ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས ༣༠ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ནས་གསར་དུ་ཕེབས་མཁན་རྣམས་ལ་བྱང་སྡོམ་གནང་སྐབས། “སེམས་བསྐྱེད་འདོན་རྒྱུ་ཡིན། དེ་ལ་འདིར་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་ཡོད་པ་འདིར་སྟོན་པ་ཐུབ་པའི་དབང་པོ་སྐུ་དངོས་སུ་ཡོད་བསམ་པ་བྱེད་དགོས་ལ། སྟོན་པ་ཐུབ་པའི་དབང་པོའི་མཐའ་སྐོར་དུ་བྱམས་པ་འཇམ་དབྱངས་ལ་སོགས་པའི་ཉེ་བའི་སྲས་ཆེན་བརྒྱད་དང་། དེ་ནས་འཕགས་པ་ཀླུ་སྒྲུབ་དང་། ངོས་ཀྱིས་པཎ་གྲུབ་བཅུ་བདུན་ཞེས་པ་ཞིག་བཟོས་ཡོད། དེ་སྔར་བོད་དུ་རྒྱན་དྲུག་མཆོག་གཉིས་ཞེས་པ་ཞིག་ཡོད། རྒྱན་དྲུག་མཆོག་གཉིས་ཀྱི་ནང་དུ་སློབ་དཔོན་སངས་རྒྱས་བསྐྱངས་དང་། སློབ་དཔོན་ལེགས་ལྡན། དཔལ་ལྡན་ཟླ་བ་གྲགས་པ། རྒྱལ་སྲས་ཞི་བ་ལྷ། མཁན་ཆེན་ཞི་བ་འཚོ། སློབ་དཔོན་ཀ་མ་ལ་ཤཱི་ལ། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་རྒྱན་དྲུག་མཆོག་གཉིས་ཀྱི་ཁོངས་སུ་མེད། སློབ་དཔོན་འདི་དག་གིས་མཛད་པའི་དཔེ་ཆ་ང་ཚོས་ལྟ་ཀློག་སློབ་གཉེར་བྱེད་བཞིན་ཡོད། དེ་ཡང་བུདྡྷ་པཱ་ལི་ཏ་ལ་ལྟ་བཞིན་ཡོད་ལ། སྤྱོད་འཇུག་ཀྱང་སློབ་གཉེར་ཤུགས་ཆེ་བྱེད་བཞིན་ཡོད། མཁན་ཆེན་ཞི་བ་འཚོ་དང་། ཀ་མ་ལ་ཤཱི་ལ་རྣམ་གཉིས་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་ལ་དངོས་སུ་ཕེབས་ཡོད། པཎ་གྲུབ་འདི་དག་ཚང་དགོས་པ་གལ་གནད་ཆེན་པོ་ཡིན་སྟབས། ནམ་རྒྱུན་རྒྱན་དྲུག་མཆོག་གཉིས་ཡོད་མུས་ཀྱི་སྟེང་དུ་པཎ་གྲུབ་ཞལ་གྲངས་དགུ་སྣོན་པ་བརྒྱབས་ནས་ངོས་ཀྱིས་པཎ་གྲུབ་བཅུ་བདུན་བཟོས་ནས་འདིར་སྐུ་ཐང་ཡོད་པ་རྣམས་ཡིན། ངོས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ཅེས་པ་ཞིག་ཀྱང་བྲིས་ཡོད། ཁྱེད་རང་ཚོས་མཐོང་མྱོང་ངམ། སྟོན་པ་བཅོམ་ལྡན་འདས་ཀྱི་མཐའ་སྐོར་དུ་ཉེ་བའི་སྲས་ཆེན་བརྒྱད་དང་། དེ་བཞིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད་ཡབ་སྲས་འདི་དག་གིས་བསྐོར་ནས་ཡོད་བསམ་པ་བྱེད་དགོས།
