ཀུན་མཁྱེན་རིན་པོ་ཆེ་དང་རྗེ་རིན་པོ་ཆེ

རྗེ་རིན་པོ་ཆེ་དང་ཇོ་ནང་ཀུན་མཁྱེན་གཉིས་ཀྱི་ལྟ་བའི་བཞེད་མཚམས་མི་འདྲ་བ་བཅོ་བརྒྱད།

གསུང་བ་པོ། ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ།
ཟིན་བྲིས་པ། ཐུབ་བསྟན་རིག་འཛིན།

དང་པོ། རྗེ་རིན་པོ་ཆེས། སྟོང་ཉིད་མེད་དགག་ཏུ་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། སྟོང་ཉིད་མ་ཡིན་དགག་ཏུ་བཞེད།

གཉིས་པ། རྗེ་རིན་པོ་ཆེས། གནས་ལུགས་མཐར་ཐུག་སྟོང་རྐྱང་དུ་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། གནས་ལུགས་མཐར་ཐུག་ཡེ་ཤེས་སུ་བཞེད།

གསུམ་པ། རྗེ་རིན་པོ་ཆེས། གཞི་གྲུབ་ཚད་ཀྱི་ཆོས་ཐམས་ཅད་རྟེན་འབྲེལ་དུ་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། དོན་དམ་ཆོས་ཀྱི་དབྱིངས་རྟེན་འབྲེལ་མིན་པར་བཞེད།

བཞི་པ། རྗེ་རིན་པོ་ཆེས། སེམས་ཅན་གྱི་ཆོས་ཉིད་དང་སངས་རྒྱས་ཀྱི་ཆོས་ཉིད་གཉིས་ལ་ཁྱེད་ཡོད་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། སེམས་ཅན་གྱི་ཆོས་ཉིད་དང་སངས་རྒྱས་ཀྱི་ཆོས་ཉིད་གཉིས་དོན་གཅིག་ཏུ་བཞེད། དེ་ཡང་གཉིས་ཀ་མཚན་དཔེ་གསལ་རྫོགས་ཀྱིས་བརྒྱན་པའི་སངས་རྒྱས་ཡིན་པར་བཞེད།

ལྔ་པ། རྗེ་རིན་པོ་ཆེས། ཆོས་ཀྱི་དབྱིངས་ལ་སངས་རྒྱས་མ་ཡིན་པ་ཡོད་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། ཆོས་ཀྱི་དབྱིངས་ལ་སངས་རྒྱས་ཀྱིས་ཁྱབ་པར་བཞེད། དེ་ཡང་ཆོས་ཀྱི་དབྱིངས་དང་ངོ་བོ་ཉིད་སྐུ་གཉིས་དོན་གཅིག་ཏུ་བཞེད།

དྲུག་པ། རྗེ་རིན་པོ་ཆེས། ཆོས་དབྱིངས་དེ་དགག་བྱ་བདེན་གྲུབ་ཀྱིས་སྟོང་ཙམ་གྱིས་བཞག་པའི་སྤྲོས་བྲལ་དུ་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། ཆོས་དབྱིངས་དེ་དགག་བྱ་ཆོས་བདག་གི་སྤྲོས་པ་དང་ཀུན་བརྟག་དང་གཞན་དབང་གི་སྤྲོས་པ་སྟེ་ཀུན་རྫོབ་ཀྱི་སྤྲོས་པ་མཐའ་དག་གི་སྟོང་བའི་གཞིའི་ཆོས་དབྱིངས་ཡིན་པས་སྤྲོས་བྲལ་དུ་བཞེད།

བདུན་པ། རྗེ་རིན་པོ་ཆེས། བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དགག་བྱའི་བདེན་པར་མ་གྲུབ་པས་བདེན་མེད་དང་རང་བཞིན་གྱིས་མ་གྲུབ་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། དོན་དམ་བདེན་པ་དགག་བྱའི་བདེན་པར་མ་གྲུབ་ཀྱང་སྣང་གནས་མཐུན་པའི་བདེན་པ་ཡིན་པས་བདེན་པར་གྲུབ་པར་བཞེད།

