བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཐར་འདོད་ཤེས་ལྡན་དོན་གཉེར་ཀུན། །
གྲུབ་མཐའ་གྲགས་པའི་རྗེས་འབྲང་དང༌། །
ཞེན་ཕྱོགས་འཛིན་པའི་རབ་རིབ་ཀུན། །
བསལ་ཏེ་ཆོས་ལ་འཇུག་པར་རིགས། །
དེ་ཡང་རྒྱ་གར་འཕགས་པའི་ཡུལ་གྱི་སེ་ར་ཐེག་ཆེན་གླིང་གི་སེར་བྱེས་ལྷ་རམས་པ་དགེ་བཤེས་ངག་དབང་སྟོབས་ལྡན་ལགས་ཀྱིས་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ། སངས་རྒྱས་ཀྱི་བསྟན་པའི་ཉིང་བཅུད་དབུ་མ་གཞན་སྟོང་དང་རང་སྟོང་གི་ཚུལ་གཉིས་ལས་དྲིས་ལན་འོད་དཀར་འདྲེན་པའི་སྐྱ་རེངས། གཞན་སྟོང་ལ་གླེང་བསླངས་ཀྱི་དྲི་བ་བཅུ་གཅིག་ཕུལ་བ་༼ཕྱི་ལོ་༢༠༢༡ལོའི་བོད་ཟླ་༧པའི་ཚེས་༧ལ་༽དྲི་བ་འདི་མཐོང་བས་དགའ་སྤྲོ་ཚད་ལས་འདས་པ་སྐྱེས་ཏེ་ལན་ཅུང་ཟད་ཅིག་ཕུལ་བ་ལ་འཇུག་པར་བགྱི་ན་དེ་ཡང་ངེད་ཅག་གིས་དྲི་བ་རེ་རེ་བགོས་ནས་ལན་འདེབས་པར་བ
དྲི་བ་དང་པོ། གཞན་སྟོང་དབུ་མ་ཆེན་མོ་ཞེས་པ་འདིའི་ངོ་བོའམ་གོ་དོན་དཔྱིས་ཕྱིན་པ་ཞིག་འཇོག་ན་གང་ཡིན།
ལན། དེ་ལ་སྤྱིར་གཞན་སྟོང་དང་གཞན་སྟོང་ཆེན་མོ་གཉིས་ཀ་ལ་ཁྱད་པར་མཆིས་ཏེ། བདེན་པ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞན་སྟོང་ཡིན་ཡང་། གཞན་སྟོང་ཆེན་མོ་མིན། དེ་གཉིས་ལས་དོན་དམ་བདེན་པ་ནི་རང་གི་ངོ་བོས་མི་སྟོང་ཞིང་། ཀུན་བཏགས་གཞན་དབང་གཉིས་ཀྱིས་སྟོང་པའི་ཕྱིར། གཞན་སྟོང་ཆེན་མོ་ཡིན་པར་གྲུབ་པའོ། །དེ་ཡང་ཆོས་རྗེ་ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། དོན་དམ་ཐམས་ཅད་གཞན་སྟོང་ཡིན་གྱི་རང་སྟོང་མིན་ལ། ཀུན་རྫོབ་ཐམས་ཅད་ནི་སྔ་རབས་པའི་འཆད་ཚུལ་དང་བསྟུན་ནས་རང་སྟོང་དང་དོན་ལ་གཞན་སྟོང་སྟེ་གཉིས་ཀའོ། །ཞེས་སོ། །དེས་ན་གཞན་སྟོང་ཆེན་མོ་ཡིན་ན། ཆོས་ཉིད་དོན་དམ་བདེ་གཤེགས་སྙིང་པོ་ཡིན་དགོས་སོ། །དེས་ན་གཞན་སྟོང་གི་གོ་དོན་ཞེས་མ་ཁྱབ་ཁྱབ་ཆེས་མི་སྲིད་པའི་སྐྱོན་གསུམ་དང་བྲལ་བའམ་དོན་མཚོན་པའི་མཚན་ཉིད་ཅིག་འཇོག་ཏུ་མེད་དེ། ཆོས་ཉིད་དོན་དམ་བདེ་བར་གཤེགས་པའི་སྙིང་པོ་ཡིན་ན་སྒྲ་རྟོག་གི་ཡུལ་ལས་འདས་དགོས་པའི་ཕྱིར་ཏེ། ཐོས་བསམ་གཉིས་དང་འཇིག་རྟེན་པའི་སྒོམ་བྱུང་གི་ཡུལ་ལས་འདས་པའི་ཕྱིར་རོ། །
དྲི་བ་གཉིས་པ། གཞན་སྟོང་དབུ་མ་ཆེན་མོ་ཞེས་པ་འདི་སྟོན་པ་སངས་རྒྱས་ཀྱི་གསུང་རབ་མདོ་རྒྱུད་ཀྱི་ཚིག་གིས་ཟིན་པའི་ཁུངས་ལུང་གང་དང་གང་ཡོད།
