རྡོ་བརྐོས་ཡིག་དྲུག

༄༅། །ཡིག་རིགས་བཞིའམ་དྲུག་ཅན་གྱི་རྡོ་བརྐོས་ཡི་གེ་ཞིག་ལ་བརྟག་དཔྱད་བྱས་པའི་ཐོ་ཡིག

རྩོམ་པ་པོ། ཚངས་དབང་དགེ་འདུན་བསྟན་པ།

སྤྱིར་བཤད་ན་རྡོ་བརྐོས་ཀྱི་མ་ཎི་ཡིག་དྲུག་ནི་བོད་ཡུལ་གྱི་ས་ཆ་གང་ས་གང་དུ་རྒྱུན་པར་མཐོང་ཐུབ་པ་ཞིག་ཡིན་པས། དེ་དག་མིག་ལམ་དུ་སྣང་སྐབས་ངས་དམིགས་བསལ་ཞིག་ཡིན་སྣང་དྲན་མ་བྱུང་། ཡིན་ནའང་། ཡིག་གཟུགས་ཁྱད་པར་བ་དང་། རི་མོ་དམིགས་བསལ་ཅན[1]དང་ལྷན་དུ་བརྐོས་ཡོད་པ་དེ་འདྲ་མཐོང་དུས་རིན་ཐང་ཆེ་བར་བསམས་ནས་དོ་སྣང་བྱས་དང་བྱེད་ཀིན་ཡོད།

2019ལོར། ངེད་ཅག་གྲོགས་པོ་སྐོར་ཞིག་མངའ་རིས་ཕྱོགས་སུ་ཉམས་ཞིབ་ལ་འགྲོ་བའི་གོ་སྐབས་ཤིག་བྱུང་བས། ལམ་བར་དུ་ང་ཚོ་དགའ་ལྡན་ཕུན་ཚོགས་གླིང་དུ་ཕྱིན་པ་ཡིན།[2] དགའ་ལྡན་ཕུན་ཚོགས་གླིང་ལ་སྔོན་དུས་རྟག་བརྟན་དམ་ཆོས་གླིང་ཟེར་ཞིང་། རྗེ་བཙུན་ཏཱ་ར་ནཱ་ཐས(1575-1635)སྤྱི་ལོ1615ལོར་བཏབ། ཕྱིས་སུ་རྒྱལ་དབང་ལྔ་པས(1617-1682)བཙན་གྱིས(1650ལོར)དགེ་ལུགས་སུ་བསྒྱུར། ངེད་ཅག་དགོན་པ་འདིར་ཐོན་མ་ཐག་དགོན་པའི་ལྡེབས་རིས་དང་ཆོས་རའི་ནང་གི་རྡོ་བརྐོས་ཡི་གེ་དང་བླ་བརྒྱུད་སྣ་ཚོགས་ཀྱི་སྐུ་བརྙན་འདྲ་མིན་ཡོད་པ་དེ་དག་ལ་ཞིབ་མཇལ་བྱས་པ་ཡིན་ལ། བླ་སྐུ་རེ་རེའི་གཤམ་ན་མཚན་ཡིག་བཀོད་ཡོད་པ་མཐོང་རྗེས་རིན་ཐང་ཤིན་ཏུ་ཆེ་བར་འདུག་སྙམ་ནས། རེ་རེའི་གམ་དུ་བཅར་ཏེ་པར་བསྐྱོན་པ་ཡིན། དེ་དག་གི་གྲས་ནས་ཁྱད་པར་བ་གཞན་ཞིག་མཐོང་བ་ནི། རྡོ་གཡའ་མ་ཆེ་ཞིག་གི་སྟེང་ལ་ཡིག་རིགས་བཞིའམ་དྲུག་ཅན་གྱི་རྡོ་བརྐོས་མ་ཎི་ཞིག་ཡོད་པ་དེ་ཡིན།

