དུས་འཁོར་རྩ་བརྒྱུད་གསུམ་པའི་དུས་ཆེན

༄༅།།དུས་འཁོར་རྒྱུད་གསུངས་པའི་དུས་གང་ཡིན་ལེགས་པར་བཤད་པ།

དེ་ལ་འདིར་རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་གསུངས་བའི་དུས་ལ་གྲགས་ཆེ་བ་ལྟར་ན་མི་མཐུན་པ་གསུམ་ཡོད་པ་ཡིན་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་རྒྱ་གར་དུ་མྱ་ངན་ལས་འདའ་བའི་ཚུལ་མཛད་དེ། ཤམ་བྷ་ལར་དུས་འཁོར་གསུངས་པར་བཞེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དགུང་གྲངས་བརྒྱད་ཅུ་པ་མྱ་ངན་ལས་འདས་པའི་ལོ་དེའི་ནག་པའི་ཉ་ལ་གསུངས་པར་བཞེད་པ་དང་། ཐུབ་དབང་སངས་རྒྱས་པའི་ཕྱི་ལོའི་ནག་པའི་ཉ་ལ་དུས་འཁོར་གྱི་རྒྱུད་གསུངས་པར་བཞེད་པ་སྟེ་གསུམ་མོ།། གཞན་ཡང་སྟག་ཚང་ལོ་ཙཱ་བའི་དུས་འཁོར་སྤྱི་དོན་ལས་སངས་རྒྱས་དགུང་གྲངས་དོན་བརྒྱད་ལ་གསུངས་པར་བཞེད་ལྟ་བུའང་ཅི་རིགས་པར་ཡོད་མོད་གྲགས་ཆེ་བ་དང་ཁུངས་ཐུབ་པ་མིན་པར་སེམས། དེས་ན་སྔར་བཀོད་པའི་འདོད་པ་གསུམ་ལས་དང་པོ་ནི། དུས་ཞབས་པའི་དུས་འཁོར་གྱི་དཀའ་འགྲེལ་པདྨ་ཅན་ལས། བཅོམ་ལྡན་འདས་འཕགས་པའི་ཡུལ་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ཤམ་བྷ་ལའི་ཡུལ་དུ་རྩ་བའི་རྒྱུད་གསུངས་སོ།། ཞེས་དུས་འཁོར་ཤམ་བྷ་ལའི་ཡུལ་དུ་སངས་རྒྱས་སྐུ་མྱ་ངན་ལས་འདས་རྗེས་སུ་གསུངས་པར་བཤད་དོ།། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་དུས་འཁོར་སྦྱོར་དྲུག་གི་རྒྱུད་རིམ་ལས་ཀྱང་། སློབ་དཔོན་དུས་ཞབས་པ་ཆེན་པོའི་བཞེད་པ་འགྲེལ་ཆུང་པདྨོ་ཅན་ལས་གསུངས་པའི་ཚུལ། ཞེས་སོགས་ལུགས་དེ་རྒྱས་པར་བཤད་དེ་རྩལ་དུ་བཏོན་ནས་གསུངས་པ་སོགས། སྔ་ཕྱིའི་མཁས་པ་ཕལ་ཆེར་གྱིས་དུས་འཁོར་གྱི་རྒྱུད་སྤྱན་འདྲེན་པོ་དུས་འཁོར་འཁོར་བ་འཇམ་པའི་རྡོ་རྗེའམ་གྲུབ་ཆེན་དུས་ཞབས་པ་ཆེན་པོའི་འདོད་ཚུལ་ལྟ་བུར་བཤད་མོད། འགྲེལ་བ་པདྨོ་ཅན་འདིའི་མཛད་པ་པོ་དུས་ཞབས་པ་ཞེས་པ་དུས་ཞབས་པ་འཇམ་པའི་རྡོ་རྗེ་མ་ཡིན་ཏེ། རྗེ་བཙུན་གཟིགས་པ་ཆེན་པོ་ཏཱ་ར་ནཱ་ཐའི་བསྐྱེད་རིམ་དངོས་གྲུབ་ཉེར་མཚོ་ལས། དུས་ཞབས་པས་མཛད་ཟེར་བ་ཀུན་ཡང་རྒྱུད་སྤྱན་འདྲེན་པ་པོ་གྲུབ་ཐོབ་དུས་འཁོར་བ་འཇམ་པའི་རྡོ་རྗེ་དང་། ཙི་ལུ་བར་གྲགས་པ་གྲུབ་ཐོབ་དྷརྨཱ་ནནྡ་དང་། པི་ཧཱ་ཊྭ་ཙརྱ་བསོད་སྙོམས་པ་འོད་བྱེད་སྦས་པ་རྣམས་ཀྱིས་མཛད་པ་ནི་མ་ཡིན་ལ། གལ་ཏེ་དེ་རྣམས་ཀྱིས་མཛད་ན་རྒྱུད་སྤྱན་འདྲེན་པ་པོ་ཉིད་ཀྱི་ཕྱིར་ཁུངས་ཚད་མར་བྱེད་དགོས་ཀྱང་། དེ་རྣམས་ཀྱིས་མཛད་པའི་རྡོ་རྗེའི་གླུ་རེ་རེ་ཙམ་མ་གཏོགས་བསྟན་བཅོས་གཞན་ནི་མེད་པར་གྲགས་ཤིང་དོན་ལ་ཡང་གནས་སོ།། ཡང་རྒྱུད་སྡེ་གཞན་གྱི་བཤད་སྒྲུབ་ཆེར་མི་མཛད་པར་དུས་འཁོར་ཁོ་ནའི་བཤད་སྒྲུབ་རྩལ་དུ་འདོན་པའི་སློབ་དཔོན་སུ་བྱུང་ཡང་སློབ་དཔོན་དུས་འཁོར་བ་ཞེས་ཟེར་ལ། དེ་ལ་ཞེས་སྦྱར་བས་སློབ་དཔོན་དུས་འཁོར་ཞབས་ཞེས་འབྱུང་བའི་ཕྱིར། དུས་ཞབས