དཔལ་ཇོ་ནང་གི་གནས་བཤད།


རྩོམ་པ་པོ། དགེ་སློང་ཀུན་དགའ་སྙིང་པོ།
ཨོཾ་སྭཱ་སྟི།
རྡོ་རྗེ་འཆང་དབང་དཔལ་ལྡན་དུས་འཁོར་དང༌། །
ཟླ་བཟང་འཇམ་དཔལ་གྲགས་པ་པད་དཀར་སོགས། །
ཆོས་རྒྱལ་རིགས་ལྡན་སྤྲུལ་པའི་སྐུ་རྣམས་དང༌། །
དུས་འཁོར་ཞབས་དང་ཟླ་བ་མགོན་པོ་དང༌། །
རིགས་ལྡན་རྣམ་འཕྲུལ་ཆོས་རྗེ་ཡབ་སྲས་སོགས། །
རྩ་བརྒྱུད་བླ་མ་རྣམས་ལ་གུས་པས་འདུད། །
བདག་ཅག་འདིར་ཚོགས་སྐལ་ལྡན་གདུལ་བྱ་ལ། །
མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། །
འདིར་ཞིང་ཁམས་མཆོག་ཏུ་གྱུར་པ་མི་མཇེད་འཇིག་རྟེན་གྱི་ཁམས། གླིང་ཁྱད་པར་ཅན་བདུན་པ་ལས་ཀྱི་ས། དུམ་བུ་བླ་ན་མེད་པ་འཛམ་གླིང་ལྷོའི་ཕྱོགས། རྒྱལ་ཁམས་ངོ་མཚར་ཅན་པུ་རྒྱལ་བོད་ཀྱི་ཡུལ། དུས་གསུམ་རྒྱལ་བ་ཀུན་གྱི་ཞིང་ཁམས་ཁུང་བ། རྒྱལ་སྲས་བྱང་སེམས་ཀུན་གྱི་མཛད་པའི་སྤྱོད་ཡུལ། གསང་སྔགས་འཛིན་པ་ཀུན་གྱི་གནས་མཆོག་དམ་པ། གངས་ཅན་ལྗོངས་འདིའི་ལྟེ་བ་སའི་ཐིག་ལེ། རི་བོ་སྟོང་ཕྲག་དུ་མའི་དབུས་ན་མངོན་པར་འཕགས་པ། ས་འཛིན་དབང་པོ་ནགས་རྒྱལ་དཔལ་གྱི་རི། རུ་ལག་གཡས་རུའི་སོ་མཚམས། ཕྱི་ལྟར་ན་སངས་རྒྱས་ཀུན་ཀྱི་ཟབ་མོའི་ཆོས་སྒྲ་སྒྲོག་པའི་གནས་བྱ་རྒོད་ཕུང་པོའི་རི། ནང་ལྟར་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ཕོ་བྲང་དམ་པ་རི་བོ་པོ་ཊ་ལ། གསང་བ་ལྟར་ན་རྡོ་རྗེ་ཐེག་པའི་ངེས་གསང་འབྱུང་ཞིང་དར་བའི་གནས་བྱང་ཕྱོགས་ཤམ་བྷ་ལ། དེ་ཁོ་ན་ཉིད་ལྟར་ན་དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར། དོན་དམ་ཡེ་ཤེས་སངས་རྒྱས་སེང་གེའི་ཁྲིར་བཞུགས་ཨེ་ཝཾ་ཟུང་འཇུག་གི་ངོ་བོ། སྒྲུབ་གནས་བྱེ་བ་ཕྲག་བརྒྱའི་དབུས་ན། ལྷུན་པོ་ལྟར་མངོན་པར་མཐོ་ཞིང༌། གྲགས་པ་ཉི་ཟླ་ལྟར་གསལ་བ། རི་ཁྲོད་ཆེན་པོ་ཇོ་ནང་ཞེས་ཡོངས་སུ་གྲགས་པ་འདིའི་གནས་ཀྱི་ཆེ་བའི་དབང་དུ་བྱས་ན། ས་གཞི་ལ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་དང༌། སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཆེ་བ་དང༌། སྒྲུབ་བརྒྱུད་ཆུ་བོའི་གཞུང་ལྟར་རྒྱུན་མ་ཆད་ཅིང་དར་བའི་གཟི་བརྫིད་དཔལ་དང་ལྡན་པའོ། །

དང་པོ་ས་ལ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་ནི། གངས་ཅན་མནྡྷ་ར་དང་ལྷུན་པོ་སོགས། །ལྷ་དང་དྲང་སྲོང་རིག་འཛིན་བགྲང་ཡས་ཀྱིས། །ཉེ་བར་བསྟན་པའི་རིའི་རྒྱལ་པོ་རྣམས། །ཕྱོགས་འདིར་གཅིག་ཏུ་འདུས་པ་ལྟ་བུར་ཡོད། །ཕྱོགས་བཞིའི་རི་རྣམས་རྩེ་མོ་ཤིན་ཏུ་མཐོ། །རྩ་བ་བརྟན་ཅིང་དབྱིབས་ལེགས་ལྷུན་སྟུག་ཆགས། །ངོས་རྣམས་སྨན་ལྗོངས་ཉམས་དགའ་ཡངས་པ་དང༌། །ཟླ་བ་ཆུ་ཤེལ་ཨིནྡྲ་ནཱི་ལ་སོགས། །ནོར་བུའི་ཕུང་པོ་བརྩེགས་འདྲའི་བྲག་རི་མཛེས། །རི་བོའི་སུལ་རྣམས་ནགས་ཚལ་སྣ་ཚོགས་དང༌། །ལྗོན་ཤིང་དུ་མས་རྣམ་པར་བརྒྱན་པ་ཡོད། །ཟླ་བ་དྲུག་ཏུ་མེ་ཏོག་སྣ་ཚོགས་བཀྲ། །བཞི་བརྒྱ་རྩ་བཞིའི་ནད་ཀུན་སེལ་བྱེད་པ། །སྨན་མཆོག་རྣམ་པ་སྣ་ཚོགས་དུ་མ་ཡི། །དྲི་ཞིམ་ངད་ཀྱིས་ཕྱོགས་ཀུན་ཁྱབ་པ་དང༌། །རྣམ་པ་སྣ་ཚོགས་འབྲས་བུ་ཆགས་པ་ནི། །འཆི་མེད་དབང་པོ་མཆོད་སྦྱིན་བརྒྱ་པའམ། །མི་འམ་ཅི་ཡི་རྒྱལ་པོ་ལྗོན་པ་ནི། །འཁོར་བཅས་རོལ་ཞིང་རྩ་བའི་སྐྱེད་ཚལ་འདྲ། །རི་བོའི་མགུལ་ནས་ཆར་སྤྲིན་གསར་པ་འཁྲིགས། །བདུད་རྩིའི་ཆར་ཟིམ་རྒྱུན་མི་འཆད་པར་འབབ། །མཐོང་བས་ཡིད་འཕྲོག་ཐོས་ན་ཉམས་དགའ་ཞིང༌། །བསྡད་པ་ཙམ་གྱིས་ཏིང་འཛིན་ངང་གིས་སྐྱེ། །ཀླུ་ཡི་རྒྱལ་པོ་རྒྱ་མཚོའི་རྩེ་ས་འདྲ། །འབབ་ཆུ་སྣ་ཚོགས་ལྷུང་ལྷུང་སྒྲ་འབྱིན་ཅིང༌། །རི་དྭགས་དུ་མ་བག་ཕབ་བདེ་བར་རྒྱུ། །འདབ་ཆགས་སྣ་ཚོགས་སྙན་པའི་ཅ་ཅོ་སྒྲོག །རྟ་བདུན་རྒྱལ་པོ་ལྷོ་ཡི་ཁྱིམ་གནས་པའི། །ཟླ་བ་དྲུག་ཏུ་རི་དང་རི་བོའི་སུལ། །རི་དྲུང་རི་ཡི་ཤོད་ཀྱི་ངོགས་རྣམས་སུ། །རྨད་བྱུང་ཡ་མཚན་ཁ་དོག་སྣ་ཚོགས་འཆར། །སྟོན་ནི་གསེར་དང་བྱི་རུའི་འཕྲེང་བ་སྤེལ། དགུན་དུས་རི་དབང་རྒྱས་པའི་རྩེ་མོ་རྣམས། །བཅོ་ལྔའི་ཟླ་བ་ཉ་རྒྱས་ལྟ་བུར་འགྱུར། །ཡན་ལག་བརྒྱད་ལྡན་འབབ་ཆུ་དུ་མ་ཅན། །རི་མཐོ་ས་གཙང་རིག་པ་ཤིན་དུ་དྭངས། །ལུ་ཧི་ཏ་ཞེས་ཆུ་ཀླུང་ཚངས་པའི་བུ། །འབབ་ཆུའི་རྒྱལ་པོ་བྱང་གི་ཕྱོགས་སུ་རྒྱུ། །རྒྱལ་བའི་ཞལ་མཐོང་གྲུབ་པའི་དམ་ལ་གནས། །འདྲེན་པའི་བསྟན་པ་གཅེས་པར་སྐྱོང་བ་ཡི། །ལྷ་མོ་མཐུ་ལྡན་ནགས་སྨན་རྒྱལ་མོ་ནི། །ལྷ་སྨན་འབུམ་གྱི་ཚོགས་དང་ལྷན་ཅིག་ཏུ། །དགའ་བས་རོལ་ཞིང་ལྷ་སྲིན་སྡེ་བརྒྱད་ལ། །དབང་བསྒྱུར་རྫུ་འཕྲུལ་ཆེན་པོས་སྐྱོང་བའི་གནས། །རི་རྒྱལ་འདི་ཡི་རི་འདབས་ཁོར་ཡུག་ན། །གྲུབ་པའི་གནས་དང་ལྷ་ཁང་གཙུག་ལག་ཁང༌། །ཆོས་གྲྭ་བརྒྱ་ཕྲག་དུ་མས་བསྐོར་ཏེ་གནས། །དེ་ལས་ཁྱད་པར་གནས་མཆོག་དམ་པ་འདི། ས་གཞི་ཨེ་ཡིག་ཆོས་ཀྱི་འབྱུང་གནས་འདྲ། །མཁའ་ལ་རང་བྱུང་འཁོར་ལོ་རྩིབས་བརྒྱད་དབྱིབས། །རི་རྣམས་པདྨ་འདབ་མ་རྒྱས་པ་འདྲ། །ནུབ་བྱང་དཔལ་གྱི་རི་བོ་སྔོ་འབོར་སྐྱོང༌། །མཐོ་ཞིང་བརྗིད་ཆགས་རི་རྒྱུད་དུ་མས་བསྐོར། །ཕྱི་རོལ་རྒྱལ་ཁམས་གཞན་ནས་བལྟས་པའི་ཚེ། །ས་ལས་རྡོ་རྗེ་རྩེ་ལྔ་ལྟ་བུར་འཕགས། །གནས་འདིའི་ནང་གི་གང་ནས་བལྟས་གྱུར་ཀྱང༌། །འཁོར་ལོས་བསྒྱུར་རྒྱལ་གདན་ལ་བཞུགས་པ་འདྲ། །བྱང་ཤར་ཕྱོགས་ན་རྟ་མཆོག་རིན་ཆེན་ཟུང༌། །དེའི་དྲུང་ན་དམག་དཔོན་རིན་པོ་ཆེ། །དཔའ་བོའི་ཚོགས་ཀྱིས་བསྐོར་བ་འདྲ་བ་ཡོད། །བྱང་གི་ཕྱོགས་ན་ཉེ་བར་བརྟེན་པ་ནི། །བྲག་རིའི་འཕྲེང་བ་འཁོར་ལོ་རིན་ཆེན་འདྲ། །དེ་འོག་སེང་རྫོང་ཞེས་གྲགས་བྲག་རི་ནི། །བློན་པོ་རིན་ཆེན་གཙོ་ལ་གུས་པས་འདུད། །ནོར་བུ་རིན་ཆེན་འདྲ་བའི་བྲག་རི་ནི། །ནུབ་བྱང་ཕྱོགས་གནས་རི་དེའི་ངོས་ལ་ནི། །འདབ་ཆགས་དབང་པོ་དུ་མ་དགའ་བའི་རོལ། །གྲུབ་པའི་གནས་མཆོག་དུ་མས་བརྒྱན་པ་ཡོད། །ལྷོ་ཡི་ཕྱོགས་ན་ཡིད་འོང་རི་ཡི་དབྱིབས། །བཙུན་མོ་རིན་ཆེན་མངོན་དུ་ཕྱོགས་པ་འདྲ། །ནུབ་ཕྱོགས་རི་ནི་གླང་ཆེན་ཉལ་བ་བཞིན། །མདུན་རི་ལྷུན་ཆགས་སྨན་ལྗོངས་རྒྱས་པ་ནི། །འབྲུ་ཡི་ཕུང་པོ་ལྟ་བུར་དབྱིབས་ལེགས་ཤིང༌། །གནོད་སྦྱིན་དབང་པོ་གཏེར་གྱི་བདག་པོའི་གཙོ། །འཕགས་པ་ཛམ་བྷ་ལ་ཡི་དབྱིབས་སུ་ཡོད། །ཕུ་ནི་གཟེངས་མཐོ་ལྕགས་རི་ལྟ་བུས་བསྐོར། །མདའ་ནི་མ་ཤོར་ཕྱག་རྒྱ་ལྟ་བུར་བསྣོལ། །ཤར་རིའི་ངོས་ལ་བཀྲ་ཤིས་དཔལ་བེ་དང༌། །གནས་ལུགས་མཚོན་པ་ཨ་ཡིག་གསལ་བར་དོད། །གཡོན་ཕྱོགས་དངུལ་གྱི་ཕྱེ་མས་གཡོགས་འདྲ་བའི། །རི་བོ་དར་ཡོལ་ལྟ་བུས་མཛེས་པར་བྱས། །དོན་དམ་ཨེ་ལ་ཝཾ་ཡིག་བཞུགས་པ་ལྟར། །གནས་ཀྱི་ལྟེ་བར་མཐོང་གྲོལ་ཆེན་མོ་ནི། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་ཀུན་གྱི་ངོ་བོ་ཉིད། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་ནི། །རྨང་ནི་ས་གཞི་ལྟ་བུ་རྒྱུ་ཆེ་ཞིང༌། །རྩེ་མོ་སྐྱེ་མེད་གནས་ལ་རེག་པ་སྙམ། །བཀོད་ལེགས་རྣམ་པར་རྒྱལ་བའི་ཁང་བཟང་འདྲ། །སངས་རྒྱས་རྣམ་པར་སྣང་མཛད་བཞུགས་པའི་གནས། །གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ། །རབ་འབྱམས་རྒྱ་མཚོ་ཞེས་བྱའི་ཞིང་ཁམས་དང༌། །འོད་དཔག་མེད་ཀྱི་གནས་མཆོག་བདེ་བ་ཅན། །མི་འཁྲུགས་ཞིང་ཁམས་མངོན་དགའ་ལ་སོགས་དང༌། །འདོད་པའི་ཁམས་ཀྱི་མཆོག་རབ་དགའ་ལྡན་དང༌། །གཟུགས་ཁམས་རྩེ་མོ་དབང་ཕྱུག་ཆེན་པོའི་ཞིང༌། །མཁའ་ཁྱབ་འོག་མིན་སྟུག་པོ་བཀོད་པ་སོགས། ཀུན་འདུས་བདག་ཉིད་མཆོད་རྟེན་དཔལ་ཡོན་ཅན། །སྐུ་གཟུགས་གཞལ་དུ་མེད་པས་གང་བ་བཞུགས། །མཐའ་སྐོར་ཁོ་ར་ཁོར་ཡུག་ཕྱོགས་ཀུན་ཏུ། །གཙུག་ལག་ཁང་དང་སྒྲུབ་གནས་བགྲང་ཡས་ཡོད། །དབུས་ནི་ཧེ་རུ་ཀ་དཔལ་དུས་འཁོར་སོགས། །འཁོར་ལོའི་དབང་ཕྱུག་རྣམས་ཀྱི་དཀྱིལ་འཁོར་དང༌། །ཕྱི་རོལ་ཕྱོགས་མཚམས་དུར་ཁྲོད་ཆེན་པོ་བརྒྱད། །རྡོ་རྗེ་ཅན་གྱི་དཀྱིལ་འཁོར་ཟབ་མོ་དང༌། །རྒྱ་ཆེའི་དཀྱིལ་འཁོར་ངོ་མཚར་རྨད་དུ་བྱུང༌། །གནས་མཆོག་དམ་པ་འདིར་ནི་སུ་བསྡད་ཀྱང༌། །ཆགས་སྡང་ལ་སོགས་ཉོན་མོངས་ངང་གིས་སངས༌། །དགེ་བའི་ཆོས་རྣམས་གོང་ནས་གོང་དུ་འཕེལ། །གཉིད་