གཞན་ཡང་འོད་སྲུང་ཆེན་པོ་དང་། ཀུན་དགའ་བོ། ཤ་ནའི་གོས་ཅན། ཉེར་སྦས། དྷཱི་ཏི་ཀ ནག་པོ་པ། ལེགས་མཐོང་བཅས་སྟོན་པའི་གཏད་རབས་བདུན་པོ་རྣམས་ཀྱང་ཡོད་བསམ་པ་བྱེད་དགོས། དེ་ནས་བོད་གངས་ཅན་ལྗོངས་ཀྱི་སྔ་འགྱུར་རྙིང་མའི་རྗེ་འབངས་ཉེར་ལྔ་ལ་སོགས་པ་དེ་དག་ཀྱང་འདིར་ཡོད་བསམ་པ་བྱེད་དགོས་ལ། དེ་ནས་གསར་མའི་བཀའ་བརྒྱུད་ཀྱི་མར་མི་དྭགས་གསུམ་གྱིས་མཚོན་བཀའ་བརྒྱུད་ཀྱི་བླ་མ་གོང་མ་རྣམས་དང་། དེ་ལས་ཞིབ་ཚགས་སུ་བཏང་ན་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་བླ་བརྒྱུད་རྣམས་ཀྱང་ཡོད་བསམ་པ་བྱེད་དགོས། དེ་ནས་དཔལ་ས་སྐྱ་པའི་གསང་ཆེན་ཚོགས་བཤད་དང་། སློབ་བཤད་གཉིས་ལས་གཙོ་བོ་གསང་ཆེན་སློབ་བཤད་པ་བརྩི་དགོས་ཤིང་། སློབ་བཤད་ཀྱི་བླ་བརྒྱུད་རྣམས་ཀྱང་འདིར་ཡོད་བསམ་པ་བྱས། དེ་ནས་ཇོ་རྔོག་འབྲོམ་གསུམ་གྱིས་མཚོན་པའི་བཀའ་གདམས་པའི་བླ་བརྒྱུད་རྣམས་ཀྱང་ཡོད་བསམ་པ་བྱེད་དགོས། དེ་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་མཚོན་པའི་རི་བོ་དགེ་ལྡན་པའི་བླ་མ་གོང་མ་རྣམས་ཀྱང་ཡོད་བསམ་པ་བྱེད་དགོས།
དེ་ནས་ཇོ་ནང་གི་བླ་བརྒྱུད་རྣམས་ཀྱང་ཡོད་བསམ་པ་བྱས། དེ་ཡང་སྦྱོར་དྲུག་གི་ཉམས་ལེན་ནི་དེང་གི་སྐབས་སུ་དངོས་གནས་ཁུངས་གཏུགས་ས་ཇོ་ནང་ཆགས་ཡོད། དེར་བརྟེན་སྦྱོར་དྲུག་གི་ཉམས་བཞེས་ནི་ཇོ་ནང་གི་ཐུན་མོང་མ་ཡིན་པ་ཆགས་ཡོད། བསམ་གྱིས་མི་ཁྱབ་པ་ཞིག་རེད། ལྟ་བ་གཞན་སྟོང་དང་རང་སྟོང་གི་སྐོར་ལ་སྐད་ཆ་མང་པོ་ཡོད། འོན་ཀྱང་ངོས་ཀྱིས་བསམ་བློ་གཏོང་སྐབས། དཔལ་གསང་བ་འདུས་པའི་སྐབས་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེར་ཐམས་ཅད་སྟོང་པའི་འོད་གསལ་ཞེས་གསུང་གི་ཡོད་ཅིང་། དེ་ནི་སྟོང་པ་དང་པོ་དང་། སྟོང་པ་གཉིས་པ། སྟོང་པ་གསུམ་པ་འདི་དག་བཞོན་པའི་རླུང་དང་བཅས་པ་སྟོང་པའི་སྟོང་པ་བཞི་པ་ཞེས་གསུངས་པའི་སྟོང་པ་དེ་གཞན་སྟོང་ཡིན་ཞིང་། ཤེས་པ་རགས་པ་སྔ་མ་སྔ་མས་སྟོང་པའི་ཤེས་པ་ཕྱི་མ་ཕྱི་མ་ཇེ་ཕྲ་ནས་ཇེ་ཕྲར་ཕྱིན་པ་འདིར་དཔལ་གསང་བ་འདུས་པའི་སྐབས་ནས་གཞན་སྟོང་གསུང་གི་འདུག གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་དེ་ག་སྒྲུབ་པ་རང་དབང་བ་ཞེས་པ་ཞིག་ཡོད། གཞན་སྟོང་པ་ཁ་ཤས་ཀྱིས་སྟོང་པ་ཉིད་དེ་ངོ་བོ་ཉིད་ཀྱིས་སྟོང་པ་མིན་པར་གློ་བུར་བའི་ཆོས་ཀྱིས་སྟོང་པ་རེད་ཅེས་བརྗོད་ཀྱི་ཡོད། སྟོང་པ་དེ་ཉིད་ངོ་བོ་ཉིད་ཀྱིས་གྲུབ་ཡོད་ལ། དེ་སྒྲུབ་པ་རེད་ཅེས་པ་ནི། ངོས་ལྟར་ན་ཡུལ་ཅན་གྱི་འོད་གསལ་ཐོག་ཏུ་དགོངས་པ་བཞེས་ཀྱི་འདུག་སྙམ། ཡུལ་གྱི་འོད་གསལ་ནི་ཤེར་ཕྱིན་ནས་གསུངས་པ་བཞིན། སྟོང་པ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་ཉིད་བཅུ་དྲུག་དང་། རྒྱས