་པ་ཞེས་པ་འདི་ལ་སྣ་ཚོགས་ཡོད་ཅིང་། ཙི་ལུ་བ་དང་། བསོད་སྙོམས་པས་མཛད་ཟེར་བའི་གཞུང་ཕྲན་འདི་ཀུན་ཡང་མཚན་གྱིས་བྱིན་གྱིས་བརླབས་པ་ཁོ་ནའོ།། ཞེས་གསུངས་པ་ལྟར་རོ།། ཆོས་འབྱུང་འགའ་རེར་དཀའ་འགྲེལ་པདྨ་ཅན་འདི་གྲུབ་ཆེན་དུས་ཞབས་པ་གཉིས་པས་མཛད་པར་བྲིས་པའང་སྣང་། བཞེད་པ་འདི་ལྟར་སངས་རྒྱས་མྱ་ངན་ལས་འདས་རྗེས་ཤམ་བྷ་ལར་གསུངས་པ་ཡིན་ན། དྲི་མེད་འོད་དུ། ཟས་གཙང་གི་སྲས་ཡུམ་སྒྱུ་འཕྲུལ་མའི་ལྷུམས་ནས་བལྟམས་པའི་ཤཱ་ཀྱ་ཐུབ་པ་རྒྱུད་སྟོན་པ་པོ་དང་། མངལ་སྐྱེས་ཀྱི་ཆོས་རྒྱལ་ཟླ་བཟང་རྒྱུད་ཞུ་བ་པོར་མི་རུང་བའི་རྩོད་ལན་བཤད་པ་ཐམས་ཅད་འབྲེལ་མེད་དུ་འགྱུར་བ་དང་། རྩ་བའི་རྒྱུད་རང་ལས་ཀྱང་། དེ་ནས་ཤམ་བྷ་ལར་གྲགས་ནས།། ཕྱག་ན་རྡོ་རྗེའི་སྤྲུལ་བ་ནི།། མི་བདག་ཟླ་བཟང་རྫུ་འཕྲུལ་གྱིས།། རང་ཉིད་དཔལ་ལྡན་ཆོས་དབྱིངས་བྱོན།། དང་པོར་གཡས་སུ་བསྐོར་བཅས་ནས།། སྟོན་པའི་ཞབས་ཀྱི་ཆུ་སྐྱེས་གཉིས།། རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད།། ཡང་དང་ཡང་དུ་ཕྱག་འཚལ་ཏེ།། ཐལ་མོ་སྦྱར་བར་བྱས་གྱུར་ནས།། རྫོགས་སངས་རྒྱས་ཀྱི་སྤྱན་སྔར་འདུག། ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་དང་།། སྟོན་པ་སྡུད་པར་བྱེད་པ་པོ།། ཞེས་དང་། སྟོན་པའི་བྱ་རྒོད་ཕུང་པོ་རུ།། ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།། ཆོས་སྟོན་དཔལ་ལྡན་འབྲས་སྤུངས་སུ།། དེ་བཞིན་གསང་སྔགས་ཚུལ་རབ་གསུངས།། ཞེས་སོགས་དང་དངོས་སུ་འགལ་བས་མི་འཐད་པར་ཇོ་ནང་ཕྱོགས་རྒྱལ་བ་ཆེན་པོའི་དུས་ཀྱི་འཁོར་ལོའི་བཤད་པ་ལ་འཇུག་པ་ངོ་མཚར་རྟོགས་བརྗོད་དང་མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་དུ་བཤད་པ་ལྟར་རོ།།

གཉིས་པ། སངས་རྒྱས་དགུང་གྲངས་བརྒྱད་ཅུ་པའམ་གྱ་གཅིག་པ་མྱ་ངན་ལས་འདའ་བའི་ལོ་དེའི་ནག་པའི་ཉ་ལ་གསུངས་པར། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་དུས་འཁོར་ཆོས་འབྱུང་ལེགས་བཤད་སྒྲོན་མེ་དང་། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱི་དུས་འཁོར་བརྒྱུད་པ་རིན་པོ་ཆེ་དཔག་བསམ་སྙེ་མ་དང་། ཀརྨ་མི་བསྐྱོད་རྡོ་རྗེའི་དུས་བཞི་གསལ་བྱེད་ཀྱི་འགྲེལ་བ་སོགས་ལས་བཤད་དོ།། འདི་དག་གི་བཞེད་པའི་ཁུངས་རྣམས་ནི་སངས་རྒྱས་པའི་ཕྱི་ལོར་གསུངས་པར་འདོད་པའི་ལུགས་ཀྱི་རྩོད་སྤོང་དང་སྦྲག་ཏེ་བསྟན་པར་བྱ།

གསུམ་པ། བཅོམ་ལྡན་འདས་སངས་རྒྱས་པའི་ཕྱི་ལོའི་ནག་པ་ཟླ་བའི་ཉ་ལ་བྱ་རྒོད་ཕུང་རིར་ཤེར་མདོ་གསུངས་པ་དང་མཉམ་དུ། རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲིའི་གླིང་དུ་སྔོན་གྱི་སངས་རྒྱས་འོད་སྲུང་དང་གསེར་ཐུབ་གང་རུང་ཞིག་གི་དུས་སུ་སྟེ། ལ་ལར་གསེར་ཐུབ་ཀྱི་དུས་སུ་དང་འགར་རེར་འོད་སྲུང་གི་དུས་སུ་ཞེས་བྱུང་། དུས་དེར་ཡུལ་དེའི་འགྲོ་བ་ལ་མུ་གེ་ཤིན་ཏུ་བྱུང་བ་ན་དགེ་སློང་ཞིག་གིས་འབྲས་སོ་བའི་ཆར་ཕབས་པ་ལས། ལྷ་ཀླུ་མི་མ་ཡིན་མང་པོས་བཞེངས་བའི་དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་ཆེན་པོ་ཕྱེད་མཚོ་ནང་དུ་ནུབ་ཅིང་ཕྱེད་སྟེང་དུ་འཕགས་པ། མཆོད་རྟེན་དེའི་ནང་གི་སྟེང་འོག་ཏུ་དཔག་ཚད་དྲུག་དང་རྒྱང་གྲགས་གཅིག་ཡོད་པའི་བུམ་པའི་ཕྱི་རོལ་ན། ཤར་དུ་ཁྱབ་འཇུག་དང་། ལྷོར་སྨིན་དྲུག་གི་བུ། ནུབ་ཏུ་ཚངས་པ། བྱང་དུ་དབང་ཕྱུག་བཅས་ཀྱིས་བཙུགས་པའི་ཕྱོགས་རེར་ཀ་བ་བདུན་བདུན་ཡོད་པ་རྒྱུ་སྐར་གྱི་དཀྱིལ་འཁོར་མཚོན་པ་དེར། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྟེ་དེ་ཉིད་རྣམ་པ་བཅུ་དྲུག་གི་དཀྱིལ་འཁོར་རྩ་རྒྱུད་ནས་གསུངས་པའི་ལྷ་སྟོང་དང་དྲུག་བརྒྱ་ཉི་ཤུ་ཅན་དང་། འོག་ཏུ་ཆོས་དབྱིངས་གསུང་གི་དཀྱིལ་འཁོར་སྟེ་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་དཀྱིལ་འཁོར་བསྡུས་རྒྱུད་ལས་གསུངས་པའི་ལྷ་བདུན་བརྒྱ་ཉེར་གཉིས་པའི་ཞལ་ཕྱེས་ཏེ། སྟོན་པ་རང་ཉིད་བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་སེང་གེའི་ཁྲི་ལ་དུས་ཀྱི་འཁོར་ལོའི་རྣམ་པར་སྤྲུལ་བ་སྟེ། དོན་ལ་ནི་དཀྱིལ་འཁོར་གྱི་བཀོད་པ་ཡོངས་རྫོགས་བཅོམ་ལྡན་འདས་ཤཱཀྱ་ཐུབ་ཉིད་དེར་བཞེངས་པ་ཡིན་ནོ།། དུས་དེར་ཤམ་བྷ་ལ་ནས་གསང་བདག་གིས་སྤྲུལ་བའི་རྒྱལ་པོ་ཟླ་བ་བཟང་པོ་དང་། ཤམ་བྷ་ལ་གྲོང་ཁྱེར་བྱེ་ཕྲག་དགུ་བཅུ་རྩ་དྲུག་ཡོད་པ་དེར་སྐད་རིགས་མི་འདྲ་བའི་ཡུལ་སོ་སོ་བ་དགུ་བཅུ་རྩ་དྲུག་གི་སྤྲུལ་བའི་རྒྱལ་པོ་འཁོར་ཚོགས་མཐའ་ཡས་པ་དང་བཅས་ཏེ་རྫུ་འཕྲུལ་གྱིས་གནས་དེར་ལྷགས་ནས་ཆོས་དབྱིངས་བདེ་བ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་ལ་ལན་མང་དུ་བསྐོར་ནས། རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱུད་གསུང་པར་སྐུལ་བའམ་གསོལ་བའོ།། བཅོམ་ལྡན་འདས་ཀྱིས་ཀྱང་གནས་དེར་ལྷགས་པའི་འགྲོ་བ་རྣམས་དུས་ལ་བབ་པ་ཡང་དག་པར་གཟིགས་ནས། རྩ་བའི་རྒྱུད་སྟོང་ཕྲག་བཙུ་གཉིས་པའི་དུས་ཀྱི་འཁོར་ལོའི་རྒྱུད་རྣམས་གསུངས་ཏེ། དེ་ཡང་ཡེ་ཤེས་ལེའུ་ལས། ཤེས་རབ་རྒྱུད་ནི་ཤར་ནས་སླར་ཡང་རྣལ་འབྱོར་རྗེས་སུ་རིགས་པ་ཉིད་ནི་ནུབ་ཀྱི་ཞལ་ལས་སོ།། གཡས་ཀྱི་ཞལ་ལས་རྒྱལ་བའི་བདག་པོས་རྣལ་འབྱོར་རྒྱུད་གསུངས་གཡོན་གྱི་ཞལ་ནས་བྱ་བ་ལ་སོགས་སོ།། ཞེས་ཏེ། སོགས་ཁུངས་སུ་སྤྱོད་རྟོག་པའི་རྒྱུད་བསྡུས་པར་གསུངས་སོ།། ལུང་དེའི་དོན་ནི། བྱ་སྤྱོད་ཀྱི་རྒྱུད་གཉིས་ཀ་ལུས་ཀྱི་གཙང་སྦྲ་སོགས་སྤྱོད་པ་གཙོ་བོར་བསྟན་པས་གཡོན་ཞལ་སྐུ་རྡོ་རྗེ་དཀར་པོའི་མདོག་ལས་གསུངས་པ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་ནི་འདོད་ཆགས་ཀྱི་བདེ་བ་ཅུང་ཟད་རྒྱས་པའི་ཕྱིར་གཡས་ཞལ་དམར་པོས་ཀྱང་མཚོན་ལ། སྔགས་ཀྱི་ཡིག་འབྲུའི་དངོས་གྲུབ་ཉིད་མཐར་ཐུག་ཏུ་སྟོན་པའི་ཕྱིར་གཡས་ཞལ་གསུང་རྡོ་རྗེ་ལས་གསུངས་པ་དང་། རྣལ་འབྱོར་རྗེས་སུ་རིག་པ་ཞེས་པ་ནི་མཚོན་པ་ཙམ་སྟེ་འདུས་པའི་རྒྱུད་ལ་སོགས་སྟོང་གཟུགས་ལྷ་སྐུ་རྣམ་པ་ཐམས་ཅད་པ་སྦས་པའི་ཚུལ་དུ་སྐྱེད་རིམ་བྱ་བ་དང་བཅས་པ་གཙོ་བོར་བསྟན་པའི་བླ་མེད་ཕ་རྒྱུད་རྣམས་རྒྱབ་ཞལ་ཡེ་ཤེས་རྡོ་རྗེ་གསེར་གྱི་མདོག་ལས་གསུངས་པ་དང་། བདེ་མཆོག་དགྱེས་རྡོར་སོགས་རྣལ་འབྱོར་བླ་མེད་མ་རྒྱུད་རྣམས་ཞུ་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་སྤྲོས་པའི་སྣང་བ་དང་བྲལ་བ་ཉིད་གཙོ་བོར་བསྟན་པས་མདུན་ཞལ་ཐུགས་རྡོ་རྗེ་སྐུ་མདོག་ནག་པོ་ལས་གསུངས་པ་ཡིན་ནོ།། དཔལ་ལྡན་དུས་ཀྱི་འཁོར་ལོ་ནི་ཞལ་གང་གི་ཕྱོགས་སུའང་མ་ལྷུང་བར་སྤྱི་བོ་ནས་གསུངས་པ་ལྟར་རྗེ་འཙུན་ཏཱ་ར་ནཱ་ཐའི་བསྐྱེད་རིམ་དངོས་གྲུབ་ཉེར་མཚོར་གསུངས་ལ། ཆོས་འབྱུང་ཟླ་བའི་སྒྲོན་མེ་སོགས་མང་པོར་དུས་འཁོར་དང་བཅས་པའི་བླ་མེད་ཀྱི་རྒྱུད་རྣམས་མདུན་ཞལ་ཐུགས་རྡོ་རྗེ་ནས་གསུངས་ཤིང་ཞལ་ལྷག་མ་རྣམས་ལས་རྒྱུད་སྡེ་གཞན་རྣམས་གསུངས་པར་བཤད་དོ།། སངས་རྒྱས་པའི་ཕྱི་ལོ་དང་མྱ་ངན་ལས་འདས་པའི་ལོར་གསུངས་པར་འདོད་པའི་ལུགས་གང་ལྟར་ཡང་ཟླ་བ་བཟང་པོས་དུས་འཁོར་རྒྱུད་ཞུ་བའི་དུས་ནི་ཆོས་རྒྱལ་ཆེན་པོ་དེ་ཁྲི་ལོ་དགུ་བཅུ་གོ་དགུ་པ་རྫོགས་ཏེ་བརྒྱ་བ་ལ་གནས་པའི་དུས་ཡིན་དགོས་ཏེ། རིག་ལྡན་གྱི་ཐོག་ན་འཇམ་དཔལ་གྲགས་པ་རྩ་བའི་རྒྱུད་ལས་ལུང་བསྟན་པར། ལོ་འདི་ནི་ནས་དྲུག་བརྒྱའི་ལོས།། དྲང་སྲོང་རྣམས་ནི་སྨིན་དོན་དུ།། འཇམ་དབྱངས་མི་བདག་གྲགས་པ་ནི།། ཤམ་བྷ་ལ་ཞེས་བྱ་བར་འབྱུང་།། ཞེས་རྩ་བའི་རྒྱུད་གསུངས་པའི་ལོ་དྲུག་བརྒྱ་རྫོགས་པ་ན་རིགས་ལྡན་འཇམ་དཔལ་གྲགས་པ་འབྱུང་བར་ལུང་བསྟན་པས། རིགས་ལྡན་འཇམ་དཔལ་གྲགས་པའི་སྔ་རོལ་ཏུ་ཟླ་བཟང་མ་ཐེ་བའི་ཆོས་རྒྱལ་ཆེན་པོ་དྲུག་ཡོད་པ་དག་གི་ཁྲི་ལོ་བརྒྱ་རེ་བརྒྱ་རེ་བཞག་པས་ལོ་ལྷག་མ་མེད་པས་ཤེས་ནུས་སོ།། དེས་ན་ཟླ་བ་བཟང་པོས་ཤམ་བྷ་ལར་དུས་ཀྱི་འཁོར་ལོའི་བློས་བསླང་ཁྲི་ལས་ཟུར་ཏེ་བཞེངས་མིན་སོགས་དཔྱད་པ་འགའ་རེ་གོ་བསྡུར་རྒྱུ་ཡོད་མོད་མ་སྤྲོས་སོ།། གནས་དང་འཁོར་གྱི་འདུས་པ་དང་རྒྱུད་གསུངས་པའི་ཚུལ་རྣམས་སངས་རྒྱས་པའི་ཕྱི་ལོར་འདོད་མཁན་དང་མྱ་ངན་ལས་འདས་པའི་སྔ་ལོར་བཞེད་པ་གཉིས་ལ་མི་འདྲ་བ་མེད་པས་གཉི་གའི་ལུགས་སུ་འདི་བཞིན་ཤེས་པར་བྱའོ།། འདི་དག་རྒྱུད་ཚིག་དང་འགྲེལ་ཆེན་ལས་བསྟན་པའི་ཚིག་རྣམས་ཆེར་མ་དྲངས་ཏེ་མང་དུ་དོགས་པས་ཡིན།

འདི་ལ་རྩོད་པ་སྤོང་བ་ལ།

༡རྩོད་པ་དང་པོ་ནི། རྩ་རྒྱུད་གསུངས་པའི་དུས་ཏེ་མྱ་ངན་ལས་འདས་པའི་དུས་ལ་བྱེད་དགོས་པར་ཐལ། གོང་དུ་གྲངས་པ་བཞིན་འཇམ་དཔལ་གྲགས་པ་རྩ་རྒྱུད་གསུངས་པའི་ལོ་དེ་ནས་དྲུག་བརྒྱ་ན་འབྱུང་བར་བསྟན་པ་གང་ཞིག