རྨུགས་སེལ་ཞིང་རིགས་པ་དྭངས་པའི་གནས། །ཞེན་ཆགས་སེལ་ཞིང་ངེས་འབྱུང་འཕེལ་བའི་གནས། །གནོད་སེམས་འབྲི་ཞིང་སྙིང་རྗེ་རྒྱས་པའི་གནས། །རྣམ་གཡེངས་སྤངས་ཤིང་ཞི་གནས་བརྟན་པའི་གནས། །ལོག་རྟོག་མི་འབྱུང་ལྷག་མཐོང་ངང་གིས་སྐྱེ། །གནས་མཆོག་འདི་དང་མཚུངས་པ་གཞན་ཡོད་མིན། །ཕྱོགས་འཛིན་ཅན་གྱིས་བསྔགས་པ་བརྗོད་པ་དང༌། །ཐེ་རང་འགོང་པོས་གྲགས་པ་བསྒྲགས་པ་དང༌། །དབང་སྡུད་ནོར་སྒྲུབ་ལ་སོགས་རྟེན་འབྲེལ་ཀྱིས། །འདུ་འཚོགས་ཅན་དང་གྲགས་པ་ཆེ་བ་འགར། །རྨོངས་པའི་འགྲོ་རྣམས་ཆུ་ལྟར་རྒྱུག་པ་ལ། ཞིང་མཆོག་དམ་པར་འཁྲུལ་དང་འདི་མི་མཚུངས། །གཞན་དུ་ལོ་དང་ཟླ་བར་བསྒོམས་པ་བས། །གནས་མཆོག་འདིར་ནི་ཞག་དང་ཟ་མ་ཙམ། །བསྒོམས་པའི་ཕན་ཡོན་ལྷག་པར་ཆེ་བ་ཡིན། །གཞན་དུ་དགེ་སྦྱོར་འབད་དེ་བསྒོམས་པ་བས། །སྡིག་པའི་ལས་སྤངས་ཆོས་དང་བླ་མ་ལ། །མོས་གུས་བྱས་ནས་གནས་འདིར་ཉལ་བ་ཡང༌། །བླ་མེད་བྱང་ཆུབ་མཆོག་ལ་ཉེ་བ་ཡིན། །ཉ་པ་གདོལ་པ་རི་དྭགས་རྔོན་པ་དང༌། །མཚམས་མེད་བྱེད་པ་ལ་སོགས་སྡིག་ཅན་ཡང༌། །གནས་འདི་བསྐོར་ཞིང་སྒྲུབ་ཆུ་འཐུང་པ་དང༌། ཁྲུས་བྱས་ཕྱག་དང་སྐོར་བ་མཆོད་པ་ཕུལ། །དེ་ཡིས་སྡིག་པ་དག་ནས་ལྷ་ཡུལ་སྐྱེ། །སྐྱེ་བོ་གཞན་དག་སྨོས་ཀྱང་ཅི་ཞིག་དགོས། །གནས་མཆོག་འདི་ནི་མཐོང་བ་དོན་ལྡན་ཡིན། །
དེ་ལྟར་ན་མཚན་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་གནས་མཆོག་འདི་ནི། རྒྱལ་བ་ཤཱཀྱ་སེང་གེ་ལ་སོགས་པ་སྔར་བྱོན་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས། འཕགས་པ་སྤྱན་རས་གཟིགས་ཀྱི་བཞུགས་གནས་སུ་སྩལ་བ་ལགས།
གཉིས་པ་སྐྱེས་བུ་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཆེ་བ་ནི། གནས་འདི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང༌། སྒོས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་མཆོག་ཏུ་གདོད་ནས་གྲུབ་པ་ཡིན་པ་ལས། བསྟན་པ་འདི་ལ་མིའི་སྐྱེ་བ་ཉེ་བར་གཟུང་བའི་ཚུལ་བསྟན་པའི་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཚུལ་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཞེས་བྱ་བ་སྤྲུལ་པའི་སྐུ་དེ་ཉིད་ཀྱིས། བརྟན་མ་བཅུ་གཉིས་ཀྱི་གནས་རྣམས་སུ་བྱོན་ཞིང༌། ཁྱད་པར་ནགས་རྒྱལ་གྱི་རི་ལ་ལན་མང་དུ་ཕེབས་པ་དང༌། ཡང་དགོས་གནས་འདིར་ཞག་བདུན་བཞུགས་པར་གྲགས་ཤིང༌། ཕུག་ཆེན་གོང་མ་དང་ཕུག་པ་གོང་འོག་རྣམས་སུ་ཆགས་ཕབ། དེ་རྗེས་སུ་རིག་པ་འཛིན་པའི་ས་ལ་བཞུགས་པ། སྣུབས་ཆེན་ནམ་མཁའི་སྙིང་པོ་དང༌། ངམ་འབྲེ་ཀླུའི་རྒྱལ་མཚན་དང༌། སྣ་མནམ་པ་ཚུལ་ཁྲིམས་འབྱུང་གནས་ལ་སོགས་པས་ཀྱང་སྒྲུབ་གནས་སུ་མཛད་ཅིང༌། བོད་དབུས་གཙང་གི་ཕྱོགས་འདིར་གསང་སྔགས་བརྒྱུད་ཀྱི་བསྟན་པ་དར་བར་མཛད་པ་ལ་ཐོག་མར་བཀའ་དྲིན་ཆེ་བ་སྒྲ་སྒྱུར་གྱི་རྒྱལ་པོ་འབྲོག་མི་ལོ་ཙཱ་པའི་སློབ་མ། མོ་གྲུབ་པ་ཐོབ་པ་བཞིའི་གཙོ་མོ། བཟང་སྒོམ་དཀོན་མཆོག་ཞེས་བྱ་བས། ཐོག་མར་ནགས་རྒྱལ་གྱི་ཤར་མགུལ་དུ་ཅུང་ཟད་བཞུགས། དེ་ནས་གནས་འདིར་བྱོན་ཏེ་ཡུན་རིང་དུ་བཞུགས་ཤིང༌། མཐར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་ཡིན། བཞུགས་གནས་ད་ལྟ་ཡང་ཡོད་པ་འདི་ལགས། དེ་རྗེས་སུ་ལོ་བརྒྱད་ཅུ་སྐོར་སོང་བ་ན། མ་ཅིག་སངས་རྒྱས་རི་མས་གནས་འདིར་ཆགས་ཕབ། ཡུན་རིང་དུ་བཞུགས་ཤིང་བཀའ་གདམས་དང་རྫོགས་ཆེན་གྱི་སྒྲུབ་གྲྭ་བསྐྱངས་པར་གདའ། བཞུགས་གནས་དང་ཆོས་གྲྭ་ད་ལྟ་ཡང་ཡོད་པ་འདི་ལགས། དེ་ཉིད་ཀྱི་སྒྲུབ་གྲྭ་མ་སྟོངས་པའི་རྒྱུན་ལ། མི་རིང་བར་དཔལ་ལྡན་གྲུབ་ཐོབ་འདར་ཕྱར་རིན་ཆེན་བཟང་པོ་ཕེབས་ཏེ། ཐོག་མར་ཚོགས་པ་མ་བསྐྱངས། སྒྲུབ་པ་ཁོ་ན་མཛད་ཅིང་བཞུགས། ཕུག་ཆེན་འོག་མར་བདག་མེད་ལྷ་མོ་བཅོ་ལྔ་དང་འཁོར་ལོ་བདེ་མཆོག་སོགས་ཞལ་གཟིགས། ཕུག་ཆེན་གོང་མར་སློབ་དཔོན་པདྨ་འབྱུང་གནས་དངོས་སུ་ཞལ་མཇལ་ཏེ། པདྨ་དབང་ཆེན་གྱི་ཆོས་སྐོར་མཐའ་ཡས་པའི་བདག་པོར་བསྐོས། ནུས་མཐུ་ཐོགས་པ་མེད་ཅིང་བྱིན་རླབས་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་གྲུབ་ཐོབ་རྩོད་མེད་དུ་གྱུར་པ་ཡིན་པར་གདའ། དེ་སྐབས་གསང་འདུས་རིམ་ལྔ་གཙོ་བོར་གྱུར་པའི་གསང་རྙིང་གཉིས་འདུས་ཀྱི་སྒྲུབ་གྲྭ་མཛད། གྲུབ་ཐོབ་ཉིད་ཀྱིས་མིའི་བླ་མ་གཞན་ལ་མ་གསན་ཡང༌། སེམས་འགྲེལ་སྐོར་གསུམ་ལ་གཟིགས་ཀྱིན་དོན་ཐུགས་ཉམས་སུ་བཞེས་པས། སྦྱོར་བ་ཡན་ལག་དྲུག་པའི་ཉམས་རྟོགས་མཐར་ཕྱིན་པ་མངའ་བར་འདུག
དེ་རྗེས་མི་རིང་བར་སྔར་གྱི་སྒྲུབ་གྲྭའི་རྒྱུན་མ་སྟོངས་པ་ལ། རིགས་ལྡན་སྤྲུལ་པའི་སྐུ་མཁས་བཙུན་བཟང་པོའི་མཐར་ཐུག །རྟགས་མངོན་གྱུར་གྱི་གྲུབ་ཐོབ་ཆེན་པོ་ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། མཚན་གྱི་ཁྱད་པར་གཞན་ཀུན་སྤངས་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བས་ཕེབས་པ་ཡིན་ཏེ། དེ་ཡང་ཆོས་རྗེས་ཀུན་སྤངས་ཆེན་པོ་དེ་ཉིད། སེ་མཁར་ཆུང་ན་བཞུགས་པའི་དུས། གྲུབ་ཐོབ་སེ་སྟོན་ཀུན་རིག་གི་སྐུའི་སྐྱེ་བ་ཡིན་པ་ཡང་ཐུགས་ཀྱིས་དྲན། གཞི་བདག་རྙིང་པ་རྣམས་ཀྱིས་ཀྱང་ངོ་ཤེས། རྒྱུད་ཀྱི་སྙིང་པོ་མཛད་པའི་ཐོག་མར་དགེ་བའི་གཟུགས་ལྟས་ཀྱང་བྱུང༌། བརྟན་མ་བཅུ་གཉིས་ཀྱི་གཙོ་མོ། ནགས་སྨན་རྒྱལ་མོས་ཇོ་ནང་དུ་སྤྱན་འདྲེན་པའི་ཞུ་བ་ཡང་ཡང་ཕུལ། དེ་ལ་ད་ལྟ་དུས་ལ་ཅུང་ཟད་མ་བབ་པས་ད་རེས་མི་འཚལ། ལོ་གསུམ་ནས་འོང་ཞེས་ཞལ་གྱིས་བཞེས། དེ་བར་དུ་ལྷ་ས་ཡེར་བ་སོགས་དབུས་ཕྱོགས་སུ་འགྲོ་དོན་ཆེར་མཛད། སྔར་གྱི་ཕྱི་ནང་གི་རྟེན་འབྲེལ་འཛོམ་པ་ལས། ལོ་གསུམ་གྱི་མཚམས་དེ་ནས་སྤྱི་བྲག་ནགས་གསུམ་གྱི་མཁན་སློབ་དགེ་འདུན་ཐམས་ཅད་མགྲིན་གཅིག་པས་ནན་ཏན་དུ་གསོལ་བ་བཏབ་པ་ལ་བརྟེན་ནས། གནས་མཆོག་དམ་པར་འདིར་ཆགས་ཕབ། དེ་ཙ་ན་གནས་འདིའི་རྒྱུན་བཞུགས་སྒྲུབ་པ་པོ་སུམ་ཅུ་ཙམ་ཡོད་པར་གྲགས། ཐོག་མ་ལོ་གཅིག་སེང་རྫོང་དུ་བཞུགས། དེ་ནས་འཁྱོགས་པོའི་བཙན་གྱིས་གདན་དྲངས། འཁྱོག་པོར་གཟིམས་ཁང་མཁའ་སྤྱོད་བདེ་ལྡན་དུ། ཐོག་མཐའ་བར་གསུམ་དུ་དགེ་བའི་མཚན་མ་བརྙེས་ནས་རྒྱུད་ཀྱི་སྙིང་པོ་རྩ་འགྲེལ་ཚང་བར་མཛད། རྣལ་འབྱོར་ཡན་ལག་དྲུག་པའི་སྙན་རྒྱུད་ཡི་གེར་བཀོད་པའི་ཐོག་མ་འཁྲིད་ཡིག་ཆེན་པོ་ཡང་མཛད། དེ་རྗེས་སྐུ་ཚེའི་སྨད་ལ་སྒྲུབ་གནས་སྐྱིད་ཕུག་བདེ་ལྡན་དུ་གདན་ཕབ་པར་གདའ། དེ་སྐབས་ཕྱོགས་བཅུ་ནས་འདུས་པའི་ཆོས་མཛད་སྒྲུབ་པ་ཕོ་མོ་ཚོགས་པ་ཉུང་དུས་ཀྱང་དྲུག་བརྒྱ་རེ་རྟག་ཏུ་འདུས་ཤིང༌། དེ་ནས་བརྩམས་ཏེ་ད་ལྟའི་བར་དུ་རྒྱུད་ཐམས་ཅད་ཀྱི་ངེས་གསང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་རྣལ་འབྱོར་ཡན་ལག་དྲུག་པ་གཙོ་བོར་གྱུར་པའི་སྒྲུབ་གྲྭ་རྒྱུན་མ་ཆད་ཅིང༌། དར་ཞིང་རྒྱས་པར་གྱུར་པ་ལགས་ཏེ། ཆོས་རྗེ་ཀུན་སྤངས་ཆེན་པོས་གནས་འདིར་ལོ་ཉི་ཤུ་རྩ་གཅིག་ཙམ་བཞུགས། དེ་ནས་བྱང་སེམས་རྒྱལ་བ་ཡེ་ཤེས་ཀྱིས་ལོ་བརྒྱད། མཁས་བཙུན་ཡོན་ཏན་རྒྱ་མཚོས་ལོ་བདུན་རྣམས་གདན་ས་མཛད་པ་རྣམས་ལའང་སྒྲུབ་བརྒྱུད་ཇེ་འཕེལ་དུ་གྱུར། དེ་རྗེས་རིགས་ལྡན་སྤྲུལ་པའི་སྐུ་ཆེན་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། མདོ་རྒྱུད་རྒྱ་མཚོའི་གླེགས་བམ་གཅིག་གྱུར། ངུར་སྨྲིག་འཛིན་པ་ཀུན་གྱི་ཁྱུ་མཆོག རྒྱ་ཆེན་བྱང་ཆུབ་སེམས་ཀྱི་མངའ་བདག མཐའ་བྲལ་ངེས་དོན་བསྟན་པའི་བདག་པོ། རྟགས་དང་ཡོན་ཏན་མཐའ་དག་མ་སྦས་མངོན་དུ་གྱུར་པའི། གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་པ་ཆེན་པོ། ཆོས་རྗེ་ཀུན་མཁྱེན་དོལ་པོ་པ་མཚན་བརྗོད་པར་དཀའ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱིས། ལོ་བཅོ་ལྔའམ་བཅུ་གསུམ་གྱི་བར་དུ་གདན་སར་བཞུགས་དུས། སྐབས་དེ་ཉིད་དང༌། མ་འོངས་པའི་སེམས་ཅན་མཐོང་ཐོས་དྲན་རེག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་གདབ་པའི་ཕྱིར་དུ། མཐོང་གྲོལ་གྱི་སྐུ་འབུལ་ཆེན་མོ་བཞེངས། བཤད་སྒྲུབ་མཐའ་དག་གི་སྒོ་ནས་མདོ་རྒྱུད་ཀྱི་