Featured Image

བླ་མ་རིན་པོ་ཆེ་ཀུན་དགའ་ཐུགས་རྗེ་དཔལ་གྱི་རྣམ་ཐར་མདོར་བསྡུས།

རྩོམ་པ་པོ། ཀུན་དགའ་སྲི་གཅོད།
སྐུ་ཚེ་གང་བོར་སྒྲུབ་པ་ཉམས་བཞེས་ཀྱི་རྣལ་འབྱོར་བ་ཞིག
ཕྲ་འཕྲུལ་གྱི་འཁོར་བའི་ཀློང་དུ། སྣང་བ་མག་མོག་གི་འཇིག་རྟེན་གྱི་གྲུ་ཁར་གཡེང་བའི་ཕྲན་ཁོ་བོའི་གཉུག་སེམས་ཀྱི་ཀློང་དུ། སྐུ་ཚེ་གང་ལ་སྒྲུབ་པ་ལྷུར་བཞེས་མཛད་པའི་རྣལ་འབྱོར་བ་ཞིག་གི་སྐུའི་མཛད་སྤྱོད་དང་། གསུང་གི་འཕྲིན་ལས་སོགས་རྟག་པར་ཡལ་རྒྱུ་མེད་ལ། ལྷག་པར་དེ་རིང་ཁོ་བོའི་སེམས་སུ། དམ་པ་ཁོང་གི་གསང་གསུམ་གྱི་མཛད་པ་དྲན་པའི་ཀློང་དུ་ལྡང་ཞིང་འཕྱོ་ནས་འདུག དེ་ནི་ཕ་དུས་ལས་འདས་པས། མ་སྨད་གཉིས་ས་མཐར་འཁྱམས་ཤིང་། མཐར་བུ་ཆུང་དེས་རིམ་གཉིས་ཀྱི་ལམ་ལ་བརྩོན་པ་བསྟེན་ཏེ། ལམ་དེ་ལས་གྲུབ་པའི་གདན་ཐོབ་བརྙེས་པའི་སྐྱེས་བུ་ཞིག་རེད། དེ་ཡི་མཚན་ལ། རྗེ་ཀུན་དགའ་ཐུགས་རྗེ་དཔལ་བཟང་ཟེར། ཁོང་ནི་སྤྱི་ལོ༡༩༢༥ལོར་མདོ་སྨད་འཛམ་ཐང་དུ་སྐུ་འཁྲུངས། སྔ་ཕྱི་ཀུན་ཏུ་མཚན་ལྡན་བཤེས་གཉེན་ཉི་ཤུ་རྩ་སྟོད་ལས་ཟབ་ཆོས་ནོད། དུས་འཁོར་སྦྱོར་དྲུག་གི་རིམ་གཉིས་ལམ་གྱིས་ཐུགས་རྒྱུད་བྱིན་གྱིས་རློབ་ཚབས་ཆེ་བས། རྗེ་དཀོན་མཆོག་གསང་བ་མཐའ་ཡས་ཚང་རྩ་བའི་བླ་མར་ཉག་གཅིག་ཏུ་བཀུར།
ངན་ངོན་གྱི་འཚོ་བས་ཐུགས་ཡིད་ཚིམས་ཏེ། དམ་ཆོས་སྒྲུབ་པ་ལྷུར་བཞེས་བླངས་བ་ནི་དཀའ་གདམས་པའི་སྐྱེས་བུ་ཚོའི་ཐུན་མོང་གི་མཛད་སྤྱོད་རེད། དེ་ལུགས་བཞིན། སྐབས་དེའི་ཁོང་གི་འཚོ་བ་ཇི་ལྟར་ཡིན་པ། ཁོང་གི་མཚང་མིང་ལ“ཙེའི་ལངས”ཞེས་བཏགས་ཡོད་པ་ལས་ཀྱང་ཤེས་ཐུབ། འོན་ཀྱང་འཚོ་བ་བཟང་ངན་ཇི་ལྟར་ཡིན་ཡང་གནད་དོན་མི་འདུག