ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༩ ཉིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་གྱིས་ཉིན་བཞིའི་རིང་གི་མཛད་འཕྲིན་སྐྱོང་བཞིན་པའི་སྐབས་སུ། ཕྱི་ཚེས་ ༢༢ ཉིན་སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་དང་། སེར་སྨད་འོད་ཟེར་རིན་པོ་ཆེ་སོགས་བོད་རིགས་ཁག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་གནང་སྐབས། ཇོ་ནང་སྐོར་ལ་བཀའ་ཕེབས་དོན།
“ཡུལ་ཅན་འོད་གསལ་གྱི་སྒང་ནས་བཤད་པ་ཡིན་ན། གསང་བ་འདུས་པའི་ཆོས་སྐད་དེ་གཞན་སྟོང་ཆགས་བསྡད་འདུག ཤེས་སོང་ངམ། རང་བཞིན་བརྒྱད་ཅུའི་ཀུན་རྟོག་གིས་སྟོང་པའི་སྟོང་པ་དང་པོ། སྣང་བ་བཞོན་པའི་རླུང་དང་བཅས་པས་སྟོང་པ་དེ་སྟོང་པ་གཉིས་པ། དེ་ནས་མཆེད་པ། དེ་ནས་ཉེར་ཐོབ་བཅས། ཉེར་ཐོབ་བཞོན་པའི་རླུང་དང་བཅས་པའི་སྟོང་པ་དེ་ཐམས་ཅད་སྟོང་པ་འོད་གསལ། དེ་ནི་གཞན་སྟོང་ཆགས་བསྡད་ཡོད་རེད། ཤེས་སོང་ངམ། ཡུལ་ཅན་གྱི་འོད་གསལ་སྒང་ནས་གསུངས་ཡོང་དུས་འདི་གཞན་སྟོང་རེད་འདུག དེར་བརྟེན་ངས་གཞན་སྟོང་འདི་འདྲ་ལ་དགོངས་པ་བཞེས་ཀྱི་མེད་འགྲོ་བསམ་གྱི་འདུག ཆོས་ཉིད་དོན་དམ་བདེན་པ་སྒྲུབ་པ་རང་དབང་བ་ཡིན་ཟེར་བ་དེ་འདི་འདྲའི་གཞན་སྟོང་ཡུལ་ཅན་འོད་གསལ་ལ་བསམ་བློ་གཏང་བ་ཡིན་ན། འདི་སྒྲུབ་པ་ཆགས་ཀྱི་ཡོད་རེད། རང་དབང་བ་ཟེར་བ་འདི་གློ་བུར་གྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བ་མ་རེད། ཁོ་རང་གི་ངང་ནས་ཡོང་བསྡད་པ་ཆགས་གི་ཡོད་པ་རེད། དེར་བརྟེན་གཞན་སྟོང་སྒྲུབ་པ་རང་དབང་བ་ཟེར་བ་ཞིག་བཤད་ཆོག་པའི་བཟོ་ཞིག་འདུག ངས་འདི་ལྟར་བསམ་བློ་གཏོང་གི་ཡོད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། “ངེས་དོན་ལུང་རིགས་ལ་མཁས་ཤིང༌། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །” ཅེས་པ་འདི་འདྲ་ལ་བསམ་དགོས་པ་འདྲ། ཕྱག་རྒྱ་ཆེན་པོར་ཆ་བཞག་ན་སྔགས་ཀྱི་ཉམས་ལེན་རེད། རྫོགས་པ་ཆེན་པོར་ཆ་བཞག་ན་དེ་བས་ཀྱང་སྔགས་ཀྱི་ཉམས་ལེན་རེད། ས་སྐྱ་པའི་གསལ་སྟོང་ཟུང་འཇུག་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་སོགས་སྔགས་དང་འབྲེལ་བསྡད་ཡོད་རེད། དགེ་ལུགས་པའི་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་ལབ་པ་ཡིན