རིགས་བརྒྱའི་ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་།།
ངོ་བོ་དབྱེར་མེད་མཐུ་སྟོབས་གསང་བའི་བདག།
སྒྱུ་འཕྲུལ་རོལ་གར་དགེ་སློང་ཚུལ་འཆང་བ།།
མཆོག་སྤྲུལ་འཇིགས་མེད་རྡོ་རྗེར་གསོལ་བ་འདེབས།།
རྒྱལ་བའི་མདུན་ན་ཐོས་མཆོག་ཀུན་དགའ་བོ།།
ཟླ་བཟང་པཎྜི་པོ་དྷི་ལོ་ཆེན་སོགས།།
བློ་གྲོས་རྣམ་རྒྱལ་སྐྱེ་འཕྲེང་རིམ་བྱོན་དང་།།
དབྱེར་མེད་འཇིགས་མེད་རྡོ་རྗེར་ཞབས་བརྟན་གསོལ།།
ཀུན་རྫོབ་སྤྲོས་པའི་སྣང་བ་ངོ་བོས་སྟོང་།།
དོན་དམ་གཞི་དབྱིངས་རྣམ་པ་ཐམས་ཅད་པ།།
ཚེ་ལྷ་རྣམ་གསུམ་ཐུགས་རྗེའི་ནུས་མཐུ་ཡིས།།
སྐྱབས་མགོན་འཇིགས་མེད་རྡོ་རྗེར་ཞབས་བརྟན་གསོལ།།
ཞེས་ངེས་དོན་ཆོས་ཀྱི་རང་མདངས་ཞེས་བྱ་བ་འདི་ཉིད་རྩོམ་སྒྲིག་ཚན་ཆུང་གིས་ཇོ་ནང་སྐྱབས་མགོན་ཆེན་པོ་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་མཆོག་གི་ཞབས་བརྟན་སྨོན་ཚིག་ཞིག་འབྲི་དགོས་ཞེས་སྐུར་ངོར་རྒྱ་གར་འཕགས་ཡུལ་ཇོ་ནང་མ་དགོན་གྱི་ཕྲན་མཁན་སྤྲུལ་སྐྱབས་རྗེ་་ཀུན་དགའ་ཆོས་འཕེལ་གྱིས་གུས་ཕྱག་གྲངས་མེད་དང་བཅས་བྲིས་པའོ།། དགེའོ། བཀྲ་ཤིས།།