གང་ལྟར་དཀའ་ཐུབ་ཀྱི་སྤྱོད་པས་རིམ་གཉིས་ཀྱི་ལམ་ལ་བརྩོན་པ་བསྟེན་པ་བསྙོན་མེད་རེད། འདིར་ཞུ་སྙིང་འདོད་པ་ནི། རྒྱུན་དུ་ཁོ་བོའི་རྟོག་འཆར་ངོར། ཁོང་རིན་པོ་ཆེ་ལ་ཆོས་རྗེ་ཐམས་ཅད་མཁྱེན་པ་ཇོ་ནང་ཀུན་མཁྱེད་དོལ་པོའི་སྐུའི་སྣང་བ་དང་རྟག་ཏུ་འབྲལ་བ་མེད་ཅིང་། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་མཚན་མ་རྙེད་ཡོད་པས་ཨེ་ཡིན་ནམ། གང་ལྟར་དེའི་ཕྱོགས་ལ་གཟིགས་སྟངས་དམིགས་བསལ་བ་ཞིག་ཡོད་ཐལ་བསམ་བྱུང་། རྒྱུ་མཚན། ཐེངས་འགར་ཞལ་ནས། “ཁོང་ཆུང་དུས་དབེན་གསུམ་སྐབས། ཐེངས་གཅིག་བླ་མ་གསང་མཐའ་ཚང་ལ་རྟོགས་འབུལ་ཞུས་པ་ཡིན། དེ་དུས་བླ་མ་ངེད་གཉིས་ལ་འཕར་གཡོ་མང་བོ་བྱུང་སོང་། དེའི་སྐབས་བླ་མའི་གཟིགས་སྣང་ལ། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་ཞིག་ང་ལ་ཐིམ་སོང་བ་དང་། ངའི་སྣང་བར་ཀུན་མཁྱེན་དོལ་པོ་བ་དེ་བླ་མ་ལ་ཐིམ་སོང་བའི་སྣང་བ་ཞིག་སྐྱེས”གསུངས།
ཡང་ཞལ་ནས།“ཐེངས་ཤིག་རྨི་ལམ་དུ། ཀུན་མཁྱེན་དོལ་པོ་སངས་རྒྱས་སོགས་ནམ་མཁར་གང་བའི་བྱང་ཆུབ་སེམས་དཔའ་མང་བོ་བཞུགས་ནས་ཡོད་པ་ལ། དེ་དག་གི་མདུན་ཐད་དུ། གླེགས་བམ་མང་བོ་བྲག་རི་བཞིན་བརྩིགས་ནས་ཡོད་པའི་གདོང་དར་རྣམས་ཀྱང་རླུང་གིས་བསྐྱོད་ནས་ཡོད། དེའི་ཚེ་ཁོང་གི་ཐུགས་ལ། གླེགས་བམ་འདི་དག་གི་ཁྲོད་ན(རི་ཆོས་ངེས་དོན་རྒྱ་མཚོའི)དཔེ་ཆ་ཡོད་ཐག་ཆོད་ཡིན་རྒྱུ་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་སྐུ་དངོས་ཀྱིས། ང་ལ་དེའི་པོ་ཏི་ཞིག་གནང་ན་བདག་ཅི་འདྲའི་བསོད་ནམས་ལྡན་པ་ལ་ཨང་སྙམ་ཚེ། དེ་མ་ཐག ཀུན་མཁྱེན་རིན་པོ་ཆེས། ཁོང་ལ་དེ་ལས་པོ་ཏི་ཞིག་གནང་སོང་། དེ་ཚེ་ཁོང་དགའ་བ་ཚད་མེད་པའི་ངང་ནས། (རི་ཆོས་ངེས་དོན་རྒྱ་མཚོའི)དཔེ་ཆ་ལོས་ཡིན་སྙམ་བཞིན་ཞལ་མྱུར་མོས་ཕྱེས་ནས་མཇལ་ཚེ། སྦྱོར་དྲུག་གི་ཁྲིད་ཡིག(མཐོང་བ་དོན་ལྡན)ཡིན་བཞག