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། དེ་རྗེས་ཐུགས་སྲས་དམ་པ་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་བློ་གྲོས་དཔལ་བཟང་པོ་རྒྱལ་ཚབ་དུ་མངའ་གསོལ་ནས་ལོ་ངོ་བཅོ་ལྔ་གདན་སར་བཞུགས་པ་དང༌། དེ་རྗེས་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་ལོ་དྲུག་གདན་ས་མཛད། དེ་རྗེས་ལོ་གསུམ་ཙམ་ནས་མཁས་གྲུབ་དཀོན་མཆོག་རྒྱལ་མཚན་གདན་སར་མངའ་གསོལ་མཛད་དེ། དེ་རྣམས་ཀྱི་རིང་ལ་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཉིད་གནས་མཆོག་དམ་པ་འདི་ཉིད་དུ་བཤད་སྒྲུབ་ཀྱི་རྒྱལ་མཚན་འཛིན་པ་དང༌། ཕྱོགས་བཞིའི་རི་ཁྲོད་སྣ་ཚོགས་སུ་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་བ་དང༌། ཆོས་སྡེ་དང་གྲྭ་ས་ཐ་དད་པ་རྣམས་སུ་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་བར་མཛད། དེ་ལྟར་ཀུན་མཁྱེན་ཆེན་པོ་འདིའི་སྐུ་ཐོག་ལ་ཚོགས་པ་ཉུང་དུས་སུ་ཡང་སྟོང་ཕྲག་གཉིས་རེ་འཚོགས། མང་བ་ལ་ཚོད་བཟུང་དུ་མེད། ནམ་ཞག་རྒྱུན་དུ་མདག་སྦྱར་མཚམས་བཅད་པ་རང་ཡང་སྟོང་ཕྲག་རེ་མི་འཆད་པ་འབྱུང༌། གནས་འདིར་འཚོགས་ཕྱིན་དགེ་སྦྱོར་གྱི་སྣེ་མི་ཟིན་པ་ཡེ་མི་ཡོང༌། སེམས་འབྲེལ་སྐོར་གསུམ་དང༌། བྱམས་ཆོས་སྡེ་ལྔ་དང༌། བསླབ་བསྡུས་སྤྱོད་འཇུག་སོགས་གཞུང་ལུགས་ཀྱི་འཆད་ཉན་དང༌། དབང་སྒྲུབ་མཆོད་ལག་ལེན་མན་ངག་སྒོ་ཐམས་ཅད་ནས་སྤེལ་བས། བཤད་ཉན་གྱི་ཟུར་ཆོས་པ་ཡང་ལྔ་བཅུ་ཙམ་རེ་རྟག་ཏུ་བཞུགས། མདོར་ན་ངེས་དོན་གྱི་བསྟན་པ་ནམ་ལངས་པ་དང་ཉི་མ་ཤར་བ་བཞིན་དུ་གྱུར་པས། སྔོན་ཆོས་རྗེ་ཀུན་སྤངས་ཆེན་པོས་གནས་འདིར་ཕ་ལས་བུ་ལྷག བུ་ལས་ཚ་བོ་ལྷག་ཚ་ལས་ཡང་ཚ་ལྷག་པ་འབྱུང་ཞེས་དང༌། ད་ལྟ་བཟང་ལྡན་བར་མར་ཆོས་འཆད། མ་འོངས་པ་ན་མཆོད་རྟེན་བཞེངས་ཞེས་ལུང་བསྟན་པ་ཐོག་ཏུ་བབ་པ་དེར་གདའ། དེ་ནས་སླར་ཡང་མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་ལོ་བཅོ་ལྔའི་བར་གདན་ས་མཛད་པ་དང༌། དེ་རྗེས་རིམ་ཅན་དུ་ཀུན་མཁྱེན་བྱང་ཆུབ་སེང་གེ མཁས་མཆོག་ཉ་དབོན་ཆེན་པོ་ཀུན་དགའ་དཔལ། མཁན་ཆེན་རྒྱལ་བ་ཇོ་བཟང༌། རྒྱལ་སྲས་ཆོས་དཔལ་མགོན་པོ། འདྲེན་མཆོག་ཤེས་རབ་བཟང་པོ། འཇམ་དབྱངས་དཀོན་མཆོག་བཟང་པོ། མཁས་བཙུན་ཆོས་དཔལ་བཟང་པོ། འཇིམས་ཆེན་དཀོན་མཆོག་རྒྱལ་མཚན། འཇིམས་ཆེན་བསོད་ནམས་རྒྱལ་མཚན། རྒྱལ་བ་ནམ་མཁའ་ཆོས་སྐྱོང་སྟེ། དེ་ཡན་ཆད་མདོ་སྔགས་མཐའ་དག་དཔལ་ཇོ་ནང་པ་ཁོ་ནའི་བཀའ་སྲོལ་འདྲེས་མེད་ཁོ་ན་ཡིན་ཞིང༌། གདན་རབས་དེ་ཐམས་ཅད་རིགས་ལྡན་གྱི་སྤྲུལ་པའི་སྐུ་ཡིན་པར་གྲགས་སོ། །
དེ་རྗེས་ཀྱང་གདན་རབས་སུ་བྱོན་པ་ཐམས་ཅད་མཁས་བཙུན་བཟང་པོ་ཤ་སྟག་བྱོན་པ་ལགས་ཏེ། འདྲེན་མཆོག་ནམ་མཁའི་མཚན་ཅན་གྱི་རྗེས་སུ། བྱང་སེམས་དཔལ་ལྡན་རིན་ཆེན། མཚུངས་མེད་ཆོས་སྐྱོང་རྒྱལ་མཚན། སྒོ་རུམ་ཀུན་དགའ་ལེགས་པ། བསྟན་འཛིན་ནམ་མཁའ་བཟང་པོ། མཁས་པ་རིན་ཆེན་བཀྲ་ཤིས། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ཀུན་དགའ་དཔལ་བཟང་རྣམས་བྱོན། དེ་རྗེས་ད་ལྟའི་བླ་མ་དམ་པའོ། གཞན་ཡང་གནས་འདིར་རི་ཁྲོད་སོ་སོའི་སྒྲུབ་གནས་སྐྱོང་བའི་སྒྲུབ་པ་མོ་དང་སྒྲུབ་ཆེན་གྲུབ་བརྙེས་མང་པོ་དང༌། ཟུར་ཆོས་ཀྱི་སློབ་དཔོན་དང༌། རྡོར་འཛིན་མཛད་པ་སོགས་མཁས་གྲུབ་དུ་མ་ཞིག་བྱོན་པ་ལགས་ནའང༌། མཐའ་ཡས་པར་བརྗོད་ཀྱི་ག་ལ་ལང༌། སྐབས་འདི་དག་ཏུ་སྤྲོ་ན། ཆོས་རྗེ་ཡབ་སྲས་ལ་སོགས་པ་བླ་མ་རྣམས་ཀྱི་ཆེ་བརྗོད། རྣམ་ཐར་རྒྱས་བསྡུས་རྣམས་ནས་ཅི་རིགས་པར་བླངས་ལ་འཚམ་པར་བཤད་དོ། །