ལན། ཚིག་གིས་ཟིན་ཚུལ་ནི་ཡུམ་ལས། དེ་ལ་གཞན་གྱི་དངོས་པོ་སྟོང་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ་ཆོས་ཀྱི་གནས་ཉིད་དང༌། ཆོས་ཉིད་དང་ཆོས་ཀྱི་དབྱིངས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང༌། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཡང་དག་པའི་མཐའ་ནི་(ཇི་ལྟར་སྔར་བཞིན་ཕྱིས་)དེ་བཞིན་དུ་(ནམ་ཡང་གང་ནའང་)གནས་པ་སྟེ། དེ་ལྟར་ཆོས་དེ་དག་གི་གཞན་གྱི་དངོས་པོ་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་སྟོང་པ་ཉིད་ཅེས་བྱ་ཞེས་དང༌། གཞན་ཡང་དོན་ནི་མང་སྟེ། ལངས་ཀར་གཤེགས་པ་ལས། བློ་ཡི་སོ་སོར་རབ་བརྟགས་ན། །གཞན་དབང་མེད་ཅིང་བརྟགས་པ་འང་མེད། །ཡོངས་གྲུབ་ལ་ནི་དངོས་མེད་ན། །བློ་ཡིས་ཅི་ཞིག་རྣམ་པར་བརྟགས། །ཞེས་དང་། རྣམ་རྟོག་གཉིས་ལས་གྲོལ་བ་ནི། །དེ་ཉིད་ཡོངས་སུ་གྲུབ་པ་ཡིན། །ཞེས་ཡོངས་གྲུབ་གཞན་སྟོང་ཡིན་པའི་ཚུལ་གསུངས་སོ། །ཀྱེ་རྡོ་རྗེའི་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་པ་འདིས་ཀྱང་ཡོངས་གྲུབ་གཞན་སྟོང་གི་ཚུལ་བསྟན་པ་ཤེས་དགོས་སོ། །གཞན་ཡང་སོར་ཕྲེང་གི་མདོ་དང་མདོ་སྡེ་དགོངས་འགྲེལ། མྱ་འདས་ཆེན་པོ། འཇམ་དཔལ་རྩ་རྒྱུད། དུས་འཁོར་རྒྱུད་རྒྱལ་སོགས་ཆེས་མང་སྟེ། རི་ཆོས་ངེས་དོན་རྒྱ་མཚོར་ལུང་སྟོང་དང་དྲུག་བརྒྱ་ལྷག་བཀོད་ཡོད་པས་དེ་སོགས་ལ་རྒྱུས་ལོན་མཛོད་ཅིག།
དྲི་བ་གསུམ་པ། གཞན་སྟོང་དབུ་མ་ཆེན་མོ་ཞེས་པ་འདི་བོད་དུ་ཐོག་མར་ཡུལ་དུས་གང་དུ། མཁས་པ་སུས་བསྟན་བཅོས་གང་དུ་གསར་དུ་སྲོལ་གཏོད་པ་ཡིན།
ལན། དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐའི་གཞན་སྟོང་སྙིང་པོ་ལས། བོད་དུ་ནི་ལོ་པཎ་དུ་མས་གཞུང་རྣམས་བསྒྱུར་ཀྱང༌། གྲུབ་མཐའ་གཙང་མར་འཛིན་པ་ལོ་ཙཱ་བ་གཟུ་དགའ་བའི་རྡོ་རྗེ་དང༌། བཙན་ཁ་བོ་ཆེ་སོགས་བྱམས་ཆོས་སྒོམ་ལུགས་པ་རྣམས་ཡིན་ཞིང༌། ཁྱད་པར་དུ་གཞན་སྟོང་ཟབ་མོ་སེང་གེའི་སྒྲས་ས་སྟེང་ཁྱབ་པར་མཛད་པ་པོ་ནི། ཀུན་མཁྱེན་ཆེན་པོ་དོལ་བུ་ཤེས་རབ་རྒྱལ་མཚན་ཡིན་ནོ། །ཞེས་གསུངས་པའི་རྒྱལ་བའི་ལུང་གིས་ཡང་ཡང་གསལ་བར་བསྔགས་པ་རྗེ་ཇོ་ནང་པ་ཆེན་པོ་ཀུན་མཁྱེན་དོལ་པོ་པ་༧ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གང་ཉིད་ཀྱིས་ཇོ་ནང་དཔལ་གྱི་གནས་ཆེན་དུ་རབ་ལོ་ལྔ་པར་རི་ཆོས་ངེས་དོན་རྒྱ་མཚོ་ལས་རྒྱས་པར་བསྟན་པའོ། །
དྲི་བ་བཞི་པ། གཞན་སྟོང་དབུ་མ་ཆེན་མོ་འདི་བྱམས་འཇམ་དབྱངས་གཉིས་དང་། དཔལ་ནཱ་ལེཎྡྲའི་པན་གྲུབ་བཅུ་བདུན་སོགས་འཕགས་ཡུལ་གྱི་མཁས་པ་རྣམས་ཀྱི་གཞུང་ཁུངས་གཏུགས་ས་གཞུང་ཚིག་དང་། རིགས་པ་གཙོ་བོ་གང་དང་གང་ཡོད།