་པར་བཤད་ན་སྟོང་ཉིད་བཅོ་བརྒྱད་དང་། སྟོང་ཉིད་ཉི་ཤུ་སོགས་གསུང་གི་ཡོད། འདི་དག་གི་ནང་དུ་སྟོང་པ་ཉིད་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད། མྱ་ངན་ལས་འདས་པའི་སྟོང་པ་ཉིད་སོགས་སྟོང་གཞི་ཆོས་ཅན་སྟོང་ཉིད་རང་ལ་བཞག་པའི་སྟོང་ཉིད་མང་པོ་ཞིག་ཡོད། དེར་བརྟེན་རང་སྟོང་ལས་འགྲོ་ས་གཞན་མེད། འོན་ཀྱང་དེ་ལ་གཞན་སྟོང་གི་ཐ་སྙད་བྱེད་པ་ནི་ཡུལ་ཅན་འོད་གསལ་ལ་བསམ་བློ་བཏང་འདུག དེ་ཡང་སྒྲུབ་པ་རང་དབང་བ་ཞེས་པ་དེར་བསམ་བློ་བཏང་རྒྱུ་འདུག ཡུལ་ཅན་གྱི་འོད་གསལ་དེ་དགག་སྒྲུབ་གཉིས་ཀྱི་ནང་ནས་སྒྲུབ་པ་དང་། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་ཤེས་པ་ཆགས་ཡོད། འདི་དཔལ་ས་སྐྱ་པའི་གསང་ཆེན་སློབ་བཤད་པའི་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གསུང་དང་། མཁྱེན་བརྩེའི་གསུང་གཉིས་ནང་གསུངས་ཡོད་ལ། དེ་ཡང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་གསུང་ནང་ཀུན་གཞི་རྒྱུད་བརྒྱུད་དེ་དོན་དམ་བདེན་པ་ཡིན་ཞེས་གསུངས་ཡོད། མཁྱེན་བརྩེ་དབང་པོའི་གསུང་ནང་དུ་ཀུན་གཞི་རྒྱུད་བརྒྱུད་དེ་བདེན་པ་གཉིས་ཀྱི་ནང་ནས་ཀུན་རྫོབ་བདེན་པ་དང་། གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་གྱི་ནང་ནས་ཤེས་པ་ཞེས་དབྱེ་བ་ཕྱེས་ནས་གསུངས་འདུག དེ་རིགས་སྔོན་གྱི་མཁས་པ་དེ་དག་གིས་རང་རང་གི་ཉམས་མྱོང་གི་ཐོག་ནས་ཚིག་གི་གསུང་སྟངས་ཅུང་ཟད་མི་འདྲ་བ་ཡོང་གི་འདུག
མདོར་ན་ངོས་ཀྱི་བསམ་པ་ལྟར་ན། དགག་སྒྲུབ་གཉིས་ཀྱི་ནང་ནས་ཤེས་པ་ཡིན་སྟབས་སྒྲུབ་པ་དང་། བདེན་པ་གཉིས་ཀྱི་ནང་ནས་ཀུན་རྫོབ་བདེན་པ་ཡིན་ཞིང་། དེ་ངོ་བོ་ཉིད་ཀྱིས་སྟོང་པ་རེད། དེ་འདྲའི་ཤེས་པ་ཕྲ་ཞིང་ཕྲ་བ་དེ་གློ་བུར་བའི་ཆོས་ཀྱིས་སྟོང་པའི་ཆ་ནས་གཞན་སྟོང་ཆགས་ཡོད། དེས་ན་དུས་ཀྱི་འཁོར་ལོའི་སྐབས་ནས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་སྟེ་སྟོང་གཟུགས་ཞེས་གསུངས་པ་ནི་གཞན་སྟོང་ཆགས་ཡོད་ཅིང་། རགས་པ་གློ་བུར་བའི་ཆོས་ཀྱིས་སྟོང་པ་རེད། གང་ལྟར་གཞན་སྟོང་གི་སྔོན་གྱི་བླ་མ་བརྒྱུད་པ་རྣམས་ཀྱང་འདིར་ཡོད་བསམ་པ་བྱེད་དགོས། དེ་ལྟར་སྐྱབས་ཡུལ་མ་ཚང་བ་མེད་པ་འདིར་ཡོད་བསམ་པ་བྱེད་དགོས། དེ་རྣམས་བློ་ཡུལ་དུ་ཤར་བཞིན་པའི་ཐོག་ནས་ཐོག་མར་ཡན་ལག་བདུན་གྱི་སྒོ་ནས་གསགས་སྦྱང་སྤེལ་གསུམ་བྱེད་པ་ཡིན། ཞེས་བཀའ་སྩལ།