སྨུག་པ།
ལྷ་ཡི་ལྷ་གྱུར་རྒྱལ་བ་བཅོམ་ལྡན་འདས།།
ཐུགས་ཀྱི་སྲས་མཆོག་བྱམས་མགོན་འཇམ་དབྱངས་དང་།།
བརྒྱུད་འཛིན་ཤིང་རྟའི་སྲོལ་འབྱེད་ཀླུ་ཐོགས་ལ།།
གུས་པས་འདུད་དེ་བདག་གིས་བརྗོད་པར་བྱ།།
དེ་ལ་འདིར་སྟོན་མཆོག་ཐུབ་པའི་དབང་པོའི་བཀའ་མདོ་རྒྱུད་ཐམས་ཅད་ཀྱི་དོན་རྣམས་ཕྱོགས་གཅིག་ཏུ་དྲིལ་ཏེ་བཤད་ན་དྲང་དོན་དང་ངེས་དོན་གཉིས་ཀྱི་ནང་དུ་འདུས་པ་ཡིན་ལ་དེ་ལས་ཀྱང་འཁོར་ལོ་ཐ་མའི་དགོངས་པ་མཐར་ཐུག་གང་དེ་ངེས་དོན་ཐེག་པ་ཆེན་པོ་ཡིན་ལ། དེ་ལས་འཕྲོས་ཏེ་བདག་གིས་ཅུང་ཙམ་བརྗོད་པར་བྱ།
བརྡ་ཆད་གཙོ་བོ། མཚན་ཉིད་གསུམ། འཁོར་ལོ་བར་མཐའ། དྲང་དོན་ངེས་དོན།
དང་པོ།
མཚན་ཉིད་གསུམ་གྱི་རྣམ་བཞག་འདི་ལ་གྲུབ་མཐའ་སྨྲ་བ་རྣམས་མི་འདྲ་ཞིང་ཇོ་ནང་པའི་ལུགས་ཀྱི་དྲང་ངེས་བཤད་པ་ལ་མཚན་ཉིད་གསུམ་གྱི་གོ་དོན་ལེགས་པར་ཁོང་དུ་ཆུད་དགོས་སོ། །དེ་ལ་མཚན་ཉིད་གསུམ་ནི། བཏགས། གཞན་དབང་། ཡོངས་གྲུབ་གསུམ་ཡིན་ལ། ་དེ་དག་གི་མཚན་ཉིད་འདི་ལྟར་ཡིན་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། མཚན་ཉིད་གསུམ་ནི། ཀུན་བཏགས། གཞན་དབང་། ཡོངས་གྲུབ་སྟེ། མཚན་ཉིད་ནི་རིམ་པ་ལྟར། དོན་ལ་མེད་བཞིན་དུ་རྟོག་པའི་སྒྲོ་བཏགས་པའི་བཏགས་ཆ་དང་། རྒྱུ་རྐྱེན་ལ་བརྟེན་ནས་གཟུང་འཛིན་དུ་སྣང་བའི་རྟེན་འབྲེལ། མི་རྟོག་ཡེ་ཤེས་ཀྱི་ཡུལ་དུ་གྲུབ་པའི་དོན་དམ་ཞེས་པའོ། ། ཞེས་གསུངས་སོ།། དང་པོ་དབྱེ་ན། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས། རྣམ་གྲངས་པའི་ཀུན་བཏགས་གཉིས།
ཡང་ན། ངོ་བོ་ལ་ཀུན་བཏགས་པའི་ཀུན་བཏགས། ཁྱད་པར་ལ་ཀུན་བཏགས་གཉིས་སོ།།
རང་ལུགས་ལ་ཀུན་བཏགས་དང་སྤྱི་མཚན་དོན་གཅིག་པར་བརྗོད་ཅིང་དེ་ལྟར་ན་ཀུན་བཏགས་ལ་ཡོད་པས་ཁྱབ་པར་འཐད་དོ། །སྤྱི་མཚན་གྱི་དངོས་པོ་རྣམས་ཀུན་བཏགས་ཡིན་པའི་ཁུངས་ནི། མདོ་ལས། བཅོམ་ལྡན་འདས་ཀུན་བརྟགས་པའི་གཟུགས་ནི་གང་ལགས། ཞེས་པ་ནས། བྱམས་པ་གང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་གཟུགས་ཞེས་བྱ་བའི་མིང་དང་འདུ་ཤེས་དང་། བཏགས་པ་དང་ཐ་སྙད་ལ་བརྟེན་ནས། གཟུགས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་འདི་ནི་ཀུན་བཏགས་པའི་གཟུགས་སོ། །ཞེས་གསུངས་སོ།། མཁས་པ་གཞན་གྱི་ལུགས་ལ་ཀུན་བརྟགས་ལ་རྟོག་པའི་བཏགས་ཙམ་དུ་བཤད་ཅིང་ཀུན་བཏགས་ལ་ཡོད་པ་ཡིན་མི་དགོས་ཏེ། དྲང་ངེས་ལེགས་བཤད་སྙིང་པོ་ལས། ཀུན་བརྟགས་ནམ་མཁའི་མེ་ཏོག་དང་འདྲ་བ་ནི་རྟོག་པའི་བཏགས་པ་ཙམ་གྱི་དཔེ་ཡིན་གྱི་ཤེས་བྱ་ལ་མི་སྲིད་པའི་དཔེ་མིན་ནོ། ཞེས་གསུངས་སོ།། འདི་བའི་ལུགས་ལ་རྟོག་པའི་བཏགས་ཙམ་དང་མིང་བརྡའི་བཞག་ཙམ་སོགས་ལ་ཁྱད་པར་འབྱེད་ཚུལ་ཡོད་མོད་རེ་ཞིག་བཞག་གོ། དེ་ལ་ཀུན་བཏགས་