གསུམ་པ། སྒྲུབ་བརྒྱུད་ཆུ་བོའི་གཞུང་ལྟར་རྒྱུན་མ་ཆད་ཅིང་དར་བའི་གཟི་བརྗིད་དཔལ་དང་ལྡན་པའི་ཡོན་ཏན་ནི། ཁ་བ་ཅན་འདི་ན་སྔོན་སྒྲུབ་གནས་བསམ་གྱི་མི་ཁྱབ་པ་བྱོན་ཞིང། ད་ལྟར་ཡང་སྒྲུབ་གྲྭ་མང་དུ་ཡོད་མོད་ཀྱི། སྒྲུབ་གྲྭ་འདི་དང་པོར་ཚུགས་པ་དང་དུས་མཉམ་པའི་སྒྲུབ་གྲྭ་བཤད་གྲྭ་རྣམས་ལྟ་སྨོས་ཀྱང་ཅི་དགོས། འདི་དག་ལས་ཆེས་འཕྱི་བ་དུས་ཕྱིས་བཏབ་པ་རྣམས་ཀྱང༌། འགའ་ཞིག་ནི་རྩ་བ་ནས་སྟོངས། འགའ་ཞིག་ནི་གྲོང་ཡུལ་དང་སེར་ཁྱིམ་དུ་སོང༌། ཁ་ཅིག་སྔོན་གྱི་ཤུལ་དུ་ད་ལྟ་སྒྲུབ་གྲྭ་ཡོད་པའང་འདུག་མོད་ཀྱི། བར་སྐབས་སུ་སྟོངས་པའི་ཤུལ་ལ་གསར་འདེབས་བྱས་པ་དང༌། ཁ་ཅིག་སེར་ཁྱིམ་གྱི་ས་ནས་གཙང་མའི་གྲྭ་གསར་དུ་ཕྱེ་བ་དང༌། བར་སྐབས་སུ་སེར་ཁྱིམ་དུ་སོང་བ་རྣམས་ཕུད་ནས། དེའི་ཤུལ་དུ་གྲྭ་ཚང་ངམ་སྒྲུབ་གྲྭ་གསར་འཛུགས་བྱས་པ་ཁོ་ན་ཡིན་གྱི། ལོ་སུམ་བརྒྱ་བཞི་བརྒྱ་ཙམ་དུ་གང་སྟོངས་དང་སེར་ཁྱིམ་ལ་སོགས་པས་བར་མ་ཆོད་པར། བླ་བརྒྱུད་ཆོས་བརྒྱུད་གཅིག་ཅིང༌། ཉམས་ལེན་གྱི་རྒྱུན་གཅིག་པའི་སྒྲུབ་བརྒྱུད་བར་མ་ཆད་པར་དར་བ་ནི། བོད་གངས་རིའི་ཁྲོད་ན་སྒྲུབ་གནས་དམ་པ་འདི་ཁོ་ན་ལས་གཞན་མེད། གནས་འདིར་ནི་མ་ཅིག་རི་མ་ནས་གཟུང་སྟེ། དེང་སང་གི་བར་དུ་སྒྲུབ་གྲྭ་རྒྱུན་མ་ཆད་པའི་དབང་དུ་བྱས་ནས། ལོ་ལྔ་བརྒྱ་ཙམ་སོང་ཞིང༌། ཆོས་རྗེ་ཀུན་སྤངས་ཆེན་པོ་ཕེབས་པ་ནས་ཆོས་བརྒྱུད་གཅིག་ཅིང༌། ཉམས་ལེན་གྱི་རྒྱུན་གཅིག་པའི་སྒྲུབ་བརྒྱུད་འདི་ཁོ་ན་ལའང༌། ད་ལྟ་ཡན་ཆད་དུ་ལོ་བཞི་བརྒྱ་ལྷག་ཙམ་སོང་ངོ༌། །
དེ་ལྟར་ན་གནས་གཅིག་ཏུ་ཚུགས་པའི་སྒྲུབ་བརྒྱུད་ལ་དཔལ་ཇོ་མོ་ནང་དང༌། གནས་གཅིག་ཏུ་ཚུགས་པའི་བཤད་གྲྭ་ལ་གསང་ནེའུ་ཐོག་བསྟན་པའི་རྒྱུན་གང་སྟོངས་མེད་པར་གནས་ཡུན་རིང་བ་ཡིན་ཅེས། ཤེས་ལྡན་བློ་གཟུ་བོར་གནས་པ་རྣམས་ལ་གྲགས་ཤིང་ཕྱོགས་གཅིག་ནས་དོན་ལའང་གནས་པ་ཡིན་མོད་ཀྱི། འོན་ཀྱང་དཔལ་ལྡན་གསང་ཕུ་ན། ཕྱིས་བྱུང་ལོ་ཉིས་བརྒྱ་ཚུན་ལ། ས་དགེ་སོ་སོའི་གྲུབ་མཐའ་འཛིན་པ་མ་གཏོགས། རྔོག་ལོ་ཡབ་སྲས་དང༌། ཕྱ་ཚང་ལ་སོགས་པ་གསང་ཕུ་བ་རང་ལུགས་ཀྱི་གྲུབ་མཐའ་འཛིན་པ་མེད་ལ། གནས་མཆོག་འདིར་ནི་ལྟ་གྲུབ་ཉམས་ལེན་གྱི་རྒྱུན་གཅིག་ཁོ་ནས་བྱིན་རླབས་ཀྱི་རྒྱུན་ལ་བསྲེ་བསླད་མེད་པ་དང༌། གཞན་ཡང་ཚིག་བཤད་ཙམ་གྱི་རྒྱུན་མ་ཡིན་པར་སྒྲུབ་པ་ཉམས་ལེན་སྙིང་པོར་བྱེད་པའི་སྲོལ་ཀ་རྒྱུན་མ་ཆད་ཅིང༌། དུས་ཀྱི་ཐ་མ་འདི་ལྟ་བུར་ཡང་ལག་ལེན་དུ་ཐེབས་བའི་གྲ་ཡིན་པས་ན། ཅིག་ཤོས་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་ཤིང༌། ཆེས་ངོ་མཚར་རྨད་དུ་བྱུང་བ་ཡིན་ནོ། །སྒྲུབ་གནས་ཀྱི་རྒྱལ་པོ་དཔལ་ལྡན་ཇོ་མོ་ནང་འདིར་མཐོང་གྲོལ་ཆེན་མོ་གནས་ཀྱི་ལྟེ་བར་བྱས་པའི་མཐའ་སྐོར་གྱི་སྒྲུབ་གནས་བྱིན་རླབས་ཅན་རྣམས་ཅུང་ཟད་སྨོས་ན། རྒྱབ་རིའི་གཡོན་ཕྱོགས་ཉི་བསྟན་འདི་ལ། ཆོས་རྗེ་ཡབ་སྲས་བཞིས་བཞུགས་ཤིང་རྡོ་རྗེ་ཕག་མོའི་གནས་སྐྱིད་ཕུག་བདེ་ལྡན་འོད་གསལ་བྲག དེའི་གཡས་ཕྱོགས་ན་རིན་པོ་ཆེ་ཤེས་རབ་འབུམ་པ་དང༌། མཁས་མཆོག་ཉ་དབོན་ཆེན་པོ་ཀུན་དགའ་དཔལ་དང༌། རྒྱས་སྲས་དངུལ་ཆུ་ཆོས་རྫོང་བའི་ཐུགས་སྲས་རྒྱ་མ་པ་ཡོན་ཏན་འོད་སོགས་སྐྱེས་བུ་དམ་པ་དུ་མས་བཞུགས་པའི་གནས་ཤུག་པ་གནམ་འཕྱང་བདེ་ཆེན་བྲག དེའི་སྟོད་ན་མཁས་གྲུབ་ཨོ་རྒྱན་པ་དཀོན་མཆོག་གྲགས་པའི་བཞུགས་གནས་སྒྲུབ་ཁང་འདི་ལགས། སྦུད་བཀྲ་དབུ་རྒྱན་པ་ལས་ཅུང་ཟད་བགྲེས་པ་གཅིག་ཡིན། ཨོ་རྒྱན་དུ་ལོ་ལྔ་བཞུགས། གྲུབ་རྟགས་མངོན་རྒྱུར་བ་མངའ། ཆཽས་རྗེ་ཀུན་སྤངས་ཆེན་པོའི་མཆེད་གྲོགས་གོང་མ་ལགས་པར་གདའ། སྐྱིད་ཕུག་གི་གཡོན་ཕྱོགས་ཀྱི་བྲག་ན། མ་ཅིག་རི་མའི་ཆོས་གྲྭ་དང་བཞུགས་གནས། དེའི་གཡོན་ཕྱོགས་སུ་ཕུག་པ་ཆེན་པོ་གོང་འོག་གཉིས་ཡོད་པའི། གོང་མ་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཞུགས་གནས་དངོས་དེ་ཡིན་པར་གྲགས་ཤིང༌། ཕྱིས་གྲུབ་ཐོབ་འདར་ཕྱར་རིན་ཆེན་བཟང་པོས་ཡུན་རིང་དུ་བཞུགས། སློབ་དཔོན་པདྨ་འབྱུང་གནས་དང་མངོན་སུམ་དུ་མཇལ། རྟ་མགྲིན་ཡང་གསང་གི་ཆོས་སྐོར་མཐའ་དག་གི་བཀའ་བབས་བརྙེས་ས་དེར་གདའ། ཕུག་པ་འོག་མ་འདིར་གྲུབ་ཐོབ་འདར་ཕྱར་ཉིད་ཀྱིས་བདག་མེད་ལྷ་མོ་བཅོ་ལྔ་དང༌། འཁོར་ལོ་སྡོམ་པ་ལྷན་སྐྱེས་སོགས་ཀྱི་ཞལ་གཟིགས་ས་དེར་གདའ། ཕུག་པ་འདི་གཉིས་ཀར་དུ་གྲུབ་ཐོབ་དེས་ཡུན་རིང་དུ་བཞུགས་པས། དེང་