དེའི་ཆེ་ཆུང་ལ་ཧ་ལམ་ཁྲུ་དོ་ཡོད་མེད་ཅིག་དང་། ཐོག་ངོས་སུ་སིནྡྷུའི་ཡི་གེ་དང་། པུ་ཁང་གི་ཡི་གེ་དང་། ཧོར་ཡིག་གསར་མའམ་འཁོར་མ་དང་། བོད་ཡིག་དང་། ཡུ་གུར་ཡི་གེ་དང་། རྒྱ་ཡིག་སོགས་བརྐོས་ཡོད་པ་དེ་འདྲ་ཞིག་རེད་ལ། ཡུ་གུར་ཡི་གེ་ཡོད་སའི་ཁ་མལ་དེ་ཆག་གྲུམ་དུ་ཤོར་ཡོད་པས། ད་ལྟ་ཡི་གེ་མི་འདུག རྒྱ་ཡིག་ནི་ས་བོན་ཡི་གེ་ཨོཾཨཱཧཱུྃ་གསུམ་ཡིན་པ་ལས་མ་ཎིའི་ནང་དོན་མ་རེད། ཚང་མ་ལ་བོད་ཡིག་གི་མཚན་བྱང་ཡོད་པས་སྤྱིའི་ཆ་ནས་གང་གི་ཡི་གེ་ཡིན་པ་ཤེས་སླ་མོད། འོན་ཏེ། པུཀྐཾའི་ཡི་གེ་ཟེར་ན། ཧ་ལམ་ཞིག་གང་ལ་བཤད་པ་ཤེས་དཀའ་རྒྱུ་རེད་བསམ། ཆེད་ལས་མི་སྣ་ཞིག་ཡིན་ནའང་། ཡི་གེ་འདི་འདྲ་ཞིག་གློ་བུར་དུ་བོད་ཡུལ་གྱི་དགོན་པ་ཞིག་ནས་མཐོང་ཚེ། ཅུང་ཟད་འདང་དཔོག་དཀའ་བ་ཞིག་ཡིན་སྲིད། མ་མཐའ་ཡང་ང་ལ་མཚོན་ན་དེ་འདྲ་རེད།

གཤམ་དུ་ངས་པུཀྐཾའི་ཡི་གེ་དང་། སིནྡྷུའི་ཡི་གེ་དང་། ཧོར་ཡིག་གསར་མའམ་འཁོར་མ་དང་། རྒྱ་ཡིག་དང་ཡུ་གུར་ཡི་གེ་སོགས་ལས་འཕྲོས་ཏེ་རྡོ་བརྐོས་འདི་རྗེ་བཙུན་ཏཱ་ར་ནཱ་ཐའི་ཕྱག་བྲིས་དངོས་ཡིན་མིན་དང་། དེ་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དམིགས་བསལ་གྱི་གོ་དོན་ག་རེ་ཡོད་པ་བཅས་ཀྱི་ཐད་ནས་རང་གི་མ་སྨིན་པའི་ལྟ་ཚུལ་མདོ་ཙམ་ཞིག་ཞུ་བར་བྱ།