་ན་གཅིག་པ་ཆགས་ཀྱི་ཡོད་རེད། དགག་བྱ་བཀག་ཙམ་གྱི་སྟོང་སང་གཅིག་པོའི་ཐོག་ནས་ཕྱིན་པ་ཡིན་ན་ཅུང་ཙམ་མི་འདྲ་བ་ཆགས་པ་རེད། ཕྱག་ཆེན་དང་རྫོགས་ཆེན་དེ་ཚོའི་གྲས་དེ་མང་ཆེ་བ་ཡུལ་ཅན་འོད་གསལ་གྱི་སྐད་ཆ་རེད། ཤེས་སོང་ངམ། ང་ཚོས་ད་ལྟ་མདོ་སྔགས་ཐུན་མོང་གི་དབུ་མའི་ལྟ་བ་བཤད་ཡོང་དུས་ཡུལ་གྱི་འོད་གསལ་བཤད་ཡོང་གི་ཡོད་པ་རེད། གོ་སོང་ངམ། བྱས་ཙང་འདི་ཞོར་འཕྲོས་ཙམ་ཡིན།
ཇོ་ནང་བར་ཆ་བཞག་ན་ཧ་ཅང་ཡག་པོ་ཡོད། དེ་སྔ་སྐབས་རེར་ང་ཚོའི་གཞུང་ནང་ལ་གཞན་སྟོང་པ་དགག་པའི་བཟོ་འདྲ་བོ་དེ་འདྲ་ཡོད་རེད། ལེགས་བཤད་སྙིང་པོའི་ནང་ལ་སྐབས་རེར་ཡོད་རེད། དེ་ཚོའི་གྲས་དེ་ཡང་སོ་སོའི་བསམ་བློའི་ནང་ལ་དེ་འདྲ་རེ་ཡོད་པ་ཡིན་དུས་ཧ་ཅང་མི་འདྲ་བ་ཞིག་ཡོད་བསམས་ནས་བསམ་བློ་བཏང་ན་ཡག་པོ་ཞིག་མཐོང་གི་མི་འདུག ངས་འདི་འདྲ་དྲན་གྱི་ཡོད། ཤེས་སོང་ངམ། དགོངས་པ་ཞིག་ལོངས་དང་།
དེ་ནས་རྫོགས་ཆེན་གྱི་ཆོས་ཉིད་མཛོད་ལ་ཆ་བཞག་ན་ངས་ད་ལྟ་རྫོགས་ཆེན་གྱི་འཁྲིད་ཞུས་ནས་ཆོས་ཉིད་མཛོད་ཉིན་མ་རེ་ལ་ཤོག་བུ་རེ་རེ་ཆགས་མེད་ཅིག་འདོན་གྱི་ཡོད་རེད། འཁྲུལ་ཞིག་རིན་པོ་ཆེའི་སྐུ་མདུན་ནས་ཀློང་ཆེན་མཛོད་བདུན་གྱི་བཤད་ལུང་ངས་ཞུས་པ་རེད་། དེར་བརྟེན་ཆོས་ཉིད་མཛོད་ཉིན་མ་རེ་རེ་ལ་ཤོག་ལྷེ་རེ་རེ་ཆག་མེད་འདོན་གྱི་ཡོད། དངོས་ཀྱི་ཚིག་ལ་བལྟས་པ་ཡིན་ན་འགལ་འདུ་མང་པོ་ཞིག་ཡོད་པ་རེད། ལྟ་བ་ལྟ་བར་མེད་པ། སྒོམ་པ་སྒོམ་པར་མེད་པ། སྤྱོད་པའི་དཔྱད་དུ་མེད་པ། འབྲས་བུ་ཐོབ་ཏུ་མེད་པ། ཞེས་བྱས་ནས་ད་ལྟ་ང་རང་ཚོ་ཡེ་སངས་རྒྱས་པ་རེད་ཅེས་གསུངས་ན་རྫོགས་ཆེན་སྒོམ་དགོས་ཀྱི་མི་འདུག ཆོས་བྱེད་དགོས་ཀྱི་མི་འདུག འདི་ཚོའི་གྲས་འདི་གཙོ་བོ་ལྷན་ཅིག་སྐྱེས་པའི་གཉུག་མའི་འོད་གསལ་སྒང་ལ་གསུངས་ཡོང་ན་འོད་གསལ་དེའི་ནང་འཁོར་བ་དང་མྱང་འདས་ཀྱི་སྐད་ཆ་བཤད་རྒྱུ་ཡོད་མ་རེད། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་ངོས་ནས་བཤད་པ་ཡིན་ན། ཡུལ་གྱི་ལྟ་བའི་ངོས་ནས་འཁོར་འདས་དབྱེར་མེད་བཤད་པ་ནང་བཞིན། ང་ཚོས་སྲིད་ཞི་མཉམ་ཉིད་ཅེས་ཕར་ཕྱིན་ནང་ལ་བཤད་རྒྱུ་ཡོད་པ་ནང་བཞིན་འཁོར་འདས་དབྱེར་མེད་ཅེས་ས་སྐྱའི་གསུང་ནང་ལ་དེ་ཡོད་རེད། གཙོ་བོ་གཙོ་བོ་ཡུལ་ཅན་འོད་གསལ་སྒང་ལ་བསམ་བློ་གཏོང་གི་འདུག དེ་འདྲ་ཡིན་དུས་ཁྱེད་རང་ཚོས་འདི་ཚོའི་གྲས་དེ་ཤེས་པར་བྱས་སྙམ།