འགྲེལ་ཆེན་གྱི་ཡེ་ཤེས་ལེའུར། འཇམ་པའི་དབྱངས་ཀྱང་ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ན། ཞེས་གསུངས་པས། མྱ་ངན་ལས་འདས་པའི་ལོ་ཡིན་པར་གསལ་བའི་ཕྱིར་ཟེར་ན། དེའི་ལན་ལ་མི་འདྲ་བ་མཁས་པའི་བཞེད་པ་གསུམ་ལས། དང་པོ་ནི། བུ་སྟོན་རིན་པོ་ཆེའི་རྒྱུད་སྡེ་རིན་པོ་ཆེའི་ཟབ་དོན་སྒོ་འབྱེད་རིན་ཆེན་གཅེས་པའི་ལྡེ་མིག་ལས། སྐྱོན་མེད་དེ། དེ་ནི་མྱ་ངན་ལས་འདས་པ་ཡན་ཆོས་བསྟན་པ་ཡིན་པས་ཆོས་བསྟན་ཟིན་པའི་ལོ་ནས་དྲུག་བརྒྱ་དང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་གནད་གཅིག་ཏུ་གསུངས་པའམ། ཡང་ན་འཕགས་པའི་ཡུལ་དུ་ཆོས་ཕྱི་མ་རྣམས་སྟོན་པའི་བར་ཐམས་ཅད་ཀྱི་ཚེ་འབྲས་སྤུངས་སུ་རྒྱུད་བསྟན་པའམ། ཡང་ན་ཚིག་འདི་མ་འོངས་པར་འཇུག་པས་མ་འོངས་པར་ཆོས་བསྟན་ཟིན་པའི་ལོ་འདི་ནས་ཞེས་དགོངས་པས་སྐྱོན་མེད་དོ།། ཞེས་གསུངས་སོ།། ལན་དེ་མི་འཐད་པར། མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་ལས། འདི་ནས་ཞེས་པའི་འབྲུ་སྣོན་ཤིན་ཏུ་མ་བདེ་ཞིང་། འདི་ཞེས་པའི་ཚིག་མ་འོངས་པ་ལ་འཇུག་པའང་ཡ་མཚན་ནོ།། ཞེས་གསུངས་སོ།།
མཁས་པའི་བཞེད་པ་མི་འདྲ་བའི་ལན་གཉིས་པ་ནི། མཁས་པ་གཞན་ཕན་དབང་པོའི་དུས་ཀྱི་འཁོར་ལོའི་སྤྱི་བཤད་མཁས་པའི་མགུལ་རྒྱན་དུ། ལོ་ཙཱ་བ་ནམ་བཟང་གིས་མྱ་ངན་ལས་འདས་པ་སངས་རྒྱས་པ་སོགས་ཀྱི་ལན་མཛད། ཞེས་གསུངས་ཏེ། ལོ་ཙཱ་བ་དེའི་ལུགས་ལྟར་ཡང་མི་རུང་སྙམ་སྟེ། དུས་འཁོར་སངས་རྒྱས་པའི་ཕྱི་ལོར་གསུངས་པར་རང་ཉིད་ཀྱིས་བཞེད་ཅིང་། ཞུ་བ་པོ་ཟླ་བ་བཟང་ཡིན་པར་སུས་ཀྱང་ཞལ་མཐུན་བསྙོན་མེད་ཡིན་པས། ལོ་འདི་ནས་ནི་དྲུག་བརྒྱའི་ལོས།། ཞེས་འཇམ་དཔལ་གྲགས་པ་ལུང་བསྟན་པ་དེ་དང་ལོ་གཅིག་གིས་གཏན་ནས་འགྲིག་ཐབས་མེད་པའི་ཕྱིར།
མཁས་པའི་བཞེད་པ་མི་འདྲ་བའི་ལན་གསུམ་པ་ནི། ཇོ་ནང་ཕྱོགས་རྒྱལ་བའི་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བཤད་པ་ལ་འཇུག་པའི་ཡན་ལག་ངོ་མཚར་རྟོགས་བརྗོད་ལས། མྱ་ངན་ལས་འདས་ནས་ཞེས་པའི་སྐད་དོད་རྒྱ་དཔེ་ཁ་ཅིག་ལས་བྱུང་བར་གསལ། ཡང་རྒྱ་དཔེ་རྙིང་པ་འགའ་ཞིག་ལ་མི་སྣང་ཞེས་གསུངས་ཤིང་། དེའི་སྐད་དོད་ཡོད་ན་གཞུང་ནང་འགལ་དུ་འགྱུར་བས་རྒྱ་དཔེ་དེ་མ་དག་པ་ཡིན་ནོ།། ཞེས་གསུངས་པ་དེ་ཡིན་ནོ།། འདིར་མཁས་པ་གཞན་ཕན་དབང་པོའི་དུས་ཀྱི་འཁོར་ལོའི་སྤྱི་བཤད་མཁས་པའི་མགུལ་རྒྱན་དུ། ཇོ་ནང་ཕྱོགས་རྒྱལ་བས། མྱ་ངན་ལས་འདས་ནས་ཞེས་པ་ཤོང་འགྱུར་མ་གཏོགས་འགྱུར་གཞན་ལ་མེད་པར་གསུངས་པ་དང་། ཞེས་བཤད་པ་ནི་བཤད་པ་ཙམ་སྟེ། ཕྱོགས་རྒྱལ་བས་རྒྱ་དཔེ་གསར་བུ་འགའ་རེར་ཡོད་ནའང་རྙིང་པ་རྣམས་སུ་མི་བཞུགས་པར་བཤད་པ་ལས་བོད་འགྱུར་ལ་དེ་ལྟར་བཤད་པ་མེད་པས་སོ།། ལན་གསུམ་པོ་ལས་ཕྱོགས་ཞེན་ཙམ་མིན་པར་ལན་ཕྱི་མ་འདི་ལན་དུ་སོང་བ་ཡིན་ནམ་སྙམ་མོ།།