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་མཚན་ཉིད་གང་ཡིན་པའོ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་མ་ཡིན་པས་དེའི་ཕྱིར་དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་དང་། དགོངས་འགྲེལ་འགྲེལ་ཆེན་ལས། དེས་ན་ཀུན་བརྟགས་པའི་མཚན་ཉིད་དེ་ལ་ངོ་བོ་ཉིད་མེད་པའོ་ཞེས་བསྟན་པར་འགྱུར་ཏེ། མདོ་སྡེ་དགོངས་འགྲེལ་གྱི་ཚིག་དང་པོ་གཉིས་ཀྱི་དྲིས་ལན་གྱིས་ཀུན་བཏགས་རང་གི་མཚན་ཉིད་ངོ་བོ་ཉིད་མེད་པ་བཤད་ནས། ཚིག་ཕྱི་མ་དག་གིས་གོང་གི་རྒྱུ་མཚན་དྲིས་པའི་ལམ་དགག་ཕྱོགས་ནས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང་སྒྲུབ་ཕྱོགས་ནས་མིང་བརྡས་བཞག་ཙམ་ཡིན་པར་བཤད་དོ།།
གཞན་དབང་གི་དོན་ནི། རྒྱུ་རྐྱེན་ལ་བརྟེན་ནས་གཟུང་འཛིན་དུ་སྣང་བའི་རྟེན་འབྲེལ་དེ་འཇོག་ལ། དེ་ལ་དབྱེ་ན། དག་པའི་གཞན་དབང་མ་དག་པའི་གཞན་དབང་གཉིས་ཡོད་དོ། །རང་ལུགས་ལ་རྟེན་འབྲེལ་དང་གཞན་དབང་དོན་གཅིག་པར་བརྗོད་ཚུལ་ཡོད་ལ་དེ་ལྟར་ན་སྤྱི་མཚན་གྱི་དངོས་པ་རྣམས་ཀུན་བཏགས་མིན་པར་གཞན་དབང་ཡིན་དགོས་པས་དེ་དག་གི་དགོངས་པ་འཚོལ་དགོས་སོ།།
གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། ཆོས་རྣམས་སྐྱེ་བ་ངོ་བོ་ཉིད་མེད་ལ་གང་ཞེ་ན། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་དེའི་ཕྱིར་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་སོ།། ཚིག་གོང་མའི་དྲིས་ལན་གྱིས་གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པར་བསྟན་ནས། ཚིག་ཕྱི་མ་དག་གི་རྒྱུ་མཚན་དྲིས་པའི་ལན་དགག་ཕྱོགས་ནས་སྐྱེ་བ་མེད་པར་བསྟན་པ་དང་སྒྲུབ་ཕྱོགས་ནས་གཞན་གྱི་སྟོབས་ཀྱིས་སྐྱེ་བ་ཡིན་པར་བསྟན་ཏོ།། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་ཡིན་ཚུལ་ནི། དགོངས་འགྲེལ་འགྲེལ་ཆེན་ལས། གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྐྱེན་གྱི་སྟོབས་ལས་བྱུང་བ་ཡིན་གྱི། བདག་ཉིད་ཀྱིས་སྐྱེས་པ་མ་ཡིན་པས་དེའི་ཕྱིར་སྐྱེ་བ་མེད་པ་ཞེས་བྱའོ་ཞེས་བསྟན་ཏོ། །ཞེས་དང་། བདག་ཉིད་ཀྱི་སྐྱེས་པ་མ་ཡིན་པས་དེའི་ཕྱིར་གཞན་དབང་ནི་སྐྱེ་བ་མེད་པའི་བདག་ཉིད་དོ་ཞེས་འབྱུང་ངོ་། ཞེས་གསུངས་སོ།། ཡོངས་གྲུབ་ལ་རང་ལུགས་དང་སེམས་ཙམ་པའི་ལུགས་གཉིས་ཀྱི་འདོད་ཚུལ་མདོ་ཙམ་བཀོད་ན། སེམས་ཙམ་པའི་ལུགས་ལ་ཡོངས་གྲུབ་ཀྱི་མཚན་ཉིད་དེ། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དེ་ཡིན་ཏེ། དྲང་ངེས་ལེགས་བཤད་སྙིང་པོ་ལས། གཞན་དབང་ལ་ཀུན་བརྟགས་ཀྱིས་སྟོང་པའི་སྟོང་ཉིད་ལམ་གྱི་དམིགས་པའི་དོན་དམ་མཐར་ཐུག་ཏུ་དེའི་གདུལ་བྱ་ལ་བསྟན་པར་བཞེད་ནས་ཡིན་ནོ། །ཞེས་གསུངས་སོ།། དྲང་ངེས་སྤྱི་དོན་ལས། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དེ་ཡོངས་གྲུབ་མཚན་ཉིད། ཅེས་སོ། །ཡོངས་གྲུབ་ནི་དགག་བྱ་ཆོས་ཀྱི་བདག་རྣམ་པར་བཅད་ཙམ་གྱི་མེད་དགག་དེ་བཞག་ལ་དེ་ལྟར་བཞག་པའི་ཁུངས་ནི། དྲང་ངེས་ལེགས་བཤད་སྙིང་པོ་ལས། ཆོས་ཅན་འདུས་བྱས་ལ་ཆོས་ཀྱི་བདག་རྣམ་པར་བཅད་ཙམ་གྱི་སྤྲོས་པ་མེད་དགག་ལ་ཆོས་ཀྱི་བདག་མེད་ཡོངས་གྲུབ་འཇོག་པར་ཤིན་ཏུ་གསལ་བའི་ཕྱིར། ཞེས་གསུངས་སོ།། ཁ་ཅིག་གི་ལུགས་ལ་དེ་ལྟར་བཞག་པའི་ཁུངས་ནི། དགོངས་པ་ངེས་འགྲེལ་ལས། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་པ་ཡིན་པར་གྱུར་ན་ནི། དེས་ན་འདུ་བྱེད་རྣམས་བདག་མེད་པ་ཙམ་དང་ངོ་བོ་ཉིད་མེད་པ་ཙམ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་ཡང་མི་འགྱུར། ཞེས་གསུངས་སོ།། ཇོ་ནང་པའི་ལུགས་ལ་ཡོངས་གྲུབ་དེ་དགག་བྱ་ཆོས་བདག་བཀག་ཙམ་ལ་མི་བཞག་པར་སྐུ་དང་ཞིང་ཁམས་ཐམས་ཅད་པའི་བདེན་པར་གྲུབ་པའི་་བདེ་གཤེགས་སྙིང་པོ་ཞིག་ལ་བྱ་དགོས་ཏེ། མདོ་ལས། སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བདག་ཉིད་ཀྱིས་བཙལ་ཡང་དབྱིངས་མི་རྟག་པ་མ་བརྙེད་ཏེ་སེམས་ཅན་ཐམས་ཅད་རྟག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །ཞེས་དང་། རྒྱུད་བླ་མ་ལས། རྣམ་པར་དབྱེ་བ་མེད་ཆོས་ཕྱིར།། ཞེས་དང་། རྒྱུད་བླ་ཐོགས་འགྲེལ་ལས། དེ་ཡོངས་སུ་དག་པའི་ཡོན་ཏན་ཡོངས་སུ་སྦྱོང་བ་རྣམ་པ་དྲུག་ཅུ་བསྟན་པའི་སངས་རྒྱས་ཀྱི་དབྱིངས་གསལ་བར་མཛད་དེ་ཡོངས་སུ་དག་པར་བྱ་བའི་ཡོན་ཏན་དང་ལྡན་པ་དེ་ཡོད་ན་དེ་ཡོངས་སུ་དག་པའི་ཡོངས་སུ་སྦྱོང་བ་འཐད་པའི་ཕྱིར་རོ། །ཞེས་དང་། དབུ་མ་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན།། སྲིད་པ་གསུམ་དུ་རྣམ་འཁོར་བ།། སེམས་ཅན་ཀུན་ལ་ངེས་གནས་པ།། ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད།། ཅེས་དང་།། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཞེས་གནས་ལུགས་ཀྱི་སངས་རྒྱས་ཆོས་སྐུའི་ཡོན་ཏན་དང་རྣམ་པ་ཚད་མེད་པ་དེ་རྣམས་སེམས་ཅན་ཐམས་ཅད་ལ་མ་ཚང་མེད་བཞུགས་པ་གསུངས་ཤིང་། ཞེས་གསུངས་སོ།། རྒྱས་པར་རི་ཆོས་ངེས་དོན་རྒྱ་མཚོར་བལྟ་བར་བྱའོ།།
ཡོངས་སུ་གྲུབ་པ་འདི་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། གཞན་ཡང་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཡིན་པ་དེ་ཡང་དོན་དམ་པ་ངོ་བོ་ཉིད་མེད་པ་པ་ཉིད་ཅེས་བྱའོ། །དེའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས། ཆོས་རྣམས་ཀྱི་ཆོས་བདག་མེད་པ་གང་ཡིན་པ་དེ་ནི། དེ་དག་གི་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱ་སྟེ་དེ་ནི་དོན་དམ་པ་ཡིན་ལ་དོན་དམ་པ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་དོ་དམ་པ་ངོ་བོ་ཉིད་མེད་པ་ཉིད་བྱའོ། །ཞེས་གསུངས་སོ།། ཁ་ཅིག་གི་ལུགས་ལ་ཆོས་ཀྱི་བདག་མེད་དེ་ཡོངས་གྲུབ་ཀྱི་མཚན་གཞིར་འཇོག་ལ། སྟོང་ཉིད་མཐར་ཐུག་ཀྱང་དེ་ཡིན་ནོ། །སྟོང་ཚུལ་ནི་སྟོང་གཞི་གཞན་དབང་ལ་སྟོང་བྱ་ཀུན་བཏགས་ཀྱི་སྟོང་བ་ཙམ་དེ་སྟོང་ཉིད་ཡིན་ནོ། །དེ་ལྟར་བཞག་པ་ཡང་དྲང་ངེས་ལེགས་བཤད་སྙིང་པོ་ལས། དེ་ཉིད་གོང་མས་བཤད་པ་ནི་རྣམ་པར་རྟོག་པ་ཞེས་པ་ནས་དེ་ཉིད་ཅེས་པའི་བར་གྱིས་གཞན་དབང་སྟོང་གཞིར་བསྟན་ནས་ཀུན་བརྟགས་ཀྱི་མཚན་ཉིད་དུ་མ་གྲུབ་ཅེས་པས་དེ་ཉིད་ཀུན་བརྟགས་ཀྱིས་སྟོང་བ་ལ་ཡོངས་གྲུབ་ཤིན་ཏུ་གསལ་བའི་ཕྱིར། ཞེས་གསུངས་སོ།།
ཇོ་ནང་པའི་ལུགས་ལ་ཆོས་ཉིད་བདེན་པར་གྲུབ་པ་ཡིན་ལ། བདེན་པར་གྲུབ་ཚུལ་ནི། འཕགས་པའི་མཉམ་བཞག་ཡེ་ཤེས་ལ་སྣང་གནས་མཐུན་ཚུལ་དེ་ག་རང་ཡིན་ཏེ། དབུ་མའི་མན་ངག་ཁྱད་འཕགས་ལས། རང་གི་ངོ་བོ་བདེན་གྲུབ་འཕགས་པ་ཡི།། ཡེ་ཤེས་སྤྱོད་ཡུལ་དོན་དམ་བདེན་པར་གསུངས།། ཞེས་དང་། བདེན་གཉིས་གསལ་བའི་ཉི་མ་ལས། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ནི། ཞེས་གསུངས་སོ།། འོ་ན། བདེ་གཤེགས་སྙིང་པོ་ཆོས་ཅན། ཆོས་ཀྱི་བདག་མེད་མ་ཡིན་པར་ཐལ། བདེན་པར་གྲུབ་པའི་ཕྱིར་ཟེར་ན་ཁྱབ་ལོག་རང་ཡིན་ཏེ། ཆོས་ཀྱི་བདག་ཏུ་མ་གྲུབ་ཚུལ་དང་བདེན་པར་གྲུབ་པ་འགལ་བ་མིན་ལ་ཆོས་ཀྱི་བདག་ཏུ་མ་གྲུབ་ཚུལ་ནི་སྤྲོས་པའི་བདག་ཏུ་མ་གྲུབ་ཚུལ་ཡིན་ནོ། ། ཇོ་ནང་པས་ཡོངས་གྲུབ་ནི་ཆོས་ཀྱི་བདག་མེད་ཡིན་པར་འདོད་དེ། རི་ཆོས་ངེས་དོན་རྒྱ་མཚོ་ལས། བདག་གཉིས་ཀྱིས་སྟོང་བའི་ཕྱིར། ཞེས་དང་། ཡང་སྤྲོས་པའི་བདེན་གྲུབ་ཏུ་མི་འདོད་དེ། གཞན་སྟོང་དབུ་མའི་རྒྱན་ལས། མཚན་མ་སྤྲོས་པའི་བདེན་གྲུབ་ང་མི་འདོད།། སྤྲོས་པས་དབེན་པའི་བདེན་ཚུལ་འདི་ལྟ་བུ།། ཞེས་དང་། བདེན་གྲུབ་འགོག་ཚད་སྤྲོས་པའི་བདེན་འགོག་སྟེ།། ཡོངས་གྲུབ་དེ་ལ་སྤྲོས་པའི་བདེན་པ་མེད།། སྤྲོས་པའི་བདེན་གྲུབ་ཡོད་ན་ཀུན་རྫོབ་སྟེ།། ཞེས་གསུངས་པའི་ཕྱིར་རོ།།
གཉིས་པ།
འཁོར་ལོ་བར་མཐའ་གསུམ་གྱི་དགོངས་པ་འགྲེལ་ཚུལ་ནི་རྒྱ་བོད་ཀྱི་མཁས་པ་ཐམས་ཅད་མགྲིན་བརྒྱ་དབྱངས་གཅིག་ཏུ་མ་སོང་ཞིང་། མཁས་པ་ལ་ལས་འཁོར་ལོ་དང་པོ་དང་ཐ་མ་གཉིས་དྲང་དོན་དང་བར་བ་ངེས་དོན་དུ་བརྗོད། ལ་ལས་འཁོར་དང་པོ་དང་བར་བ་གཉིས་དྲང་དོན་དང་ཐ་མ་ངེས་དོན་བརྗོད། —བརྗེད་ཚུལ་སྣ་ཚོགས་ཡོད་དོ་ཅོག་ཐམས་ཅད་མཐར་དེད་ན་རང་གཞན་སོ་སོའི་ལྟ་བ་མཐར་ཐུག་གི་གནད་ལ་ཐུག་པ་ལས་གཞན་མ་ཡིན་པར་སེམས། དེ་ལ་ཇོ་ནང་པའི་ལུགས་ཀྱི་མཁས་པ་སྔ་ཕྱི་ཀུན་གྱིས་འཁོར་ལོ་ཐ་མ་ངེས་དོན་དུ་འདོད་དོ། །དེ་ལྟར་བརྗེད་ན་འཁོར་ལོ་བར་