛད་ཀུན་མཁྱེན་ཆེན་པོར་གུས།།

གང་དེའི་བསྟན་པ་ཡོངས་ཀྱི་མངའ་བདག་རྗེ།།
གསང་བདག་རྣམ་རོལ་འཇིགས་མེད་རྡོ་རྗེའི་མཚན།།
རྒྱལ་བསྟན་སླར་གསོའི་ཁུར་ཆེན་ལྷུར་བཞེས་ནས།།
བསྟན་འགྲོའི་མཛད་པ་རླབས་ཆེན་སྐྱོང་ལ་འདུད།།

ཁྱད་པར་ངེས་གསང་སྙིང་བོའི་བསྟན་པ་ཡི།།
དབང་ལུང་མན་ངག་གདམས་པའི་གྲུ་ཆར་གྱིས།།
གདུལ་བྱ་པད་མོའི་ཚལ་ཆེན་རྒྱས་མཛད་པ།།
སྐྱབས་མགོན་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ།།

མདོ་སྔགས་སྙིང་བོ་ངེས་དོན་དབུ་མ་ཡི།།
བསྟན་པའི་བྱ་ར་ཉིན་མཚན་གཡེལ་མེད་པར།།
ཐབས་ཀྱིས་བསྐྱངས་པའི་མཛད་འཕྲིན་ཟླ་དང་བྲལ།།
སྐྱབས་མགོན་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ།།

ཆེར་སྙིགས་དུས་ཀྱི་བསྟན་འགྲོའི་རྒུད་པ་རྣམས།།
ཁྱེད་ཀྱི་ཐུགས་བསྐྱེད་རྡོ་རྗེ་རྩེ་བརྒྱ་ཡིས།།
རྨ་མེད་འཇོམས་པའི་གཟི་བྱིན་དཔལ་འབར་བ།།
སྐྱབས་མགོན་རྡོ་རྗེ་འཆང་དབང་ཞབས་བརྟན་གསོལ།།

དེ་ལྟར་སྨོན་གསོལ་གེག་མེད་ལྷུན་གྲུབ་ཏུ།།
ཚེ་དཔག་མེད་མགོན་གཙུག་ཏོར་རྣམ་པར་རྒྱལ།།
ཚེ་དབང་རིག་འཛིན་གྲུབ་པའི་མཆོག་རྣམས་ཀྱིས།།
གྲུབ་པའི་བྱིན་ཆེན་དགེ་ལེགས་སྩོལ་བར་མཛོད།།
ཚེ་རིང་མཆེད་ལྔ་བསྟན་སྲུང་རྒྱ་མཚོ་ཡིས།།
སྐུ་གསུང་ཐུགས་ཀྱི་འཕྲིན་ལས་སྒྲུབ་པ་ཡིས།།
སྐུ་ཡི་གསང་གསུམ་མི་ཤིགས་རྡོ་རྗེར་བརྟན།།
མཛད་འཕྲིན་མཁའ་མཐར་ཁྱབ་པའི་བཀྲ་ཤིས་ཤོག །

ཅེས་གསང་བདག་རྡོ་རྗེ་འཛིན་པ་མི་ཡི་རྣམ་པར་རོལ་བ་ཇོ་ནང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་༧སྐྱབས་མགོན་༧ཀུན་དགའ་ངག་དབང་འཇིགས་མེད་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་བོ་མཆོག་གི་སྐུའི་འཁྲུངས་སྐར་དད་ལྡན་སློབ་བུ་རྣམས་ཀྱིས་སྲུང་བསུའི་རྟེན་འབྲེལ་མཛད་སྒོའི་སྐབས་ལ་དམིགས་ཏེ་འདི་ལྟ་བུ་ཞིག་འབྲི་རོགས་ཞེས་མཁན་ཤེས་རབ་ཆོས་འཕེལ་མཆོག་བརྒྱུད་ནས་སྐུལ་མ་བྱུང་བར་བརྟེན་གསོལ་སྨོན་བརྟན་བཞུགས་རྒྱལ་སྲིད་སྣ་བདུན་གྲངས་མཉམ་འདི་བྲིས་པ་ཡིན་པས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག

སྐྱབས་མགོན་གང་དེའི་སློབ་མའི་གྲལ་མཐའ་བ་ཇོ་ནང་རྒྱལ་ཚབ་མིང་ཅན་སྤྲུལ་ཆོས་ཀྱི་སྣང་བས་གུས་ཕྱག་གྲངས་མེད་བཅས་ཕུལ།། ༢༠༢༡,༠༡,༣༠

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།