གཅིག པུཀྐཾའི་མ་ཎི་ཡིག་དྲུག་སྐོར།

འདིར་བཤད་པའི“པུཀྐཾའི་མ་ཎི”བྱ་བའི་ཡི་གེ་ནི། མུ་ཉུང་སྟེ་དེང་སང་འབར་མར(缅甸)འབོད་པའི་རྒྱལ་ཁབ་དེའི་ཡི་གེ་ལ་གོའོ། །པུ་ཀྐཾ་ལ་བོད་ཡིག་ཏུ་པུ་ཀང་དང་པུ་ཁཾའམ། པུ་ཁང[3]སོགས་འབྲི་སྟངས་ཅི་རིགས་འདུག་སྟེ། རྒྱ་སྐད་དུ(蒲甘)ཕུ་གན་ཟེར་བ་དེ་རེད། ད་སྐབས་འབར་མའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་གཉིས་པ་ཡིན་ལ། གནའ་དུས་འདིར་རྒྱལ་ས་བྱས་ནས་ཡུན་རིང་སོང་། གུས་པ་དེ་སྔོན་པུ་ཀང་དུ་འགྲོ་མྱོང་ལ།[4] དེ་དུས་པུ་ཀང་གི་གནའ་དེང་གི་ཡིག་གཟུགས་ཀྱི་འཕོ་འགྱུར་སོགས་ལ་རྒྱུས་ལོན་ཅུང་ཟད་བྱས་པ་མ་ཟད། རྡོ་རིང་མི་གཅིག་པ་མང་པོ་ཞིག་ལ་པར་བསྐྱོན་པ་དང་། འདྲི་གཏུགས་ཀྱི་གོ་སྐབས་ཀྱང་གང་འཚམ་ཞིག་ཐོབ་མྱོང་། གཅིག་བྱས་ན་དེའི་རྐྱེན་གྱིས་ཡིན་སྲིད་སྙམ་སྟེ། འདི་གའི་པུ་ཀྐཾའི་མ་ཎི་མཐོང་མ་ཐག་ཧ་ཅང་རྒྱུས་ཡོད་ཅིག་གི་ཚོར་སྣང་སྟེར་བྱུང་མོད། ཡིན་ནའང་། སྐབས་དེར་ངའི་སེམས་ལ་བོད་ཀྱི་དགོན་པ་འདིར་ཅི་ཞིག་ལ་ལཉྩ་དང་ཝརྟུའི་ཡི་གེ་མི་འབྲི་བར་པུ་ཀང་གི་ཡི་གེ་བྲིས་པ་དང་། འབྲི་མཁན་སུ་ཡིན་པ་དང་། པུ་ཁང་གི་ཡི་གེ་ཤེས་མཁན་ཡོད་དམ་ཞེས་པ་སོགས་ཀྱི་བསམ་ཚུལ་སྣ་ཚོགས་འཆར་འོང་བས། མི་རིང་བར་ངས་རྗེ་བཙུན་ཏཱ་ར་ནཱ་ཐའི《བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར》དང་། 《རྒྱ་གར་ཆོས་འབྱུང》སོགས་ལ་བསྐྱར་དུ་ཞིབ་ལྟ་བྱ་དགོས་བྱུང་།

ཞིབ་མོར་བལྟས་རྗེས་ཡིག་ཚང་དེ་དག་ལས་པུ་ཀང་སྐོར་གྱི་གནས་ཚུལ་སྤྱི་ཙམ་ཞིག་གླེང་ཡོད་པ་མཐོང་བྱུང་ལ།[5] ལྷག་པར་དུ། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་རང་གི་བླ་མའི་ལོ་རྒྱུས་ཏེ《གྲུབ་ཆེན་བུདྡྷ་གུཔྟའི་རྣམ་ཐར》ལས། སྦས་པའི་སངས་རྒྱས་ཁོང་པུ་ཀང་གི་ཡུལ་དུ་དངོས་སུ་ཕེབས་ནས་དེར་བཞུགས་པའི་ལོ་རྒྱུས་ཡོད་པ་དང་། དེ་ནས་ར་ཁང་དང་མོན་ཡུལ་བརྒྱུད་དེ་བསམ་ཡས་ལ་ཕེབས། དེ་ནས་གཙང་ཕྱོགས་སོགས་ལ་ཕེབས་ནས་རྗེ་བཙུན་ཏཱ་ར་ནཱ་ཐའི་བླ་མར་གྱུར་ཏེ། བོད་ཡུལ་དུ་དུས་ཡུན་རིང་པོར་བཞུགས་པའི་གནས་ཚུལ་གསལ་བོར་བྲིས་ཡོད་པས།[6] དགའ་ལྡན་ཕུན་ཚོགས་གླིང་གི་པུ་ཀང་གི་མ་ཎི་ཡིག་དྲུག་གི་མ་དཔེ་དེ་གྲུབ་ཆེན་སྦས་པའི་སངས་རྒྱས་དང་། ཡང་ན་རྗེ་བཙུན་ཏཱ་ར་ནཱ་ཐ་གཉིས་ལ་ཐད་ཀར་འབྲེལ་བ་འདུག་སྙམ་པའི་དོགས་གཞི་ཞིག་མི་སྐྱེ་ཀ་མེད་བྱུང་། སྣང་ཚུལ་དེ་འདྲ་ཞིག་གི་ངང་ནས་བལྟས་ན། པུ་ཀང་གི་མ་ཎི་ཡིག་དྲུག་གི་མ་ཕྱི་འབྲི་མཁན་ནི་གྲུབ་ཆེན་སྦས་པའི་སངས་རྒྱས་དང་། རྗེ་བཙུན་ཏཱ་ར་ནཱ་ཐ་གཉིས་གང་རུང་ཡིན་དགོས་སོ་སྙམ་པ་ཞིག་རེད་དོ། །