བརྒྱད་པ། རྗེ་རིན་པོ་ཆེས། ཀུན་རྫོབ་ཐམས་ཅད་འཁྲུལ་སྣང་མིན་པ་དང་སངས་རྒྱས་ཀྱིས་དངོས་སུ་རྟོགས་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། ཀུན་རྫོབ་ཐམས་ཅད་འཁྲུལ་སྣང་དང་སངས་རྒྱས་ཀྱིས་ཤུགས་ལ་རྟོགས་པར་བཞེད།

དགུ་པ། རྗེ་རིན་པོ་ཆེས། ཉན་རང་གི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་པར་རྟོགས་དགོས་པ་དང་བདེན་འཛིན་ཉོན་སྒྲིབ་ཏུ་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། ཉན་རང་གི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་པར་རྟོགས་མི་དགོས་པ་དང་བདེན་འཛིན་ཤེས་སྒྲིབ་ཏུ་བཞེད།

བཅུ་པ། རྗེ་རིན་པོ་ཆེས། མངོན་རྟོགས་དང་ལམ་བདེན་ལ་འདུས་བྱས་ཀྱིས་ཁྱབ་པ་དང་རྗེས་འབྲང་རྣམས་ཀྱི་གསུང་ཟིན་ལྟར་ན་ལམ་བདེན་ལ་འཕགས་ལམ་དགོས་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། ལམ་བདེན་ལ་འདུས་བྱས་ཀྱིས་ཁྱབ་པར་བཞེད་ནའང་ཆོས་ཀྱི་དབྱིངས་དེ་མངོན་རྟོགས་སུ་དང་ལམ་བདེན་ལ་སོ་སྐྱེའི་ལམ་ཡོད་པར་བཞེད།

བཅུ་གཅིག་པ། རྗེ་རིན་པོ་ཆེས། རྣམ་ཤེས་ཚོགས་དྲུག་ལས་ཀུན་གཞི་རྣམ་ཤེས་དང་ཉོན་ཡིད་མེད་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། རྣམ་ཤེས་ཚོགས་བརྒྱད་ཡོད་པར་བཞེད།

བཅུ་གཉིས་པ། རྗེ་རིན་པོ་ཆེས། ཕྱིའི་གཟུགས་སྒྲ་སོགས་དངོས་སྨྲ་བའི་འདོད་པ་ལྟར་རྡུལ་ཆ་མེད་བསག་པའི་ཕྱི་དོན་དང་བདེན་གྲུབ་ཀྱི་ཕྱི་དོན་དུ་མི་བཞེད་ཀྱང་ཕྱི་དོན་དུ་གྲུབ་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། གཟུགས་སོགས་ཕྱི་དོན་དུ་མ་གྲུབ་པར་བཞེད།

བཅུ་གསུམ་པ། རྗེ་རིན་པོ་ཆེས། རང་རིག་མེད་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། རང་རིག་ལ་བདེན་པ་གཉིས་ཀ་ཡོད་པ་དང་སངས་རྒྱས་ཀྱི་སར་རང་རིག་དང་གཞན་རིག་གཉིས་མི་འགལ་བར་བཞེད།

བཅུ་བཞི་པ། རྗེ་རིན་པོ་ཆེས། འཁོར་ལོ་ཐ་མ་དྲང་དོན་དང་བར་བ་ངེས་དོན་དུ་བཞེད་པ་དང་། མདོ་སྡེ་དགོངས་འགྲེལ་སོགས་སེམས་ཙམ་པའི་རང་གཞུང་དུ་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། འཁོར་ལོ་བར་བ་དྲང་དོན་དང་ཐ་མ་ངེས་དོན་དུ་བཞེད་པ་དང་། མདོ་སྡེ་དགོངས་འགྲེལ་སོགས་སེམས་ཙམ་པ་དང་དབུ་མ་གཉིས་ཀྱི་ཐུན་མོང་གི་གཞུང་དུ་བཞེད། དེ་ཡང་དངོས་བསྟན་གཙོ་བོ་རྣམས་ཀྱིས་གཞན་སྟོང་དང་ཕལ་བ་རྣམས་ཀྱིས་སེམས་ཙམ་སྟོན་པར་བཞེད།