སང་འདར་ཕྱར་ཕུག་པ་གོང་འོག་ཏུ་གྲགས། སྐྱིད་ཕུག་གི་འོག་ན་མཁས་བཙུན་ཡོན་ཏན་རྒྱ་མཚོ་དང༌། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གཉིས་ཅར་གྱི་སློབ་མ་དགེ་སློང་བཀྲ་ཤིས་བཟང་པོ་ཞེས་བྱ་བ། མངོན་ཤེས་ཐོགས་མེད་དུ་མངའ་བ། སྐུ་གཤེགས་དུས་བྱང་ཆུབ་ཀྱི་སེམས་སྤྱི་བོར་འཁྱིལ་བས་དབུ་གཙུག་ཏུ་གཙུག་ཏོར་གྱི་རྣམ་པ་ཤིན་ཏུ་རྒྱས་ཏེ་རྨོག་གི་ཁྱོན་ཙམ་བྱུང་བ། དེ་ལྟ་བུའི་བཞུགས་གནས་ཕུག་པ་དང༌། དེའི་འོག་ཕྱོགས་ན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཉིད་འཛིན་པའི་ཉམས་རྟོགས་མཐར་ཕྱིན་པའི་ཚུལ་བསྟན་ས་རྡོ་རྗེ་གདན་ཞེས་བྱ་བའི་ཕུག་པ་དང༌། པདྨ་གདན་ཞེས་བྱ་བའི་ཕུག་པ་གཉིས་ཡོད། དེའི་འོག་གཡོན་ངོས་བྲག་པདྨ་ཁ་འབུས་ལྟ་བུའི་རྩེ་ལ། ཆོས་རྗེ་ཀུན་སྤངས་ཆེན་པོ་དང༌། བྱང་སེམས་རིན་པོ་ཆེ་ཅུང་ཟད་བཞུགས་ཤིང༌། མཁས་བཙུན་ཡོན་ཏན་རྒྱ་མཚོས་ཡུན་རིང་བཞུགས་པའི་གཟིམས་ཁང་བདེ་བ་ཅན་ཞེས་བྱ་བ་འདིར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ཀྱང་ཡུན་རིང་དུ་བཞུགས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས་དང་བཅས་པ་དང༌། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དྲེགས་པའི་ཚོགས་ཀྱིས་བསྐོར་བ་ཞལ་གཟིགས། བདེ་བ་ཅན་གྱི་སྨོན་ལམ་མཛད་པས་ནུབ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་བཀོད་པ་དངོས་སུ་གཟིགས་ཤིང༌། མཐོང་གྲོལ་གྱི་སྐུ་འབུམ་ཆེན་མོ་ལ་ལུས་ཀྱི་ལས་དང༌། རྒྱུ་ནོར་ལོངས་སྤྱོད་ཀྱི་འབྲེལ་པ་ཐོགས་ཚད་རང་གི་སྐལ་བ་དང་འཚམ་པར་སྐྱེ་བ་གཅིག་ནས་བརྩམས་ཏེ། སྐྱེ་བ་བདུན་ཚུལ་ཆད་ལ་ཞིང་ཁམས་རྣམ་དག་བདེ་བ་ཅན་དུ་སྐྱེ་ལ། ཐེག་ཆེན་ཆོས་ཀྱི་དགའ་སྟོན་ལ་སྤྱོད་པར་འགྱུར་བའི་འཁྲུལ་མེད་ཀྱི་ལྟས་མངོན་སུམ་དུ་གཟིགས། གནས་ཀྱི་མིང་བདེ་བ་ཅན་མཚན་དོན་དང་མཐུན་པ་ལགས། དེ་དག་གི་གཡོན་ངོས་ཕྱོགས་བློན་པོ་རིན་པོ་ཆེ་འཚོགས་པ་ལྟ་བུའི་བྲག་འདི་ལ། སྒྲུབ་གནས་དམ་པ་གསང་སྔགས་འཇིགས་མེད་སེང་གེ་རྫོང་ཞེས་བྱ་བ། ཆོས་རྗེ་ཀུན་སྤངས་ཀུན་ཏུ་བཟང་པོས་རྣལ་འབྱོར་ཡན་ལག་དྲུག་པ་དང༌། དཔལ་དུས་ཀྱི་འཁོར་ལོས་བསྟན་པ་སྤེལ་བའི་བར་དུ་དགེ་བའི་རྟགས་དང་མཚན་མ་བྱུང་བའི་གནས་དེ་ལགས། དེའི་འོག་ཏུ་རྟ་ར་གདོང་ཞེས་གྲགས་པ་འདི་ན། སྦུད་བཀྲ་ཨོ་རྒྱན་པའི་སློབ་མ་ཟླ་སེང་གིས་ཀྱང་ཅུང་ཟད་བཞུགས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སློབ་མ། གྲུབ་ཆེན་རྟ་ར་བ་ཞེས་བྱ་བ། ལྕེ་ཆུང་གི་བདུད་རྩི་ཁོ་ནས་ཚིམ་སྟེ། སྐུ་ཚེ་སྨད་ལོ་ཉི་ཤུ་རྩ་ལྔའི་བར་དུ་མི་ཟས་བཟའ་བཏུང་གཞན་རྣམས་གསོལ་མི་དགོས་པ་ལྟ་ཅི་སྨོས། མཐའ་ན་ཆུ་སྙིམ་པ་གང་ཙམ་ཡང་མ་གསོལ་བ། གདན་དང་ན་བཟའ་ལ་སོགས་པའི་སྤྲོས་པ་ཡེ་མི་དགོས་པ་དེས་བཞུགས་ཤིང༌། དེའི་སྟོད་བྲག་རི་ངོས་གཟར་པོའི་ཕུག་པ་ཆུང་ངུ་ཕལ་གྱིས་བགྲོད་དཀའ་བ་འདིར། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱི་སློབ་མ་གྲུབ་ཆེན་དབུས་པས་བཞུགས། གྲུབ་ཐོབ་དེ་ཡང་ཟླ་བ་ཕྱེད་ཕྱེད་ཙམ་མི་ཟས་ཡེ་གསོལ་མི་དགོས། ཐུགས་ཉམས་འུར་རེས་ཀྱི་སྐུ་འབུམ་ཆེན་མོའི་ཕྱིར་ངོས་ནས་བརྒྱུད་དེ་རྩེ་ལ་ཐལ་བྱུང་དུ་གཤེགས། ཆར་ཁེབས་ཀྱི་ཟེ་པྲོ་ལ་ཕྱག་ཡ་རེ་ཙམ་ཞབས་ཡ་རེ་ཙམ་བཞག་པའི་ངང་ནས་འཕགས་ཅིང་བསྐོར་བ་ལན་མང་དུ་མཛད། སླར་བུམ་ལྡིར་ཆེན་མོའི་སྟེང་དུ་འབེབས་ཀྱི་ཚུལ་དུ་རྡོ་རྗེའི་སྐྱིལ་ཀྲུང་ཕབ་པས་ཉམས་སད་འགྲོ་བ་ཞིག་ཡིན་པར་འདུག རྒྱབ་རིའི་གཡས་ཀྱི་ངོས་ལ་ཆོས་རྗེ་ཡབ་སྲས་ཐམས་ཅད་དང་བླ་མ་མཁའ་སྤྱོད་པ་ལ་སོགས་པ་མཁས་གྲུབ་དཔག་ཏུ་མེད་པའི་བཞུགས་གནས། མཁའ་སྤྱོད་ཟུང་འཇུག་རྡོ་རྗེའི་རྫོང་ཞེས་བྱ་བ། ད་ལྟ་འཁྱོག་པོའི་བྲག་ཅེས་ཟེར་བ་ཡང་དབེན་གནས་མཆོག་ངོ་མཚར་ཅན་འདི་བཞུགས། འདིར་ཆོས་རྗེ་ཀུན་མཁྱེན་ཆེན་པོས་སྲོག་རྩོལ་གྱི་ཉམས་རྟོགས་རྒྱུད་ནས་བཤད་པ་བཞིན་མཐར་ཕྱིན་པའི་ཚུལ་བསྟན། དེའི་གཡོན་དུ་བྲག་ཕུག་པདྨ་རཱ་ག་དང༌། གཡས་སུ་ཕག་མོའི་དུར་ཁྲོད་དོ། །