མཐའ་གསུམ་པོའི་དོན་ནམ་མཚན་ཉིད་ཡོད་དེ། ཕར་ཕྱིན་མཐའ་དཔྱོད་རིན་ཆེན་ཕྲེང་བ་ལས། བདེན་བཞིའི་ཆོས་འཁོར་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་གྱི་སྡེར་གཏོགས་པའི་མདོ་དེ། འཁོར་ལོ་དང་པོའི་མཚན་ཉིད། མཚན་ཉིད་མེད་པའི་ཤེར་ཕྱིན་གྱི་མདོ་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་གྱི་སྡེར་གཏོགས་པའི་བཀའ་དེ། འཁོར་ལོ་གཉིས་པའི་མཚན་ཉིད། དོན་དམ་རྣམ་པར་ཕྱེ་བའི་མདོ་དང་བརྗོད་བྱ་སྟོན་ཚུལ་ཕྱོགས་མཐུན་གྱི་སྡེར་གཏོགས་པའི་མདོ་དེ། འཁོར་ལོ་གསུམ་པའི་མཚན་ཉིད་དུ་བཞག་པ་ལ་འགལ་བ་མེད་པར་སྣང་སྟེ། ཞེས་གསུངས་སོ།། འཁོར་ལོ་གསུམ་པོ་དུས་ཀྱི་རིམ་པའི་སྒོ་ནས་ཕྱེ་ཚུལ་གཅིག་དང་རྒྱུད་སྦྱོང་ཚུལ་གྱི་རིམ་པའི་རིམ་པའི་ཕྱེ་ཚུལ་གཉིས་ལས། སྡེ་སྣོད་གསུམ་པ་ཝེན་ཚེག་དང་བོད་ཀྱི་མཁས་པ་མང་པོས་དུས་ཀྱི་རིམ་པའི་ཕྱེ་སྟེ། དགོངས་འགྲེལ་འགྲེལ་ཆེན་ལས། དུས་དང་པོའི་ཚེ་ནི་བདེན་བཞི་བསྟན་པར་གསུངས་སོ། །དུས་གཉིས་པའི་ཚེ་ནི་མཚན་ཉིད་མེད་པའི་བསྟན་པར་གསུངས་སོ། །དུས་གསུམ་པའི་ཚེ་ནི་ངེས་པའི་དོན་གསུངས་ཏེ། ཞེས་དང་། དྲང་ངེས་ལེགས་བཤད་སྙིང་པོ་ལས། ཤུགས་ལ་གནས་པའི་དོན་དེ་ཉིད་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར་བའི། ཞེས་གསུངས་སོ།། དུས་ཀྱི་རིམ་པའི་སྒོ་ནས་གསུངས་ཚུལ་ནི་འདི་ལྟར་ཡིན་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ལས་བརྩམས་ནས་གསུངས་པའི་མདོ་རྣམས་དུས་དང་པོར་གསུངས་པའི་མདོ། རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ལས་བརྩམས་ནས་གསུངས་པའི་མདོ་རྣམས་དུས་བར་བ་གསུངས་པའི་མདོ། རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ལེགས་པར་ཕྱེ་ནས་གསུངས་པའི་མདོ་རྣམས་དུས་ཐ་མར་གསུངས་པའི་མདོ་ལ་བཞག་དགོས་སྙམ། རང་ལུགས་ལ་གདུལ་བྱའི་རྒྱུད་སྦྱོང་ཚུལ་རིམ་པའི་སྒོ་ནས་གསུངས་པ་ཡིན་ཏེ།
ཚུལ་གཉིས་རྣམ་འབྱེད་ལས། དེས་ན་འདི་ནི་བརྗོད་བྱའི་དོན་གྱི་གོ་རིམ་མམ་གདུལ་བྱའི་རྒྱུད་སྦྱོང་ཚུལ་གྱི་རིམ་པ་གསུམ་ཡིན་པས། ཞེས་གསུང་སོ།། འཁོར་ལོ་བར་བ་དང་ཐ་མ་གཉིས་ཀྱི་བསྟན་བྱ་ལ་ཟབ་ཚད་མེད་ཀྱི། འཁོར་ལོ་བར་བས་གནས་ལུགས་མཐར་ཐུག་སྐྱོན་ལྔ་སྤོང་ནུས་ཀྱི་སྒོ་ནས་མ་བསྟན་ལ། འཁོར་ལོ་ཐ་མས་གནས་ལུགས་མཐར་ཐུག་སྐྱོན་ལྔ་སྤོང་ནུས་སྒོ་ནས་བསྟན་པ་ནི་རྒྱལ་བ་བྱམས་པའི་དགོངས་པ་སྨྲ་མེད་པ་ཡིན་ཏེ། རྒྱུད་བླ་མ་ལས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེར།། ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་བ་ཞེས།། གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ།། སངས་རྒྱས་སྙིང་བོ་ཡོད་ཅེས་ཅི་སྟེ་གསུངས།། ཞེས་སོ། །དེའི་ཐད་ཀྱི་རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་ལས། དཀའ་བར་བ་མཚན་ཉིད་མེད་པ་སྟོན་པའི་མདོ་སྡེ་རྒྱལ་བའི་ཡུམ་རྒྱས་འབྲིང་ལ་སོགས་པ་དེ་དང་དེར་ཤེས་པར་བྱ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་ཐམས་ཅད་སྣང་ཡང་རྣམ་པ་མ་ལུས་པ་ཀུན་ཏུ་སྟོང་ཞིང་མེད་པའོ། །ཞེས་དང་། ཡང་དེ་ལས། ཞེས་རྒྱ་ཆེར་གསུངས་ནས་སླར་ཡང་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་གསུང་རབ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་རབ་ཏུ་མང་པོ་འདིར་རྒྱལ་བ་རྫོགས་པའི་སངས་རྒྱས་བདེན་པ་གསུངས་པ་རྣམས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྙིང་བོ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བ་གདོད་མ་ནས་ལྷུན་གྱིས་གྲུབ་པར་ཡོད་དོ་ཞེས་ཅི་སྟེ་གསུངས། ཞེས་གསུངས་སོ།། འཁོར་ལོ་བར་བའི་སྐབས་སུ་གནས་ལུགས་མཐར་ཐུག་རང་བཞིན་མེད་པ་ཙམ་གསུངས་པ་དང་འཁོར་ལོ་ཐ་མས་ཡོན་ཏན་ལྷུན་རྫོགས་དང་ལྡན་པར་གསུངས་པ་འགལ་བ་མེད་དེ། རྒྱུད་བླ་དོལ་ཊཱིཀ་ལས། སྔར་མེད་པར་གསུངས་པ་དང་འདིར་ཡོད་པར་གསུངས་པ་དག་འགལ་བ་མ་ཡིན་ནམ་ཞེ་ན། ལན་ནི། འགལ་བའི་སྐྱོན་ཡོད་པ་མ་ཡིན་ཏེ། སྔར་མེད་པར་གསུངས་པ་ནི་བདེན་དངོས་སུ་འཛིན་པ་དགག་པའི་ཆེད་དུ་གློ་བུར་གྱི་དྲི་མ་མེད་པར་བསྟན་པ་ཡིན་ལ། འདིར་ཡོད་པར་གསུངས་པ་ནི་དགོས་པ་ཁྱད་པར་ཅན་ལྔའི་ཆེད་དུ་ཆོས་ཀྱི་དབྱིངས་ཡོད་པར་བསྟན་པའོ། །ཞེས་གསུངས་སོ།།
ཇོ་ནང་པའི་ལུགས་ལ་འཁོར་ལོ་བར་མཐའ་གསུམ་པོར་གཏོགས་པའི་མདོ་ཐམས་ཅད་བརྗོད་བྱ་དོན་ལ་མི་གནས་པ་གཅིག་ཀྱང་མེད་པར་སྙམ་སྟེ། ཐམས་ཅད་མཁྱེན་པ་ཏཱ་ར་ན་ཐས་མཛད་པའི་གཞན་སྟོང་དབུ་མའི་རྒྱན་ལས། སྤྱིར་ན་དྲང་དོན་ཐམས་ཅད་རྫུན་ཚིག་མིན།། ཞེས་གསུངས་སོ།། འདིའི་སྐབས་ཀྱི་རྫུན་ཚིག་ཅེས་པ་ནི་བརྗོད་བྱ་དོན་ལ་གནས་མིན་གྱི་ཆ་ནས་བཞག་དགོས་པ་ཡིན་ཞེས་དགེ་བའི་བཤེས་གཉེན་རྣམས་ཀྱིས་གསུང་ངོ། །དེ་འདྲ་ཡིན་ན་གང་ཟག་གི་བདག་བསྟན་པའི་མདོ་སོགས་ཀྱང་བརྗོད་བྱ་དོན་ལ་གནས་པར་ཐལ་ཟེར་ནས་དཔྱད་པ་གཏོང་མཁན་ཡོད་སྲིད་མོད། ཕྱིར་གང་ཟག་གི་བདག་བསྟན་པའི་མདོ་ཞིག་གཏན་ནས་མེད། མཁས་པ་ཁ་ཤས་ཀྱིས་གཞུང་དུ་གང་ཟག་གི་བདག་ཡོད་པར་བསྟན་པའི་ཁུངས་ཡོད་མདོག་བསྟན་ནས། མདོ་ལས། ཁུར་འཁུར་བའི་གང་ཟག་ཡོད་དེ་རྟག་པ་དང་མི་རྟག་པར་བདག་མི་སྨྲའོ། །མདོ་ཚིག་འདིས་གང་ཟག་གི་བདག་ཡོད་བསྟན་པ་རེད་ཅེས་བརྗོད་མཁན་ཚོ་ལ་རྒྱབ་རྟེན་གྱི་མདོ་བསྟན་བཅོས་མེད་ལ། རིགས་པས་ཀྱང་མི་འགྲུབ་པར་སེམས་སོ།། ཁུར་འཁུར་བའི་གང་ཟག་བསྟན་པ་ཙམ་གྱིས་གང་ཟག་གི་བདག་བསྟན་ཐུབ་ན་ཕ་དང་མ་ནི་བསད་བྱ་ཞིང་ཞེས་པའི་མདོ་ཚིག་དེས་ཀྱང་ཕ་མ་གསོད་པར་མི་སྟོན་པའི་རྒྱུ་མཚན་མེད་སྙམ་མོ།།