༢རྩོད་པ་གཉིས་པ་ནི། མཁས་པ་གཞན་ཕན་དབང་པོའི་དུས་ཀྱི་འཁོར་ལོའི་སྤྱི་བཤད་མཁས་པའི་མགུལ་རྒྱན་ལས། རྒྱལ་མཆོག་ཀརྨ་པ་མི་བསྐྱོད་ཞབས་སོགས་ཀྱིས་རྩོད་པ་མང་དུ་གནང་བ་རྣམས་རྒྱས་ཆེས་པས་རེ་ཞིག་མི་སྤྲོ་ལ། དགོངས་པའི་སྙིང་པོ་བླངས་ནས་མདོར་བསྡུས་ཙམ་བརྗོད་པ་ནི། ཞེས་པ་ནས། ཤེར་ཕྱིན་གསུངས་དུས་ཀུན་དགའ་བོ་རིམ་གྲོར་ཡོད་ལ། དེ་ནི་སྲས་དགྲ་གཅན་འཛིན་དང་དགུང་མཉམ་ཡིན་པ་དང་། སངས་རྒྱས་པའི་ལོ་ནང་དེ་ལ་་ཤེར་ཕྱིན་གཏད་པ་སོགས་ཀྱིས་ལུགས་འདི་མི་འཐད་པར་སྔོན་གྱི་མཁས་པ། བོ་དོང་འཇམ་རལ་བ་དང་པད་དཀར་ཞལ་ལུང་མཛད་པ་པོ་སོགས་ཀྱིས་ཆེར་བཀག་པ་ལ། ཞེས་གསུངས་པ་ལ། བྱ་བཏང་བ་ངག་དབང་ཚོགས་གཉིས་རྒྱ་མཚོའི་བསྟན་རྩིས་སུ། སངས་རྒྱས་པའི་ཕྱི་ལོ་ཤེར་ཕྱིན་གསུངས་ཀྱང་ཤེར་མདོ་ལན་གཅིག་ཙམ་མིན་པར་ཡང་ཡང་གསུངས་རིགས་པ་དང་། ཤེར་མདོ་གསུངས་པའི་སྐབས་ཐམས་ཅད་དུ་ཡོངས་གཏད་ཀྱི་ལེའུ་སོགས་ལེའུ་ཐམས་ཅད་ནས་གསུངས་པའི་ངེས་པ་མེད་པ་སོགས་ལན་ལེགས་པར་གནང་ཡོད་པ་ལྟར་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་ནའང་། འདི་དོགས་པ་ཆུང་ཡང་བློ་མ་སྦྱངས་པ་ལ་སྐྱེ་བ་ཞིག་སྟེ། འདུལ་བ་དང་མདོ་སྡེ་སོགས་ད་ལྟ་བསྡུས་རྗེས་ལྟར་དཀྱུས་གཅིག་ལ་བསྐོར་མི་དགོས་པར་བཤད་པ་ཇི་ལྟ་བ་བཞིན་ཡིན་ཏེ། གལ་ཏེ་ཤེར་ཕྱིན་གྱི་མདོ་སྡེ་ལྟ་བུ་སངས་རྒྱས་མ་ཐག་ཏུ་གསུངས་པས་ཕྱིས་སུ་ལེའུ་འགའ་རེ་གསར་དུ་གསུངས་པ་མེད་མི་དགོས་ཏེ། འདུལ་བ་ལུང་རྣམ་འབྱེད་ལྟ་བུ་ཐོར་བུར་གསུངས་པ་སྡུད་པ་པོས་ཕྱོགས་གཅིག་ཏུ་གྲིལ་བ་ཡིན་པའི་ཕྱིར། གཞན་ཡང་། དུས་འཁོར་གསུངས་དུས་དེར་བདེ་མཆོག་སོགས་ཀྱི་རྒྱུད་ཀྱང་ཞལ་མདུན་ཞལ་སོགས་ནས་གསུངས་པས། རྣམ་པ་གཞན་གྱི་ཚུལ་ལས་གསུངས་པའི་གླེང་གཞི་འབྱུང་བ་རྣམས་མི་འཐད་པར་ཐལ་ལོ། དེ་ལྟ་མ་ཡིན་ཏེ། ཡོངས་གྲགས་སུ་ཀྲི་ཡའི་རྒྱུད་ལྕང་ལོ་ཅན་དུ་དང་། སྤྱོད་པའི་རྒྱུད་དུར་ཁྲོད་བསིལ་བའི་ཚལ་དུ་དང་། རྣལ་འབྱོར་གྱི་རྒྱུད་རི་རབ་རྩེ་མོའི་ལྷ་གནས་རྣམས་སུ་དང་། བླ་མེད་ཐབས་རྒྱུད་འོག་མིན་ཆེན་པོར་དང་། ཤེས་རབ་ཀྱི་རྒྱུད་ལ་འཁོར་ལོ་བདེ་མཆོག་འཛམ་བུ་གླིང་ཉིད་ཆོས་ཅབྱུང་དུ་བྱིན་གྱིས་བརླབས་ཏེ་དེར་དྲག་པོ་འཇིགས་བྱེད་ཉེར་བཞི་གན་རྐྱལ་དུ་གདན་དུ་བྱས་ནས་དང་། ཧེ་བཛྲ་ཤྲི་དྷ་རའི་གཙུག་ལག་ཁང་ཆོས་འབྱུང་དུ་བྱིན་གྱིས་བརླབས་ནས་གསུངས་པར་རྒྱུད་དང་འགྲེལ་བ་ཚད་ལྡན་རྣམས་ལས་བཤད་པ་སོགས་མི་འཐད་པར་ཐལ། རྩ་རྒྱུད་གསུངས་དུས་འབྲས་སྤུངས་མཆོད་རྟེན་དུ་རྒྱུད་འདི་ཕལ་ཆེར་དུས་ཀྱི་འཁོར་ལོའི་ཞལ་སོ་སོ་ལས་གསུངས་པའི་ཕྱིར་ཏེ། དུས་འཁོར་རྒྱུད་ཕྱི་མ་ལས། དཔལ་ལྡན་འབྲས་ཕུང་ཆོས་ཀྱི་དབྱིངས་སུ་སྟོབས་བཅུ་བ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་བསྟན།། ཞེས་དང་། ཤེས་རབ་རྒྱུད་ནི་ཤར་ནས་ཞེས་སོགས་གོང་དུ་དྲངས་ཟིན་པའི་ཕྱིར་རོ།། དེས་ན་ཤེེར་མདོ་ལན་མང་དུ་གསུངས་པ་ཡོད་པ་སྤྱིར་བཏང་ཁོ་ན་དང་། གསུངས་པའི་སྐབས་ཐ་མ་ལྟ་བུའི་ཚུལ་མཛད་པ་ན་ཡོངས་གཏད་ཀྱི་ཚུལ་དུ་གཏད་ལེ་འདི་འབྱུང་བར་འབྲེལ་ཆེ་ནའང་། ཤེར་མདོ་བཤད་པའི་དུས་ཀུན་ཏུ་ལེའུ་ཡོངས་རྫོགས་གསུངས་ཡོད་ཤག་ཤག་གིས་རྩོད་པ་ལྟར་ན་ནི། སངས་རྒྱས་ཀྱིས་གསུངས་པ་གདུལ་བྱ་ལ་གང་དགོས་ཤིང་སྐབས་སུ་བབ་པ་ཙམ་ལས་ལྷག་ལུས་ཐམས་ཅད་གདུལ་བྱ་ལ་མ་ལྟོས་པར་རང་གར་བཤད་པར་ཟད་པས་རྩོད་པ་རྣམ་དག་མ་ཡིན་ནོ།།