བཅོ་ལྔ་པ། རྗེ་རིན་པོ་ཆེས། བདག་མེད་གཉིས་སྟོང་གཞིའི་སྒོ་ནས་ཁྱད་པར་འཇོག
ཇོ་ནང་ཀུན་མཁྱེན་གྱིས། བདག་མེད་གཉིས་དགག་བྱའི་སྒོ་ནས་ཁྱད་པར་འཇོག

བཅུ་དྲུག་པ། རྗེ་རིན་པོ་ཆེས། སློབ་དཔོན་ཀླུ་སྒྲུབ་དབུ་མའི་སློབ་དཔོན་དང་། འཕགས་པ་ཐོགས་མེད་སེམས་ཙམ་པའི་སློབ་དཔོན་དུ་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། ཀླུ་ཐོགས་དགོངས་པ་གཅིག་ཏུ་བཞེད། དེ་ཙམ་དུ་མ་ཟད་སློབ་དཔོན་དབྱིག་གཉེན་ཡང་དབུ་མ་པར་བཞེད། དེ་ཡང་སེམས་ཙམ་པའི་སློབ་དཔོན་ལ་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང་ཛྙཱ་ན་ཏ་ལ་སོགས་པ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་བྱུང་བར་བཞེད།

བཅུ་བདུན་པ། རྗེ་རིན་པོ་ཆེས། བསྟན་བཅོས་མངོན་རྟོགས་རྒྱན་གྱི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་གནས་ནའང་གནས་སྐབས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་དང་། རྒྱུད་བླ་མ་ཐལ་འགྱུར་བའི་རང་གཞུང་དང་། མདོ་རྒྱན་དང་འབྱེད་རྣམ་གཉིས་དང་ཚད་མ་རྣམ་འགྲེལ་སོགས་སེམས་ཙམ་པའི་བསྟན་བཅོས་སུ་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། བྱམས་ཆོས་སྡེ་ལྔ་དང་ཚད་མ་རྣམ་འགྲེལ་སོགས་ཐམས་ཅད་དབུ་མའི་རང་གཞུང་དུ་བཞེད། དེ་ཡང་བྱམས་ཆོས་སྡེ་ལྔ་གཞུང་གཅིག་ཡིན་པར་བཞེད།

བཅོ་བརྒྱད་པ། རྗེ་རིན་པོ་ཆེས། སངས་རྒྱས་སར་འགྲོ་བའི་ཤེས་པ་ཐམས་ཅད་ལ་རང་གི་ངོ་བོ་ལ་དྲི་མ་མ་ཞུགས་པས་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། ཆོས་ཉིད་ཁོ་ན་སེམས་ཀྱི་རང་བཞིན་འོད་གསལ་བ་ཡིན་པར་བཞེད།

དེའི་ཞར་ལ་གསུངས་པ་རྗེ་རིན་པོ་ཆེས། ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་མིན་པར་ཁ་ཆེ་མཆེ་བའི་སྡེས་མཛད་པར་བཞེད།
ཇོ་ནང་ཀུན་མཁྱེན་གྱིས། རྒྱ་གར་ཡུལ་དབུས་ཀྱི་དཔེ་གཉིས་དང་བོད་ཀྱི་དཔེ་རྙིང་བཞི་ལ་གཏུགས་ནས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱིས་བརྩམས་པར་བཞེད།

འདི་ལ་བརྟེན་ནས་བོད་གངས་ཅན་གྱི་རི་བོ་དགེ་ལྡན་པའི་བསྟན་པ་གསེར་བཙོ་མ་ལྟ་བུ་དེ་དང་གཞན་སྟོང་དབུ་མ་ཆེན་མོའི་ལྟ་གྲུབ་གཉིས་གཅིག་གྲོགས་གཅིག་དང་། གཅིག་གཅིག་གི་བསྟན་པ་དག་ཐེར་གྱི་ཡན་ལག་ཏུ་གྱུར་ནས་ཡང་བའི་རྒྱལ་ཁམས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག

ནང་དོན་ཡོང་ཁུངས། ཐུབ་པའི་རྗེས་རབས་བོད་ཡིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།