ང་རང་ཚོའི་ཆོས་བརྒྱུད་བཀའ་བརྒྱུད་རྙིང་མ་དགེ་ལུགས་ས་སྐྱ་ཇོ་ནང་ཞེས་ཏོག་ཙམ་ཏོག་ཙམ་སེམས་ཐག་རིང་པོ་བྱས་ནས་བསྡད་པ་ཡིན་ན་དགོས་པ་གང་ཡང་མེད། ངོས་རང་ལ་ཆ་བཞག་ན་ད་ལྟ་ཆོས་འབྲེལ་མི་འདྲ་བའི་བླ་མ་ཉི་ཤུ་རྩ་གསུམ་ཡོད། དེའི་ནང་ས་སྐྱ་བླ་མ་མང་པོ་ཡོད། རྙིང་མའི་བླ་མ་ཡོད། བཀའ་བརྒྱུད་བླ་མ་དམིགས་བསལ་རང་བྱུང་མི་འདུག གང་ལྟར་ཀ་ལུ་རིན་པོ་ཆེ་ཡོད་དུས་ནས་གྲྭ་ཚང་གི་སྐུ་ཞབས་ཚོ་མངགས་ནས་མགོན་པོའི་རྗེས་གནང་ཞུར་བཅུག་པ་ཡིན། གང་ཡིན་ཟེར་ན་རིན་པོ་ཆེ་མགོན་པོའི་རྣལ་འབྱོར་བ་ཆགས་བསྡད་ཡོད་རེད། དེ་ནས་རིན་པོ་ཆེ་མགྱོགས་པོར་དགོངས་པ་རྫོགས་པ་རེད། ད་དུས་ངས་གྲུབ་མཐའ་གཙང་མ་ཟེར་བ་དེ་བྱས་བསྡད་ཡོད་རེད། དགེ་ལུགས་རྐྱང་རྐྱང་མ་གཏོགས་རྙིང་མ་བཀའ་བརྒྱུད་སོགས་མི་བྱེད་པ་ཞིག གང་ཡིན་ཟེར་ན་དེ་དུས་ངོས་རང་རྒྱལ་པོ་ཤུགས་ལྡན་བསྟེན་གྱི་ཡོད་པ་རེད། (བཞད་མོ་བཞད།) ངས་བཀའ་བརྒྱུད་དང་རྙིང་མའི་ཆོས་ཞུས་པ་ཡིན་ན་དགེ་ལྡན་བསྟན་ལ་བསྲེས་ལྷད་ཆགས་ཀྱི་ཡོད་པ་རེད། དེ་དུས་ངོས་རང་དེ་ཚོའི་གྲས་ཞུ་བར་ཏོག་ཙམ་བདེ་བོ་ཡོད་མ་རེད། དེ་ནས་ངས་ཤུགས་ལྡན་བསྟེན་མཚམས་བཞག་ཚར་བའི་རྗེས་སུ་ངོས་རང་ལ་ཆོས་དད་རང་དབང་ཐོབ་པ་རེད། དེ་ནས་རྫོགས་ཆེན་དང་ཕྱག་ཆེན་སོགས་ཚང་མ་ཞུས་པ་རེད། དེར་བརྟེན་ངོས་རང་ཆོས་ཉིད་མཛོད་ཤོག་ལྷེ་རེ་ཀློག་གི་ཡོད་རེད། ཚིག་གི་སྒང་ལ་ཧོབ་དེ་བལྟས་པ་ཡིན་ན་འགལ་འདུ་ཡོད། གཞུང་གི་དགོངས་པ་དེ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལ་སྦྱར་ནས་གསུང་གི་ཡོད་པ་ལྟ་བུ་དང་། སྐབས་རེར་ཡུལ་གྱི་འོད་གསལ་སྒང་ལ་གསུང་གི་ཡོད་པ་ལྟ་བུ། འདི་དག་ཡག་པོ་བྱས་ནས་སྦྲེལ་ཏེ་བལྟས་པ་ཡིན་ན་འགྲིགས་ཡོད་པ་རེད། དེར་བརྟེན་པཎ་ཆེན་བློ་བཟང་ཆོས་རྒྱན་མཆོག་གིས། ངེས་དོན་ལུང་རིགས་ལ་མཁས་ཤིང༌། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་གསུངས་འདུག དེར་བརྟེན་ང་རང་ཚོ་རིས་མེད་བྱས་ནས་དཔེ་ཆ་འདྲ་མི་འདྲ་མང་པོར་བལྟས། དེ་ཚོའི་དགོངས་པ་བཞེས་ཕྱོགས་གང་འདྲ་གང་འདྲ་རེད་འདུག་དཔྱད་བསྡུར་བྱས་ན། དགོངས་པ་གཅིག་ཏུ་གྲུབ་པ་དེ། ག་ལེར་ག་ལེར་ཤེས་འགྲོ་རྒྱུ་རེད། ཚང་མས་དད་པ་དག་སྣང་བྱས་ན་ཡག་པོ་འདུག” ཅེས་སོགས་ཀྱི་བཀའ་སློབ་སྩལ།