གཉིས། སིནྡྷུའི་མ་ཎི་ཡིག་དྲུག་སྐོར།

སིནྡྷུའི་ཡི་གེ་ཟེར་བ་ནི། ཧིན་རྡུའི་ཡི་གེ(印度文)དང་དོན་གཅིག་གོ །ཡོངས་གྲགས་ཀྱི་བཤད་ཕྱོགས་ཡིན་ན། ཧིན་རྡུ་བྱ་བ་ནི་སིནྡྷུ་ཟུར་ཆག་པར་བཤད། རྒྱ་གར་གྱི་ཡི་གེ་ཟེར་ནའང་དོན་དུ་འདི་ལ་གོ་དགོས་པར་སེམས་སོ། །སིནྡྷུ་གཙང་པོའི་ཆུ་མགོ་ནི་གངས་རིན་པོ་ཆེའི་ཤར་ཕྱོགས་སུ་ཡོད་ལ། དེ་ནས་གངས་རིན་པོ་ཆེའི་རྒྱབ་ལོག་ནས་བཀྲ་ཤིས་སྒང་བརྒྱུད་དེ་ལ་དྭགས་དང་། དེ་ནས་གནའ་བོའི་གྲོང་ཁྱེར་ཛཱ་ལནྡྷ་ར་སོགས་བརྒྱུད་ནས་ནུབ་ཕྱོགས་ཀྱི་པར་སི་ཀའི་རྒྱ་མཚོར་འདྲེས་འགྲོའོ། །སྔོན་གྱི་དུས་སུ་པར་སིག་པ་ཚོས་སིནྡྷུ་གཙང་པོ(བོད་ཀྱིས་སེང་གེ་གཙང་པོ་ཟེར)བཞུར་འགྲམ་དུ་འཚོ་བའི་མི་རྣམས་ལ་སིནྡྷུ་པའམ་ཧིན་རྡུ་ཟེར་ཞིང་། དེ་དག་གིས་བེད་སྤྱོད་བྱས་པའི་སྐད་དང་ཡི་གེ་ལ་སིནྡྷུའི་སྐད་དང་སིནྡྷུའི་ཡི་གེ་ཟེར་རོ། །

ལཉྩ་དང་ཝརྟུ་ལ་ཡོངས་གྲགས་སུ། ལེགས་སྦྱར་རམ་སཾ་སྐྲྀ་ཏ་ཞེས་བཤད་པས་སིནྡྷུའི་ཡི་གེ་དང་མི་འདྲ་སྟེ། ལར་བོད་ཡུལ་གྱི་དགོན་པ་དང་། ཆོས་ལུགས་ཀྱི་མཛད་སྒོ་དང་འབྲེལ་བའི་ས་གནས་རྣམས་སུ། མ་ཎི་ཡིག་དྲུག་ལཉྩ་བོད་ཡིག་གིས་བྲིས་པ་དང་། བརྐོས་པ་དང་། པར་དུ་བཏབ་པ་སོགས་ནི་མང་དུ་མཆིས་ཤིང་། ལཉྩ་དང་ཝརྟུ་དང་བོད་ཡིག་གསུམ་གྱི་སུམ་རྐང་བསྒྲིགས་པའང་གང་སར་མཐོང་ཐུབ། སིནྡྷུའི་ཡི་གེའི་ཐོག་ནས་བྲིས་ཡོད་པ་ནི་ཧ་ཅང་དཀོན་ལ། པུ་ཀང་གི་ཡི་གེར་བྲིས་པ་ནི་དེ་བས་ཀྱང་དཀོན། རྡོ་ལེབ་གཅིག་གི་སྟེང་ལ་སིནྡྷུའི་ཡི་གེ་དང་། པུ་ཀང་གི་ཡི་གེ །ཧོར་ཡིག བོད་ཡིག རྒྱ་ཡིག ཡུ་གུར་ཡི་གེ་བཅས་ཡིག་རིགས་དྲུག་ལྡན་གྱི་ཡི་གེ་ནི། དེ་བས་ཀྱང་བཤད་ཅི་དགོས། གུས་པ་དེ་སྔ་རི་བོ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དགོན་པ་མང་ཤོས་སུ་སོང་མྱོང་ཡང་འདི་གཅིག་པུ་མ་གཏོགས་མཇལ་མྱོང་མེད་དོ། །སིནྡྷུའི་ཡི་གེ་འདི་ཡང་སྐབས་དེའི་རྒྱ་གར་གྱི་ཧིན་རྡུ་ཡིག་གཟུགས་ཡིན་ནམ་སྙམ། རྗེ་བཙུན་ཏཱ་ར་ནཱ་ཐས་བྲམ་ཟེ་པཎྜི་ཏ་འགའི་མདུན་ནས་རྒྱ་གར་གྱི་ཡི་གེ་སྦྱངས་ནས་ལེགས་ལྡན་གྱི་གླུ་དང་། སྲིད་སྒྲུབ་ཀྱི་གླུ་སོགས་ཀྱང་བོད་ཡིག་ཏུ་ཚན་པ་འགའ་རེ་བསྒྱུར་བར་བཤད་པའང་།[7] སིནྡྷུའི་ཡི་གེའི་སྟེང་ནས་ཡིན་པར་མངོན།

གསུམ། ཧོར་ཡིག་གསར་མ།

འདི་གའི་རྡོ་ལེབ་ཀྱི་གཡས་ཕྱོགས་སུ་ཡོད་པ་དེ་ནི། “ཧོར་ཡིགསར་གྱི་མ་ཎི”ཞེས་ཁ་བྱང་དང་བཅས་འཁོད་ཡོད་པས་ཧོར་ཡིག་གསར་མ་ཡིན་པ་ཤེས་ཐུབ། སྟག་ཚང་ལོ་ཙཱ་བས(1405-1475)། “ཧོར་ཡིག་གསར་དུ་གྲགས་པ་ཡང་འཕགས་པ་རིན་པོ་ཆེས་གསར་དུ་མཛད།[8]” ཅེས་པ་ལས་ནམ་ལོར་གསར་དུ་བཟོས་པ་ཡིན་ཚུལ་གསལ་བོར་བཤད་མེད། མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི《བསྟན་རྩིས་ཀུན་བཏུས》ལས། “སྤྱི་ལོ1270ལོར། འགྲོ་མགོན་འཕགས་པས་ཧོར་ཡིག་འཁོར་མ་གྲུ་བཞི་བཟོས།”[9] ཞེས་བཤད། རྒྱའི་ཡིག་ཚང་རྣམས་སུ1268ལོར་ཧོར་ཡིག་བཟོས་ཟེར་བ་དང་། དེའི་ཕྱི་ལོར་བཟོས་ཟེར་བ་སོགས་བཤད་ཚུལ་མི་འདྲའོ། །