དེའི་ཚེ་ཁོང་གི་ལུས་ཀྱི་བ་སྤུ་གཡོས། མིག་ནས་མཆི་མ་འཁྲིགས། དད་པ་སྙིང་ནས་སྐྱེས་ཏེ་ལུས་སེམས་ལ་ཞི་བདེ་འགྱུར་མེད་ཀྱི་བདེ་བ་ཆེན་པོ་སྐྱེས་ཐལ”གསུངས། དེ་ནི་ཕྱིས་སུ་རྡོ་རྗེ་སློབ་དཔོན་དུ་བཞུགས་རྒྱུའི་རྨི་ལྟས་ཨེ་ཡིན་ནམ་གསུངས། ད་དུང་རྣམ་པ་ཀུན་ཏུ། ཀུན་མཁྱེན་ཡབ་སྲས་ཀྱི་གསུང་རབ་བཀླགས་ཤིང་། དེ་དག་གི་རྣམ་ཐར་དང་མཛད་སྤྱོད་གླེང་བར་ཐུགས་ཤིན་ཏུ་མོས། ཁོང་གི་སྐུ་ཚེ་འདིར། ཇོ་ནང་གི་གདན་ས“ནགས་རྒྱལ་དབེན་གནས”སུ་གཏན་ནས་ཕེབས་མ་མྱོང་ཡང་། གནས་དེར་སོང་བའི་ཆ་ཡོད་རྒྱུས་ཡོད་ཀྱི་མི་ཞིག་གིས་བཤད་པ་བཞིན། དེ་ན་ཅི་ཡོད་དང་། གང་ན་ཅི་བྱུང་། སྒྲུབ་གནས་དེ་ཅི་ཡིན་སོགས་ཕྲ་ཞིང་ཞིབ་པའི་སྒོས། ཁ་རྩིང་གནས་དེ་ནས་བསླེབས་པ་མིན་ནམ་སྙམ་པ་ལྟ་བུ་གསུངས་ཀྱིན་འདུག གནས་དེར་སོང་བའི་མི་རྣམས་དང་ཁོང་གིས་དེའི་སྐོར་བཀའ་མོལ་མཛད་ཚེ། ཀུན་གྱིས་ཡ་མཚན་པའི་ཚད་དུ་མཐོང་། དེ་ལྟར་རྟོགས་པའི་ཡོན་ཏན་འགའ། སློབ་མར་དག་སྣང་དང་ཡིད་ཆེས་སྐྱེ་ཕྱིར་ཨེ་ཡིན་ནམ། སྐབས་རེར། གསུང་ཟུར་དང་རྨི་ལམ་དུ་བསྙད་ནས་འཕྲོས་ཀྱང་། སྤྱིར་ཁོ་བོའི་སྐུ་ཞང་ཡིན་པས་ཞེན་ཕྱོགས་དང་། སྐུའི་གམ་དུ་བཅར་ཡུན་རིང་བས་འདྲིས་ཀྱིས། གཞན་གྱིས་ཁོ་བོས་རྫུན་བསྒྲིགས་སུ་དོགས་ནས་རྣ་བར་མི་འགྲོ་བར་ཁག་མི་འདུག་པ་ཕྲན་ལ་རྒྱུས་ཡོད་ཅིང་། ད་དུང་འདི་འདྲའི<གསང་རྣམ>རིགས་ཁྲོམ་བསྒྲགས་བྱེད་པའང་མི་འོས་པས་བཞག སོ་སོའི་མཐོང་ཐོས་སུ་བྱེད་འདོད་ཚེ(རྣམ་ཐར)ཆེ་ཆུང་ཀུན་ཏུ་གསལ།

མདོར་ན། སྐུ་ཚེ་གང་བོར་བླ་ཆེན་གྱི་ཟོག་ཤོམ་དང་། མཁས་པའི་འགྱང་བག་སོགས་མེད་པར། བྱ་བཏང་རི་ཁྲོད་པ་ཞིག་གི་ཚུལ་གྱིས་བཞུགས་ཏེ། རྗེ་བཙུན་མ་མཁའ་སྤྱོད་དབང་མོའི<བདག་བསྐྱེད་བསྡུས་པ>དང་། བདེ་མཆོག་སྨོན་ལམ<བདག་ནི་དེང་བཟུང>མ། <སྦྱོར་དྲུག་སྨོན་ལམ>བསྡུས་པ་རེ་ཞལ་འདོན་གནང་བ་ལས། གཞན་སྤྲོས་བཅས་ཀྱི་ཞལ་འདོན་འདི་རེད་ཟེར་བའི་ཤོག་ལྷེ་ཙམ་ཡང་མེད་པར། ནང་ཐུགས་དམ་ཉམས་བཞེས་གཙོ་བོར་མཛད་ནས་ཐུགས་ལྷོད་ཀྱིས་བཞུགས་འདུག