ཆོས་རྗེ་དགོན

༄༅།།འཛམ་ཐང་སྒར་ཁག་གསུམ་ལས་ཆོས་རྗེ་གྲྭ་ཚང་།

ཛམ་ཐང་ཆོས་རྗེ་དགོན་ཞེས་པ་ནི། བོད་མདོ་དབུས་ཁམས་གསུམ་ལས་ཨ་མདོའི་ཁོངས་སུ་གཏོགས། མདོ་ཁམས་གཉིས་ཀྱི་ས་མཚམས་སུ་གནས། ད་ལྟའི་སྲིད་འཛིན་བགོ་སྟངས་ལྟར་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་ཛམ་ཐང་བར་མ་ཡུལ་ཚོའི་ཆོས་རྗེ་སྡེ་བ་རུ་ཆགས། སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཁྲེང་ཏུའུ་ནས་སྤྱི་ལེ༥༥༡.༦ཡོད། རྔ་བ་ཁུལ་སྲིད་འཛིན་ལྟེ་གནས་འབར་ཁམས་ནས་སྤྱི་ལེ༢༣༢.༢ཡོད། ཛམ་ཐང་རྗོང་སྲིད་འཛིན་ལྟེ་གནས་རྐ་མདའ་ནས་སྤྱི་ལེ༣༦ཡོད།
དེ་ཡང་དགོན་སྡེ་འདི་ནི། ཐོག་མར་རབ་བྱུང༢པའི་མེ་ཕོ་སྟག་སྟེ། ཕྱི་ལོ༡༡༤༦ལོར་རྔ་བ་སྣང་ཞིག་དགོན་ནས་ཕེབས་པའི་བོན་པོའི་བླ་མ་ཡོན་ཏན་རྒྱལ་མཚན་ཞུ་བ་ཞིག་གིས་བཏབ་ཅིང་། སྐབས་དེར་བོན་བསྟན་གྱི་གནས་གཞི་ཞིག་ཡིན། དེ་ནས་བགྲང་བྱ༢༥༥ཙམ་སོང་རྗེས། རབ་བྱུང༧པའི་ལྕགས་ཕོ་འབྲུག་སྟེ། ཕྱི་ལོ༡༤༠༠ལོར་རྒྱལ་རོང་ཁོག་ནས་ཕེབས་པའི་དྲུང་རཏྣ་ཤྲཱིའམ་དཀའ་བཞི་བ་རིན་ཆེན་དཔལ(༡༣༥༠༡༤༣༥)གྱིས་ངེས་དོན་དབུ་མ་ཇོ་ནང་བའི་གནས་གཞི་རུ་བསྒྱུར། བསྒྱུར་ལོ་འདི་ལ། བླ་མ་བློས་གྲགས(༡༩༢༠༡༩༧༥)ཀྱིས་རབ་བྱུང༧པའི་ཤིང་མོ་སྦྲུལ་ཏེ། ཕྱི་ལོ༡༤༢༥ལོ་ཡིན་པར་འདོད་ལ། «ཆོས་རྗེ་དགོན་གྱི་གདན་རབས་ལོ་རྒྱུས»སུ་རབ་བྱུང༦པའི་ཤིང་མོ་གླང་སྟེ། ཕྱི་ལོ༡༣༨༥ལོར་འདོད། རྗེ་འབའ་མདའ་བས(༡༨༤༤༡༩༠༤)རབ་བྱུང༧པའི་ལྕགས་ཕོ་འབྲུག་སྟེ་ཕྱི་ལོ༡༤༠༠ཡིན་པར་འདོད། དྲུང་དཀའ་བཞི་བ་ཁོང་ཉིད་མདོ་སྨད་དུ་ཕེབས་དུས་དགུང་གྲངས༣༠བཞེས་པ། རབ་བྱུང༦པའི་ལྕགས་ཕོ་སྤྲེལ་ཏེ། ཕྱི་ལོ༡༣༨༠ཙམ་ཡིན་ཞིང་། ལམ་བར་ནས་མདོ་ཁམས་སྨད་ཕྱོགས་སུ་གཉའ་རི་ཆོས་རྫོང་སོགས་དགོན་སྡེ་དུ་མ་ཕྱག་འདེབས་དང་ཞལ་བདག་མཛད་ཅིང་། བཤད་སྒྲུབ་ཀྱི་འཕྲིན་ལས་བསྐྱངས་པའི་ལོ་རྒྱུས་ཡོད་པས། ཕྱི་ལོ༡༣༨༥ལོར་ཛམ་ཐང་དགོན་ཇོ་ནང་དུ་བསྒྱུར་ཅེས་གསུངས་ན། དབུས་ནས་མར་ཕེབས་པ་ནས་ལོ་ལྔའི་རྗེས་སུ་ཡིན་པར་ཁས་ལེན་དགོན་པས། དེ་ཡང་ཅུང་སྔ་དྲགས་པ་དང་། ཕྱི་ལོ༡༤༢༥ལོར་བསྒྱུར་ཅེས་གསུངས་ན། དབུས་ནས་མར་ཕེབས་པ་ནས་ལོ་ངོ་བཞི་བཅུ་རྩ་ལྔའི་རྗེས་སུ་ཡིན་པར་ཁེལ་བས། དེའང་ཉུང་ཙམ་འཕྱིས་དྲགས་པ་མ་ཡིན་ནམ། དེས་ན་རྗེ་འབའ་མདའ་བས་གསུངས་པ་ཇི་བཞིན་ཏེ། ཕྱི་ལོ༡༤༠༠ལོར་ཛམ་ཐང་དགོན་དཔལ་རྒྱལ་བ་ཇོ་ནང་པ་རུ་བསྒྱུར་ཅེས་ཟེར་ན་སྔ་དྲགས་པ་དང་། འཕྱིས་ཐལ་བའི་སྐྱོན་གྱིས་མ་གོས་ཤིང་། ཅུང་ཟད་གནས་ལུགས་དང་ཉེ་བར་བསམས་ནས་འདིར་དེ་ལྟར་དུ་བྱའོ། །དེ་རྗེས་དྲུང་བ་ཚང་གི་དངོས་སློབ་ཚད་མ་པ་ཆོས་རྗེ་རྒྱལ་བ་བཟང(༡༤༡༩༡༤༨༢)དང་། རྒྱ་ནག་མིང་རྒྱལ་རབས་ཀྱི་རྒྱལ་ཐོག་བཅུ་གཅིག་པ་མིང་ཧྲི་ཙུང་ཀྲུའུ་ཧོའུ་ཚུང་གི་ཁྲི་ལོ་སུམ་ཅུ་པའི(明朝第十一位皇帝明世宗朱厚熜嘉靖30年)སྐབས། རབ་བྱུང་དགུ་པའི་ལྕགས་ཕོ་ཁྱི་སྟེ། ཕྱི་ལོ༡༥༥༠ལོར་གདན་དྲངས་ཏེ་དབུ་བླར་བཀུར་ཅིང་ཆོས་རྗེའི་གོ་ས་གནང་བ་དང་། ཧོར་དང་འཇང་སོགས་ཀྱི་གུ་ཤྲཱིར་གྱུར་པའི་ཆོས་རྗེ་རྒྱལ་བ་སེངྒེ་འམ་དཔལ་འབྱོར་བཟང་པོ(༡༥༠༩༡༥༨༠)། འབྲས་རབ་འབྱམས་པ་བློ་བཟང་མཆོག་གྲུབ་རྒྱ་མཚོ(༡༨༣༩༡༩༡༤)། རྗེ་དབོན་དམ་པ་འགྱུར་མེད་རྒྱ་མཚོ(༡༨༥༥༡༩༢༡)། སྦྱངས་པ་མ་འདས་མཆོག་སྤྲུལ་ཀུན་དགའ་དཔལ(༡༩༠༦༡༩༦༣)། དབོན་པོ་འཇིགས་མེད་རྒྱ་མཚོ(༡༩༢༨~༡༩༩༤)སོགས་སྐྱེས་ཆེན་མང་དུ་བྱོན་ཅིང་། དྲུང་བ་སྐུ་ཕྲེང་རིན་བྱོན་དང་། ཆོས་རྗེ་སྐུ་ཕྲེང་རིམ་བྱོན། སྦྱངས་པ་སྐུ་ཕྲེང་རིན་བྱོན་སོགས་ཀྱིས་གདན་ས་བསྐྱངས། དགོན་པ་འདི་ལ་ཆོས་རྗེ་དགོན་ཞེས་ཐོགས་དོན་ནི་རྒྱལ་བ་སེངྒེ་དཔལ་འབྱོར་བཟང་པོ་ལ་ཏ་མིང་རྒྱལ་པོས་ཆོས་ཀྱི་རྗེ་བོའི་གོ་ས་གནང་བས། དེའི་ཕྱིས་སུ་ཁོང་གི་གདན་ས་འདི་ལ་ཆོས་རྗེ་དགོན་ཞེས་གྲགས། ད་ལྟ་སྤྲུལ་བསྟན་འཛིན་ཉི་མ་དང་། མཆོག་སྤྲུལ་བདུད་འདུལ་རྡོ་རྗེ། མཁན་པོ་ཀརྨ་རྡོ་རྗེ་སོགས་ཀྱི་མཛད་འཕྲིན་ལ་བརྟེན། ཆོས་སྦྱོར་བ་ཡན་ལག་དྲུག་དང་དབུ་མ་གཞན་སྟོང་སོགས་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་བཤད་སྒྲུབ་ཟུང་ལྡན་གྱི་ངང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་བཞིན་པའི་སྒང་ཡིན།

ནང་དོན་ཡོངས་ཁུངས། འོད་འཛིན་རྩོམ་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།