༣རྩོད་པ་གསུམ་པ་ནི། སངས་རྒྱས་ཀྱིས་སངས་རྒྱས་པའི་ཕྱི་ལོའི་ནག་ཟླ་བར་དུ་འཁོར་ལོ་རིམ་པ་གསུམ་ག་བསྐོར་བར་ཐལ་ཏེ། འགྲེལ་ཆེན་དུ། ཐེག་པ་གསུམ་བསྟན་པར་མཛད་ནས། ཞེས་གསུངས་པས་ལོ་དེར་འཁོར་ལོ་གསུམ་ཆར་སྐོར་ཟིན་པར་ཐལ་ཟེར་བ་སྟེ། སངས་རྒྱས་ཀྱིས་ལོ་གཅིག་ཏུ་ཆོས་འཁོར་གསུམ་སྐོར་ནུས་པ་མ་ཡིན་ན་ལོག་པར་ལྟ་བ་ཆེན་པོ་ལས་གཞན་ཅི་ཞིག་གོ།། འགྲེལ་ཆེན་ལས་ཐུན་མོངས་ཀྱི་སྣང་ཡུལ་དུ་ཐེག་པ་གསུམ་ག་གསུངས་ཟིན་པར་གསུངས་པ་ཡིན་པས། སངས་རྒྱས་པའི་ལོ་དེར་ཐུན་མོང་ངོར་ཐེག་པ་གསུམ་ཆར་གསུངས་མ་ཟིན་ནོ་ཟེར་ནའང་། རྟགས་མ་གྲུབ་སྟེ། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཚུལ་གཉིས་རྣམ་འབྱེད་ལས། གཞན་སྟོང་སྨྲ་བ་རྣམས་ནི་འཁོར་ལོ་རིམ་པ་གསུམ་པོ་འདི་ཡང་དུས་ཐོག་མཐའ་ནི་མ་ཡིན་ཏེ། འཁོར་ལོ་ཐ་མའི་མདོ་སྡེ་ཕལ་བོ་ཆེའི་ལེའུ་ཤས་ཆེ་བ་ཞིག་བདེན་བཞིའི་ཆོས་འཁོར་མ་བསྐོར་བའི་སྔོན་རྡོ་རྗེ་གདན་དུ་སངས་རྒྱས་མ་ཐག་ཏུ་ལྷའི་རྒྱལ་པོ་དབང་བསྒྱུར་གྱི་གནས་སུ་གསུངས་པ་ཡང་ཡོད་ལ། མདོ་སྡེ་མྱང་འདས་ལྟ་བུ་མྱ་ངན་ལས་འདའ་ཁར་གསུངས་པ་ཡང་ཡོད། དེ་བཞིན་དུ་མི་རྟག་པ་ཉིད་ཀྱི་མདོ་ལ་སོགས་པ་འཁོར་ལོ་དང་པོའི་མདོ་ལ་མྱ་ངན་ལས་འདའ་ཁར་གསུངས་པ་ཡང་ཡོད་པས་སོ།། ཞེས་གསུངས་པ་ལྟར་རོ།། འཆད་ཚུལ་འགའ་རེར་ཐུན་མོང་ངོར་འཁོར་ལོ་རིམ་གསུམ་ལས། འཁོར་ལོ་དང་པོ་ལོ་བདུན་དུ་དང་། འཁོར་ལོ་གཉིས་པ་ལོ་བཅུར་དང་། ཐ་མ་ལོ་སུམ་ཅུ་ཞེས་སོགས་ལོ་སོ་སོར་འགོས་ཏེ་འཆད་ལུགས་མི་མཐུན་པ་ཅི་རིགས་འབྱུང་བ་རྣམས་དང་བསྟུན་པ་ཡིན་ན་ནི། རང་གཞན་གང་དང་མི་མཐུན་ཅིང་རྩ་བའི་རྒྱུད་དང་འགྲེལ་ཆེན་སོགས་མཁས་པ་སུས་ཀྱང་མ་བཤད་པའི་ལུགས་ཤིག་སྟེ། ཤཱཀྱ་ཐུབ་པ་ཆེན་པོ་ཉིད་སངས་རྒྱས་དེ་ལོ་འགའ་ལོན་པའི་རྗེས་སུ་དང་མྱ་ངན་ལས་འདའ་བའི་བར་ད་དུང་བགྲང་བྱའི་ལྷག་མ་མང་དུ་ཡོད་པའི་གནས་སྐབས་ཤིག་ལ་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་དུས་སུ་ཐལ་བའི་ཕྱིར་རོ།། དེས་ན་ཐུན་མོང་ངོར་སངས་རྒྱས་པའི་ཕྱི་ལོར་ཤེར་ཕྱིན་གྱི་མདོ་སྡེ་མ་གསུངས་ཟེར་ཞིང་མྱ་ངན་ལས་འདའ་ཁར་ཤེར་མདོ་གསུངས་ཟེར་བའང་ཡིད་གཏན་ཅི་ཞིག་ཡོད།

དེས་ན་འཁྲུལ་མེད་རྣམ་དག་སངས་རྒྱས་པའི་ཕྱི་ལོར་གསུངས་པ་ལྟར་ཤེས་པར་བྱ་སྟེ། དེ་ཡང་ག་ལས་ཤེ་ན། འགྲེལ་ཆེན་ལས། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ཐེག་པ་གསུམ་བསྟན་པར་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲཱི་དྷ་ན་ཀ་ཊ་ཀར་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆེན་པོ་གསུངས་སོ།། ཞེས་གསུངས་པས། སངས་རྒྱས་པའི་ས་གའི་ཉ་ནས་བརྩིས་ན་བཅུ་གཉིས་པ་ནག་པ་ཟླ་བར་འགྱུར་གྱི། སྤྱིར་ནག་པའི་ཟླ་བ་དེ་དུས་འཁོར་ལུགས་ཀྱི་ཟླ་བ་དང་པོ་ཡིན་པས་བཅུ་གཉིས་པར་ཇི་ལྟར་འགྱུར་སོམས་ཤིག འདི་ལ་གཞན་ཕན་དབང་པོའི་དུས་འཁོར་སྤྱི་བཤད་དུ། སངས་རྒྱས་ནས་ཟླ་བ་གཅིག་གཉིས་བྱས་ཏེ་བརྩིས་པའི་བཅུ་གཉིས་པ་དང་། དཀར་རྩིས་ལྟར་གྱི་བཅུ་གཉིས་པ་གང་ཡང་མིན་པར། དཔེར་ན་རྒྱ་གར་དང་རྒྱ་ནག་ཧོར་ཡུལ་སོགས་སུ་བསོད་ནམས་ལྡན་པའི་རྒྱལ་བོ་སྟོབས་ཆེ་བ་རེ་རྒྱལ་ས་ཐོབ་མཚམས་ནས་ལོ་འགོ་འཛིན་པའི་སྲོལ་ཡོད་པ་སྟེ། དཔེར་ན་བོད་འདིར་རྒྱལ་ཟླ་བ་ལ་ཧོར་ཟླ་བཅུ་གཉིས་པ་ཟེར་བ་དང་འདྲ་ཟེར་བ་ནི། ཁུངས་མེད་ལུང་མེད་ཀྱི་རང་བཟོའི་འགྲིག་འགྲིག་ཙམ་རྣམ་རྟོག་གིས་བཞག་པ་ཁོ་ན་ལས་གཞན་ཅི་ཡང་མིན་ལ། དུས་ཀྱི་འཁོར་ལོའི་རྒྱུད་བཅོམ་ལྡན་འདས་ལོངས་སྐུའི་རྣམ་པར་དུས་འཁོར་དུ་བཞེངས་ཏེ་གསུངས་དུས་སུ་ཤཱཀྱ་ཐུབ་པ་སངས་རྒྱས་པའི་དུས་ནས་ལོ་འགོ་འཛིན་ལུགས་འདི་ཡང་འབྲེལ་མེད་ཀྱི་བཤད་པར་ཟད་ཅིང་། དུས་འཁོར་གྱི་རྒྱུད་ལ་ཤཱཀྱ་ཐུབ་པ་སངས་རྒྱས་པའི་ས་གའི་ཟླ་ནས་ལོ་འགོ་འཛིན་པ་དང་ནག་ཟླ་ནས་འཛིན་པ་གཉིས་ཀྱང་བྱུང་བར་ཐལ་བ་སོགས་བརྟག་བཟོད་པ་ཅུང་ཟད་ཀྱང་མི་འདུག་གོ་སྙམ་མོ།། ལུགས་གསུམ་པ་སངས་རྒྱས་པའི་ཕྱི་ལོར་གསུངས་པ་ལྟར་བཞེད་པའི་མཁས་པ་དང་གཞུང་ལུགས་ནི། ཆོས་རྗེ་འཇམ་གསར་བ་དང་། བུ་སྟོན་རིན་ཆེན་གྲུབ་ཀྱི་རྒྱུད་སྡེ་རིན་པོ་ཆེའི་ཟབ་དོན་སྒོ་འབྱེད་དང་། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་དང་བསྟན་རྩིས་ཆེན་པོ་དང་རྒྱུད་འགྲེལ་གྱི་བཤད་པ་ལ་འཇུག་པའི་ཡན་ལག་ངོ་མཚར་རྟོགས་བརྗོད་རྣམས་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་དུས་འཁོར་གྱི་ཆོས་སྐོར་འབྱུང་ཁུངས་ཉེར་མཁོ་དང་། རྗེ་མ་ཏི་ཀིརྟིའི་ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་སོགས། ཀུན་མཁྱེན་དོལ་པོ་པ་རྗེས་འབྲང་དང་བཅས་པ་ལ་མི་མཐུན་པ་མེད་པར་ཞལ་འཆམ། བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྣལ་འབྱོར་རྒྱུད་ཀྱི་སྤྱི་རྣམ་དང་། མཁས་གྲུབ་རྗེའི་དུས་འཁོར་འགྲེལ་ཆེན་དང་། འགོས་ལོ་ཙཱ་བའི་བསྟན་རྩིས་འཁྲུལ་བ་སེལ་བ་སོགས་མཚོན་པ་ཙམ་ཞིག་སྨྲས་པ་ཡིན་ནོ།།
དེ་ལྟར་དུས་ཀྱི་འཁོར་ལོའི་རྒྱུད་བཀའ་བསྩལ་བའི་དུས་གང་ཡིན་ལེགས་པར་བཤད་པ་འདི་ནི་ཕྱོགས་རིས་ཀྱི་གཟེབ་ཏུ་ཚུད་པའི་བློ་ཕྱོགས་སུ་བསྐྲད་དེ་བརྟགས་ཤིང་བྱས་པ་ན་ལུགས་འདི་བཞིན་ཁོ་ནར་འགལ་མེད་དུ་ལེགས་པར་ཤར་ཏེ། རང་གཞན་གྱི་བཞེད་པ་གནད་ཆེ་བ་དག་ཅི་ནུས་ཀྱིས་ཕྱོགས་གཅིག་ཏུ་མཐའ་དཔྱད་དེ་སྤེལ་བ་ལགས་སོ།། དགེའོ།། བཀྲིས་པར་གྱུར་ཅིག་གུ།

རྩོམ་པ་པོ། རིས་མེད་མཐོ་སློབ་མཁན་ཆེན་དཔལ་འབྱོར་ཚེ་རིང་།
ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

One Response

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།