《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད》དུ། “ལྕགས་ཕོ་རྟའི་ལོར(1270)རྒྱལ་པོས་སླར་ཡང་དབང་བསྐུར་ཞུས་པའི་ཚེ། མི་ཉག་རྒྱ་རྒོད་རྒྱལ་པོའི་ཤེལ་དམ་ལ་བཅོས་བྱས་ནས་ཤེལ་དམ་གླིང་དྲུག་མ་དང་། འཇའ་ས་ཁྱད་པར་ཅན་ཕུལ་ཏེ། གནམ་གྱི་འོག      སའི་སྟེང་ན་རྒྱ་གར་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྚི་ཏ་འཕགས་པ་ཏི་ཤྲཱི་ཞེས་པའི་མཚན་གསོལ།”[10] ཞེས་འཁོད་ཡོད་པར་གཞིགས་ན། འཕགས་པས་ཧོར་ཡིག་གསར་མ་བཟོས་པའི་ལོ་ནི1270ལོའི་སྔོན་ནས་ཡིན་འདུག་སྙམ། གང་ལྟར་གོང་འཁོད་ཀྱི་ཡིག་ཚང་ཁག་ལ་བལྟས་ན། ཧོར་ཡིག་གསར་མ་བྱ་བ་འདི་གསར་དུ་བཟོ་མཁན་ནི་འགྲོ་མགོན་འཕགས་པ(1235-1280)ཡིན་པའི་ལོ་རྒྱུས་གསལ་བོ་རེད། ཧོར་རྒྱལ་རབས་ཀྱི་སྐབས་སུ། ཧོར་ཡིག་གསར་མ་འདི་སྲིད་གཞུང་གིས་ངེས་པར་དུ་སྤྱད་དགོས་པའི་ཡི་གེ་ཡིན་པར་བཤད་ལ། གཞུང་གི་ཡིག་ཆ་དང་། གསང་ཡིག་དང་། སྤྲིང་ཡིག་ཚང་མའང་ཧོར་ཡིག་གསར་མ་འདི་སྤྱོད་ཀྱིན་ཡོད་པར་བཤད་དོ། །

གཞན་བཤད་ཚུལ་ཞིག་ལ་དེང་གི་ཀོ་ལིའི(韩文)ཡི་གེའི་ཐོག་མའི་མ་ཕྱི་ཡང་ཧོར་ཡིག་གསར་མ་ཡིན་པར་འདོད་མཁན་བྱུང་ཡོད། དུས་ཕྱིས་སུ་ཧོར་ཡིག་གསར་མ་འདི་དགོན་པའི་རྒྱ་སྒོ་དང་ལྷ་ཁང་ཁག་གི་སྒོ་འཕྱོར་གྱི་གཡས་གཡོན་དུ་བཀོད་པའི་ཤིས་ཚིག་དང་སྨོན་ཚིག་ཡི་གེ་ཁོ་ནར་བེད་སྤྱོད་གཏོང་གིན་ཡོད་པ་ཨ་མདོའི་དགོན་པ་ཁག་ཏུ་ད་ལྟ་ཡང་མཇལ་རྒྱུ་ཡོད་དོ། །

བཞི་པ། རྒྱ་ཡིག་གི་ས་བོན་ཡི་གེ །

རྡོ་བརྐོས་འདིའི་གཡས་ཀྱི་སྟེང་ཕྱོགས་སུ་གནའ་བོའི་རྒྱ་ཡིག་གི་ས་བོན་ཡི་གེ་ཡོད་ལ། ཅི་ཞིག་ལ་འདི་ལྟར་བརྐོས་པའི་རྒྱུ་མཚན་ཤེས་མ་སོང་། སྤྱིར་བཏང་ཡིན་ན། ས་བོན་ཡི་གེ་འདི་དག་ནི་རྟེན་སྐུའི་རྒྱབ་ལོག་ཏུ་བྲིས་པ་ཤོས་ཆེ་བས། སྲིད་པ་ཧུ་སོགས་ཀྱི་ངོས་སུ་ཡོད་པའི་དགོས་པ་དེ་འདྲ་ཞིག་ལ་དམིགས་པ་ཨེ་ཡིན་ནམ། རྒྱ་ཡིག་གི་ས་བོན་ཡི་གེའི་གཤམ་དུ། བོད་ཡིག་གི་ཨོཾཨཱཧཱུྃ་བརྩེགས་མའི་ཚུལ་དུ་ཤན་སྦྱར་བྱས་ཡོད།