དེ་བཞིན་ཕྱི་དོན་ཡོད་པར་བསྟན་པའི་མདོ་དང་བདེན་གྲུབ་བསྟན་པའི་མདོ་སོགས་ཀྱང་མེད་དེ། གཞན་སྟོང་དབུ་མའི་རྒྱན་ལས། དང་པོ་ཆོས་ཀུན་ཚུགས་ཐུབ་ཡིན་ནོ་ཞེས།། སྟོན་ན་ཀ་ཏྱ་ཡ་ནས་གདམས་ངག་གི། མདོ་སྡེ་སོགས་དང་ནང་འགལ་ཡོད་པར་འགྱུར།། ཞེས་གསུངས་སོ།། དེའི་ཐད་ཀྱི་ཀ་ཏྱ་ཡ་ན་ཞེས་པའི་མདོ་ལས། ཀ་ཏྱ་ཡ་ན་གང་གི་ཕྱིར། འཇིག་རྟེན་འདི་ནི་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར། ཞེས་གསུངས་སོ།།
གསུམ་པ།
ད་ནི་དྲང་ངེས་ཀྱི་སྐོར་ནས་བརྗོད་པར་བྱ་སྟེ། དྲང་དོན་ངེས་དོན་གྱི་ཁྱད་པར་ནི་གཞུང་ལུགས་རྣམས་སུ་སྣ་ཚོགས་པ་ཞིག་གསུངས་ཡོད་ལ་མཁས་པ་སྔ་ཕྱིས་རྩོད་པ་འབྱུང་བའི་གཞི་ཆེན་པོ་ཞིག་ཀྱང་ཡིན་ནོ། །ཇོ་ནང་བའི་ལུགས་ལ་འཁོར་ལོ་དང་པོ་གཉིས་ཀ་དྲང་དོན་དུ་བརྗེད་ཅིང་དྲང་དོན་གྱི་མདོ་དང་ངེས་དོན་གྱི་མདོའི་ཁྱད་པར་དེ་རང་གཞུང་དག་ལས་འདི་ལྟར་བཀྲལ་ཡོད་དེ། ཕར་ཕྱིན་མཐའ་དཔྱོད་རིན་ཆེན་ཕྲེང་བ་ལས། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་དེ། ངེས་དོན་གྱི་མདོའི་མཚན་ཉིད། དྲང་དོན་ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད་དུ་འཐད་པའོ།། ཞེས་གསུངས་སོ།། དེ་བཞིན་ཉཱ་ཊིཀ་ཡིད་ཀྱི་མུན་སེལ་ལས། དེས་ན་འཁོར་ལོ་ཐ་མ་གཉིས་རང་བཞིན་སྤྲོས་བྲལ་སྟོང་ཉིད་འོད་གསལ་སྟོན་པར་འདྲ་ཡང་ཐ་མ་གསལ། བར་བ་ཅུང་མི་གསལ་ཞིང་བར་བར་ཐམས་ཅད་མེད་ཐམས་ཅད་ཡོད་ཅེས་དང་ཐམས་ཅད་དགེ། ཐམས་ཅད་མི་དགེ། ཐམས་ཅད་ལུང་མ་བསྟན་ཞེས་སོགས་དགོངས་པ་ཅན་དུ་མང་བས་དྲང་དོན་དུ་གསུངས་ཤིང་། ཐ་མར་ཡོད་མེད་སོགས་ལེགས་པར་ཕྱེ་ནས་བསྟན་པས་ངེས་དོན་དུ་གསུངས་པ་སྟེ། ཞེས་གསུངས་སོ།། དེས་ན་རང་ལུགས་ལ་འཁོར་ལོ་དང་པོ་གཉིས་དྲང་དོན་དང་ཕྱི་མ་ངེས་དོན་དུ་འཐད་དོ། །སྒྲས་ཟིན་ཅི་བཞིན་ཡིན་པ་ཙམ་གྱིས་ངེས་དོན་དུ་མི་བརྗོད་དེ། འཁོར་ལོ་དང་པོའི་སྐབས་ཀྱི་སྒྲས་ཟིན་ཅི་བཞིན་པ་སྟོན་པའི་མདོ་རྣམས་ངེས་དོན་གྱི་མདོ་མ་ཡིན་པའི་ཕྱིར་རོ། །བདེན་བཞི་སྟོན་པའི་མདོ་དང་བདེན་མེད་བསྟན་པའི་མདོའི་བརྗོད་བྱའི་གཙོ་བོའི་ཞོར་ཏུ་བདེ་གཤེགས་སྙིང་པོ་ཚིག་ཟིན་ཙམ་ལ་བསྟན་པ་དེ་འཁོར་ལོ་དང་པོ་གཉིས་ཀྱི་སྡེར་གཏོགས་པ་ཡིན་ལ། ཕྱིར་མདོ་དེ་དང་དེའི་སྡེར་གཏོགས་ཚུལ་ཡོད་དེ། མདོ་དེའི་བརྗོད་བྱ་གཙོ་བོ་གང་ཡིན་ན་དེའི་ཡན་ལག་ཏུ་བསྟན་པ་ཡིན་ན་མདོ་དེའི་སྡེར་གཏོགས་པ་ཡིན། དཔེར་ན། གཟུགས་སྟོང་བ་ཉིད་བསྟན་པའི་འཁོར་ལོ་བར་བའི་མདོ་གང་ཞིག་གིས་གཟུགས་སྟོང་བ་ཉིད་བསྟན་པའི་ཞོར་ལ་གཟུགས་ཀྱི་རྣམ་བཞག་བསྟན་པ་ཡིན་ན་མདོ་དེ་འཁོར་ལོ་བར་བའི་སྡེར་གཏོགས་པ་ཡིན་ནོ།། ངེས་དོན་གྱི