གནས་མཆོག་དམ་པ་འདིར་ལྷོ་ནས་ཤར་གྱི་བར་མདུན་གྱི་རི་ལ། ཕུ་ན་རྫ་བྱེ་འུར་གྲགས་པ་འདི། ཆོས་རྗེ་ཀུན་སྤངས་ཆེན་པོ་དང༌། བྱང་སེམས་ཆེན་པོའི་སློབ་མ་མོ་གྲུབ་པ་ཐོབ་པ་ཞང་བཙུན་མ་ཡོན་ཏན་མཚོས་བཞུགས་ཤིང༌། དེ་ནི་འཛིན་པའི་ཉམས་རྟོགས་མཐར་ཕྱིན། རྩིག་པ་ལ་ཐོགས་མེད་དུ་གཤེགས། མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་བ་རྒྱས། །ཞེས་སོགས་ཀྱི་ཡོན་ཏན་མངོན་གྱུར་དུ་མངའ། ཕུ་ཤར་ནུབ་ཀྱི་རི་རྩེ་ལ་ཕར་འཕུར་ཚུར་འཕུར་མཛད་པར་གྲགས་ཤིང༌། ལས་སྟོད་པ་དབང་རྒྱལ་གྱིས་ཀྱང་བསྟོད་བསྐུར་ཆེར་མཛད་པ་དེ་ཡིན། དེ་རྗེས་ཀུན་མཁྱེན་ཆེན་པོས་ཀྱང་ཅུང་ཟད་བཞུགས་ཤིང༌། ཞལ་སློབ་སྒྲུབ་པ་མོ་ཡེ་ཤེས་རྒྱན་ཞེས་བྱ་བ་མངོན་ཤེས་རྒྱ་ཆེ་ལ་བརྟན་པ་མངའ། ཕྱི་ནང་བར་གསུམ་འཕྲལ་ཡུན་ཐམས་ཅད་ཐོགས་མེད་དུ་མཁྱེན་པ་ཞིག་དང༌། སྒྲུབ་པ་མོ་ཞང་བཙུན་མ་ཆོས་མཚོ་ཞེས་བྱ་བ། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་མངའ་བ་ནུས་མཐུ་ཆེན་པོས། དགེ་སློང་བཀྲ་ཤིས་བཟང་པོ་གཤེགས་ལ་ཁད་ཀྱི་དུས་སུ། ངའི་ཚེའི་ལྷག་མ་ལོ་བདུན་ཁྱེད་ལ་འབུལ། ཁྱེད་ཀྱི་ཚབ་ཏུ་ང་འགྲོ་གསུང་ནས་དེ་མ་ཐག་སྙུང་བ་མེད་པར་གཤེགས། དགེ་སློང་པའང་དེ་འཕྲལ་སྙུང་བ་གདངས། ལོ་བདུན་བཞུགས་ཏེ། དེ་ལྟ་བུའི་གྲུབ་བརྙེས་ངོ་མཚན་ཅན་དེ་རྣམས་ཀྱིས་བཞུགས་པའི་གནས་ལགས། འདིའི་གཡོན་ན་གཞོང་སྟོད་ཀྱི་དུར་ཁྲོད་དང༌། ཤར་ངོས་ཀྱི་ལུང་པ་ན། འབྲོག་མིའི་སློབ་མ་མོ་གྲུབ་པ་ཐོབ་པ་པྲད་མོ་དཀོན་ནེའི་སྒྲུབ་གནས་རྣམས་བཞུགས་ཤིང༌། གཞན་ཡང་ཕྱིས་ཐེབས་པ་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སློབ་མ་སྒྲུབ་ཆེན་མ་འོད་གསལ་སྐྱིད་ཀྱི་སྒྲུབ་གནས་དང༌། སྒྲུབ་ཆེན་མ་དཔལ་མོ་མཚོའི་སྒྲུབ་གནས། དེང་སང་རྫ་ཤར་ནུབ་ཏུ་གྲགས་པ་གཉིས། གཞན་ཡང་གླིང་བཞིར་གྲགས་པ། བདེ་ཆེན་བྱང་ཆུབ་གླིང༌། འོད་ཟེར་གླིང༌། ཁྲའུ་གླིང༌། བསམ་གཏན་གླིང་སྟེ། གླིང་བཞི་དང༌། དབུ་རྩེ་གཙུག་ལག་ཁང་ལྷ་ཁང་དུ་མ་དང་བཅས་བཞུགས་པ་འདི་ལགས། དེ་དག་ནི་གནས་སྤྱིའི་བཤད་པ་མདོ་ཙམ་ལགས་ཏེ།།
ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཞིང་ཁམས་འདིར། །བརྩོན་འགྲུས་ལྡན་པས་རྩེ་གཅིག་འབད་གྱུར་ན། །མ་དག་རྣམ་སྨིན་ལུས་འདི་གནས་གྱུར་ནས། །རྡོ་རྗེའི་སྐུ་མཆོག་ཚེ་འདི་ཉིད་ལ་འགྲུབ། །བརྩོན་པ་འབྲིང་པོའང་བར་དོར་སངས་རྒྱ་ཞིང༌། །བརྩོན་འགྲུས་ཐ་མ་ཡིས་ཀྱང་ལམ་སྣ་ཟིན། །གནས་མཆོག་འདི་དང་ཆོས་བརྒྱུད་འདི་ཉིད་ལ། །དམ་ཚིག་མ་ཉམས་སྡིག་ཆེན་མ་བསགས་ན། །འབད་རྩོལ་མེད་ཀྱང་སྙོམས་ལས་དབང་གྱུར་ཀྱང༌། །གནས་འདིར་བསྡད་པ་ཙམ་གྱིས་དགེ་སྦྱོར་སྐྱེ། །ས་བཅུའི་བྱང་སེམས་རིགས་ལྡན་སྤྲུལ་པའི་སྐུ། །དེ་དག་རྣམས་ཀྱི་བྱིན་རླབས་ངང་གིས་འཇུག །དད་པ་ཆེན་པོས་ཕྱག་མཆོད་སྐོར་བ་དང༌། །གསོལ་བ་བཏབ་ན་ཡིད་ཆེས་འཕྲལ་འཕྲལ་འབྱུང༌། །ལན་གཅིག་མཇལ་བའང་བར་ཆད་ཀུན་ཞི་ཞིང༌། །ལན་གསུམ་བསྐོར་བས་ངན་འགྲོའི་སྐྱེ་སྒོ་ཁེགས། །ལན་མང་མཇལ་ན་མཚམས་མེད་བྱས་པ་ཡང༌། །རྣམ་པར་དག་ནས་བདེ་ཆེན་གནས་སུ་འགྲོ། །མཐོང་ཐོས་དྲན་རེག་ཐམས་ཅད་དོན་ལྡན་པའི། །གནས་མཆོག་འདི་དང་མཚུངས་པ་འགའ་ཡང་མེད། །ཟུང་འཇུག་ཡེ་ཤེས་ཆེན་པོའི་ཕོ་བྲང་འདིར། །དད་པ་བསྐྱེད་ཅིང་འབྲེལ་བ་འཇོག་པ་རྣམས། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །རྣམ་མཁྱེན་གོ་འཕང་ཐོབ་པའི་དགེ་ལེགས་འཕེལ། །ཞེས་དགེ་སློང་ཀུན་དགའ་སྙིང་པོས་བྲིས། བཀྲ་ཤིས། དགེ་ལེགས་འཕེལ། སྲས་བཅས་རྒྱལ་བ་ཀུན་གྱིས་བྱིན་བརླབས་པས། །དངོས་གྲུབ་ཐམས་ཅད་འབད་མེད་འབྱུང་བའི་གནས། །འདིར་ནི་མཁའ་མཉམ་སེམས་ཅན་དོན་ཕྱིར་དུ། །བདག་ཀྱང་སྒྲུབ་པའི་རྒྱལ་མཚན་འཛིན་པར་ཤོག །ཤུ་བྷཾ།

ནང་དོན་ཡོང་ཁུངས། རིག་པའི་བང་མཛོད་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།