ལྔ་པ། ཡུ་གུར་ཞེས་པའི་མཚན་བྱང་།

“ཡུ་གུར”ཞེས་པའི་མཚན་བྱང་ནི། རྡོ་བརྐོས་མ་ཎི་འདིའི་གཡོན་ཕྱོགས་སུ་བརྐོས་ཡོད་ལ། དེར་བརྟགས་ན། སྔོན་གྱི་ཁ་མལ་ན་ཡུ་གུར་ཡི་གེའི་ནང་དོན་ཞིག་ཡོད་པ་ང་ཚོས་ཚོད་དཔོག་བྱེད་ཆོག་མོད། ཏག་ཏག་ཁ་མལ་དེ་ཆག་གྲུམ་དུ་ཤོར་ཡོད་པས་ང་ཚོས་ཡི་གེའི་ནང་དོན་ནི་མ་ཎི་ཡིན་ནམ། ཡང་ན་ས་བོན་ཡི་གེ་གང་ཡིན་བཤད་དཀའ་བ་ཞིག་རེད། ཐད་ཀར་བལྟས་ན་བསམ་ངན་ཞིག་གིས་ཆེད་དུ་བཅག་པ་མི་འགྲོ་སྙམ་པ་ཞིག་རེད། གཅིག་བྱས་ན་རིག་གསར་གྱི་བྱས་རྗེས་ཡིན་ཡང་སྲིད་དོ། །

དྲུག་པ། བོད་ཡིག་གི་མ་ཎི་ཡི་གེ །

བོད་ཡིག་གི་མ་ཎི་ཡི་གེ་ལ་མཚན་བྱང་མི་འདུག དེ་ནི་བོད་མི་ཚོར་བོད་ཡིག་ཡིན་པའི་གསལ་བཤད་དགོས་དོན་མི་འདུག་བསམ་ནས་མ་བརྐོས་པ་ཡིན་ངེས། དེ་ལྟར་ཡིན་ནའང་ཡིག་གཟུགས་ཀྱི་ཆ་ནས་ང་ཚོས་རྗེ་བཙུན་ཏཱ་ར་ནཱ་ཐའི་ཕྱག་བྲིས་ཡིན་མིན་བརྟག་དཔྱད་བྱ་བའི་མ་ཕྱི་ལ་ཕན་ཐོགས་ཆེ་བས། རིན་ཐང་ལོས་ཡོད་འདོད། གཤམ་གྱི་དབུས་སུ་དུང་དཀར་ལ་དར་ལུང་ཡོད་པ་དང་། དར་ལུང་གི་སྣེ་གཉིས་དུང་དཀར་གྱི་གཡས་གཡོན་དུ་ཡར་འཁྱིལ་བ་བཅས་ཀྱིས་ནི་ཆོས་ཀྱི་སྒྲ་དབྱངས་ཀྱིས་ས་སྟེང་ཁྱབ་པའི་སྨོན་འདུན་མཚོན་པ་ཡིན་འདུག །

ངས་གོང་དུ་བཤད་པའི་ཡུ་གུར་ཡི་གེའི་ནང་དོན་མ་ཤེས་ཕྱིར། ཁ་བྱང་དུ་ཡིག་རིགས་བཞིའམ་དྲུག་ཟེར་དོན་དེ་ཡིན། གང་ལྟར་ལུང་ཁུག་ལ་ལར་ཡིག་རིགས་གཅིག་བེད་སྤྱོད་བྱེད་པར་དཀའ་བའི་གནས་སུ་གྱར་དུས། ལུང་བ་ཁ་ཅིག་ན། རྡོ་བརྐོས་མ་ཎིའི་རྡོ་ལེབ་གཅིག་གི་ངོས་ལའང་ཡིག་རིགས་དྲུག་ལྡན་གྱི་ཡི་གེ་འདི་འདྲ་མཐོང་དུས་ཅུང་ཟད་ཡིད་སྨོན་མི་སྐྱེས་རང་སྐྱེས་རེད།