་མདོ་ལ་ཚིག་ཟིན་ཅི་བཞིན་དགོས་པ་མདོའི་སྐབས་སུ་འདི་ལྟར་གསུངས་ཡོད་དེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དེ་བཞིན་གཤེགས་པས་སྦྱོར་བའི་ཐབས་སུ་གསུངས་པའི་ཆོས་ལ་ཆགས་པར་མི་བྱེད་པ་སྟེ་དེ་ནི་ངེས་པའི་དོན་ཞེས་བྱའོ། །གང་ཞིག་དེ་ལ་གནས་ན་གང་ཟག་དེ་ནི་དོན་དམ་པ་ལ་གནས་པ་ཞེས་བྱ་སྟེ། དེ་བས་ན་ངེས་པའི་དོན་ལ་གནས་པའོ།། བཀྲི་བའི་དོན་ལ་མི་གནས་པ་གང་ཞེ་ན། བཀྲི་བའི་དོན་ནི་མདོ་སྡེ་དག་ལས་ཐམས་ཅད་གདུང་བ་ཅན། ཐམས་ཅད་མི་རྟག་པ། ཐམས་ཅད་སྡུག་བསྔལ་བ། ཐམས་ཅད་སྟོང་བ། ཐམས་ཅད་བདག་མེད་པའོ། །ཞེས་གསུངས་སོ། །འདི་ལ་བརྟག་ན་འཁོར་ལོ་ཐ་མའི་དགོངས་དོན་མཐར་ཐུག་གི་ལམ་སྟེགས་ལྟ་བུར་གྱུར་བའི་མདོ་རྣམས་ལ་དྲང་དོན་གྱི་མདོ་དང་། སྒྲས་ཟིན་ཅི་བཞིན་པ་གང་ཞིག་ལ་མདོ་དེའི་ངེས་དོན་དོན་དམ་བདེན་པ་གཙོ་བོར་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་དེ་ངེས་དོན་གྱི་མདོ་ཞེས་བརྗོད་པ་ཡིན་སྙམ་མོ།།
སྨྲས་པ།
ཐོས་པ་ཆུང་ཞིང་ཤེས་རབ་དང་བྲལ་བས།།
གཞུང་ལུགས་ཁ་ཚོན་གཅོད་པའི་གདེང་མེད་ཀྱང་།།
བཤེས་གཉེན་རྗེས་བཟུང་བསྟན་ལ་ཅུང་བསླབས་པས།།
བརྗེད་ཐོ་ཙམ་ཞིག་བྲིས་ཀྱང་སྐྱོན་མེད་དོ།།
འདི་བྲིས་དགེ་ཚོགས་ཅི་མཆིས་སེམས་ཅན་ཀུན།།
ཐར་ལམ་ཡང་དག་གནས་ལ་ལེགས་ཞུགས་ནས།།
སྡུག་ཀུན་ཚ་གདུང་མ་ལུས་བྲལ་གྱུར་ནས།།
རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག།
དཔྱད་གཞིའི་ཡིག་ཆ།
མདོའི་སྐོར།
དགོངས་པ་ངེས་འགྲེལ་གྱི་མདོ།
མྱང་འདས་ཆེན་པོའི་མདོ།
ཀ་ཏྱ་ཡ་ན༼འི་མདོ།
སྟོང་ཕྲག་བརྒྱ་པ།
བསྟན་བཅོས་སྐོར།
རྒྱུད་བླ་མ། རྒྱལ་བ་བྱམས་པ་མགོན་པོ།
རྒྱུད་བླ་ཐོགས་འགྲེལ། འཕགས་པ་ཐོགས་མེད།
དབུ་མ་ཆོས་དབྱིངས་བསྟོད་པ། མགོན་པོ་ཀླུ་སྒྲུབ།
མཛད་མཁན། སྡེ་སྣོད་གསུམ་པ་ཝེན་ཚེག
དགོངས་འགྲེལ་འགྲེལ་ཆེན།
མཛད་མཁན། ཆོས་རྗེ་ཀུན་མཁྱེན་ཆེན་པོ།
རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར།
རི་ཆོས་ངེས་དོན་རྒྱ་མཚོ།
དབུ་མའི་མན་ངག་ཁྱད་འཕགས།
བདེན་གཉིས་གསལ་བའི་ཉི་མ།
མཛད་མཁན། ཉ་དབོན་ཀུན་དགའ་དཔལ།
ཉ་ཊཱིཀ་ཡིད་ཀྱི་མུན་སེལ།
མཛད་མཁན། མཚལ་མིན་པ་བསོད་ནམས་བཟང་།
གཏན་ཚིགས་རིགས་པའི་དོན་བསྡུས།
མཛད་མཁན། རྗེ་རིན་པོ་ཆེ།
དྲང་ངེས་ལེགས་བཤད་སྙིང་པོ།
མཛད་མཁན། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ།
གཞན་སྟོང་དབུ་མའི་རྒྱན།
མཛད་མཁན། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱི་མཛད།
དྲང་ངེས་སྤྱི་དོན།
མཛད་མཁན། ཇོ་ནང་ཡང་དར་བསྟན་པའི་བྱེད་པོས་མཛད།
ཕར་ཕྱིན་མཐའ་དཔྱོད་རིན་ཆེན་ཕྲེང་བ།
ནང་དོན་ཡོང་ཁུངས། ཁྱུང་སྔོན་བོད་ཡིག་རྩོམ་རིག་སྤྱི་སྟེགས།