འདིར་ཁོ་བོས་ཁོང་ལ་ཞལ་འདོན་བྱེད་རྒྱུར་མེད་ཅེས་གླེང་འོང་དུས། འགའ་རེས་ཁྲེལ་རྒོད་བྱེད་རྩིས་འདུག་མོད། དེ་ནི་ དོན་དག་གཞན་ཞིག་རེད། ཚང་མས། “བླ་མ་རྐང་རྗེན་མ”དང་། ཡང་ན། “ཨ་ཁུ་ཐུགས་རྗེ”ཞེས་འབོད་པ་ལས། བླ་ཆེན་གྱི་མིང་ཙམ་ཡང་ཁུར་མ་མྱོང་ཞིང་། རྒྱུན་པར་ཁོང་ཉིད་བཞུགས་ཤག་ཀྱང་། གཟིམ་ཁང་གི་ཁང་མིག་ཆུང་ཆུང་ཞིག་ཏུ། ནང་ངོས་སུ་འདམ་ཞལ་བྱས་པའི་སྐེད་དུ་པདྨའི་བླ་བྲེ་དང་། སྟེང་དུ་ཀུན་མཁྱེན་དོལ་པོ་བའི་སྐུ་ཆེ་བ་གྱང་རིས་སུ་བྲིས་པ་ཞིག་ཡོད་པ་ལས། ཐབ་ཆས་དང་། གཟིམ་གོས་སོགས་མཐའ་གཉིས་སུ་མ་ལྷུང་བའི་སྒོས་བཞུགས་པར་ཐུགས་མཉེས་པོ་ཡོད།
སྔ་ཕྱི་ཀུན་ཏུ་ཟབ་ཆོས་གནང་བའི་ཚུལ་མདོ་ཙམ་བཀོད་ན། (མཐོང་བ་དོན་ལྡན)ཁྲིད་ལུང་ཚར་སོ་བཞི། (སྒོམ་རིམ)ཚར་བཅོ་ལྔ། (བདེ་མཆོག་རབ་འབྱམས)ཀྱི་དབང་ཚར་གཉིས། (གཤིན་རྗེ་རབ་འབྱམས)ཀྱི་དབང་ཚར་བཞི། (རྒྱུད་སྡེ་ཐོར་བུ)དང་(རྡོ་རྗེ་ཕྲེང་བ)དབང་ཚར་རེ། (རིན་འབྱུང་བརྒྱ་རྩ)ཚར་ལྔ། (མི་ཏྲ་བརྒྱ་རྩ)ཚར་གསུམ། (དུས་འཁོར་དབང་ཆེན)ཚར་བདུན། (སྦྱོང་རྒྱུད་བཅུ་གཉིས)དབང་ཚར་གསུམ། (ཤངས་ཆོས)ཚར་བདུན། (གྲུབ་ཆེན་བརྒྱད་ཅུའི་རྗེས་གནང)ཚར་གཉིས། མཁའ་སྤྱོད་མའི(བསྐྱེད་རྫོགས)ཀྱི་ཁྲིད་ཚར་དྲུག ནི་གུའི་ཁྲིད་ཡིག(ཐང་བརྡལ)མ་ཚར་བརྒྱད། (འཇིགས་བྱེད་འབྲུ་གནོན་སྙན་བརྒྱུད)དང་། (གཅོད་ཀྱི)དབང་ལུང་ཁྲིད་གསུམ། (ཀུན་མཁྱེན་རྗེས་གནང)དང་། (དུས་འཁོར་མཆོག་དབང)སོགས་ཚར་མ་ངེས་པ་དང་། གཞན། (སྦྱོར་དྲུག་གི་ཕྱི་ནང་ངོ་སྤྲོད)དང་། (ལྷན་ཐབས་འོད་བརྒྱ་འབར་བ)དང་། (ཟུང་འཇུག་རབ་གསལ) (གེགས་སེལ) (བླ་རྣམ་གྱི་ཁྲིད་ཡིག) ཡི་དམ་སོ་སོའི(བསྙེན་ཁྲིད)སོགས་གདུལ་བྱའི་ཁམས་དབང་བཞིན་སྐུ་ཚེ་དང་མཉམ་པར་མཛད་དོ།། མཐར་སྤྱི་ལོ༢༠༠༠ལོར། རྔ་ཡུལ་བསེ་དགོན་དུ་སྐུ་གཤེགས་སོོ།།

ནང་དོན་ཡོངས་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།