མཐའ་བསྡོམས།

གོང་འཁོད་ཀྱི་ནང་དོན་རྣམས་ནི། དགའ་ལྡན་ཕུན་ཚོགས་གླིང་དུ་བཞུགས་པའི་རྡོ་བརྐོས་ཀྱི་མ་ཎི་ཡི་གེ་དང་འབྲེལ་བའི་གནས་ཚུལ་སྐོར་ཡིན་ལ། ཞིབ་ཏུ་བཤད་ན། ཆོས་རའི་ནང་གི་བར་ཁྱམས་ཀྱི་རྩིག་ངོས་སུ་ཡོད་པའི་རྡོ་ལེབ་གཅིག་གི་ནང་དོན་རེད། ང་ཚོས་རྡོ་ལེབ་འདི་ལས་ཤེས་ཐུབ་པ་ཞིག་ནི། རྗེ་བཙུན་ཏཱ་ར་ནཱ་ཐའི་མཁྱེན་ཡོན་གྱི་ཚད་དེ་གང་འདྲ་ཞིག་ལ་བསླེབས་ཡོད་པ་ཟུར་ཙམ་ཤེས་ནུས་པ་དེ་རེད། གཞན་ཕར་ཞོག་རྩིག་ངོས་ཀྱི་རྡོ་ལེབ་གཅིག་གི་སྟེང་དུ་ཡང་འདི་ལྟར་རིག་གནས་ཀྱི་རྒྱབ་ལྗོངས་མཐུག་ཅིང་། སྒྱུ་རྩལ་གྱི་བློ་མིག་ཡངས་ཤིང་བརྗོད་བྱ་ཕུན་སུམ་ཚོགས་པ་མངའ་བ་འདི་དག་ལ་མཇལ་དུས་རྟག་བརྟན་དམ་ཆོས་གླིང་ངམ་དགའ་ལྡན་ཕུན་ཚོགས་གླིང་ནི་ངེས་པ་དོན་གྱི་རིག་གནས་དང་སྒྱུ་རྩལ་གྱི་བང་མཛོད་ཅིག་ཡིན་པའི་ཚོར་སྣང་ངང་གིས་བྱུང་།

མཐར་རྡོ་བརྐོས་ཀྱི་མ་ཎི་ཡི་གེ་དང་འབྲེལ་བའི་ལོ་རྒྱུས་རྒྱབ་ལྗོངས་དང་། ཡིག་གཟུགས། ཇུས་བཀོད་སོགས་སྤྱི་ཡོངས་ལ་བརྟགས་ན་རྡོ་བརྐོས་ཀྱི་མ་ཎི་ཡི་གེ་འདིའི་ཐོག་མའི་མ་ཕྱི་ནི། ཧ་ལམ་གྲུབ་ཆེན་སྦས་པའི་སངས་རྒྱས་དང་། རྗེ་བཙུན་ཏཱ་ར་ནཱ་ཐ་གཉིས་གང་རུང་གི་ཕྱག་བྲིས་ཤིག་མིན་འགྲོ་སྙམ་མོ། །

ད་སྔ་ཡན་ལ་རྗེ་བཙུན་ཏཱ་ར་ནཱ་ཐ་ཕྱོགས་དང་ཟུར་མང་པོ་ནས་གླེང་མཁན་ཤིན་ཏུ་མང་མོད། ཁོང་གིས་རྒྱ་གར་དང་བོད་གཉིས་ཀྱི་སྐད་ཡིག་ལས་སྐད་ཡིག་གཞན་ཞིག་མཁྱེན་པ་རེད་ཅེས་ཟེར་ཏེ་གླེང་མཁན་མཐོང་མ་མྱོང་། འདིར་ཚངས་དབང་པས་རྟག་བརྟན་གླིང་གི་རྡོ་བརྐོས་ཤིག་ལ་བརྟེན། རྗེ་བཙུན་གྱིས་མ་མཐའང་སྐད་ཡིག་དྲུག་ཙམ་མཁྱེན་པའི་དོགས་སློང་ངམ་གླེང་གཞི་ཞིག་བཟོས་འདུག མོས་པ་ཡོད་མཁན་ཚོས་གཟིགས་ཏེ་རྟོག་ཞིབ་རེ་བྱེད་ནའང་ཡག་པར་སེམས།   

འཛམ་ཐང་འོད་འཛིན་ནས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།