ལན། རྗེ་བཙུན་བྱམས་པ་མགོན་པོའི་བྱམས་ཆོས་སྡེ་ལྔ་སོགས་ལ་བརྟེན་ཏེ་དབུ་མ་གཞན་སྟོང་བསྟན་ལ། དེའང་རྒྱུད་བླ་མ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། འཇམ་དཔལ་གྱིས་རང་གི་ལྟ་བ་མདོར་བསྟན་པ་ལས། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་སོ། །པཎ་གྲུབ་བཅུ་བདུན་རྣམས་ལས་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་དྲུག་ལ་བརྟེན་ཅིང་། རིགས་ཚོགས་དྲུག་ཏུའང་ཅུང་སྦས་པའི་ཚུལ་གྱིས་བསྟན་པར་བཞེད། དེ་འང་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་དང་། རིགས་ཚོགས་དྲུག་གི་ནང་ཚན་རྩ་བ་ཤེས་རབ་ལས་ཀྱང་། གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་དང་། རིགས་པ་དྲུག་ཅུ་བ་ལས། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་སོགས་གསུངས་སོ། །འཕགས་པ་ལྷའི་ཡེ་ཤེས་སྙིང་པོའི་ཀུན་ལས་བཏུས་པ་དང་དབུ་མ་བཞི་བརྒྱ་པ་སོགས་ལ་བརྟེན་པར་བཞེད་དོ། །སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། ཟླ་བ་གྲགས་པ་སོགས་ནི་གཞན་སྟོང་རང་ལུགས་ལ་ཁས་ལེན་ཆོག་མིན་བརྟགས་པའི་གནས་ཡིན། ཞི་བ་ལྷ་རང་ལུགས་སུ་བཞེད། འཕགས་པ་རྣམ་གྲོལ་སྡེ། སེང་གེ་བཟང་པོ། ཞི་བ་འཚོ། པདྨའི་ངང་ཚུལ། རྣམས་ཇོ་ནང་རང་ལུགས་སུ་ཁས་མི་ལེན་ཞིང་། ཡོན་ཏན་འོད་དང་། ཤཀྱ་འོད་གཉིས་ཁས་ལེན་ཆོག་མིན་གྱི་གསལ་ཁ་མེད། ཇོ་བོ་རྗེ་ཡང་དེ་བཞིན་ནོ། །ཐོགས་མེད་ཀྱི་རྒྱུད་བླ་མའི་འགྲེལ་བ་གཙོ་བོར་གྱུར་བའི་ཀུན་བཏུས་དང་ཐེག་བསྡུས་ས་སྡེ་ལྔ་སོགས་ལ་བརྟེན་ཅིང་། དབྱིག་གཉེན་གྱིས་ཡུམ་གསུམ་གནོད་འཇོམས། སུམ་བཅུ་བ། ཉི་ཤུ་པ། མདོ་སྡེ་རྒྱན་གྱི་རྣམ་བཤད་སོགས་ལ་བརྟེན་པར་བཞེད་དོ། །ཕྱོགས་གླང་གི་བརྒྱ་སྟོང་དོན་བསྡུས་དང་། ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་སོགས་ལའང་བརྟེན་པར་བཞེད་དོ། །རིགས་པ་ནི། གཞན་སྟོང་བསྟན་པའི་ཉི་མ་ངག་དབང་བློ་གྲོས་གྲགས་པའི་མཛད་པའི་རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ་ལས། གསུམ་པ་དེ་ལ་རིགས་པས་འཐད་ཚུལ་ནི། སྤྱིར་འགྲོ་བ་རྣམས་ཀྱི་སེམས་འདི་ཆོས་ཅན། ཁྱོད་ཀྱི་དྲི་མ་མཐའ་དག་འབྲལ་རུང་ཡིན་ཏེ། དྲི་མ་གང་ཡང་སེམས་གྱི་རང་གཤིས་ལ་མ་ཞུགས་པའི་ཕྱིར། དེར་ཐལ། དྲི་མ་སེམས་ཀྱི་གཤིས་ལ་ཞུགས་ན་སྒྲིབ་པ་གང་ཡང་སྤང་དུ་མེད་པས་ཐར་པ་ནམ་ཡང་མི་ཐོབ་པ་གང་ཞིག དེ་ལྟར་ཞུགས་པར་ཁས་ལེན་པའི་རང་སྡེ་ནང་པ་སངས་རྒྱས་པ་སུ་ཡང་མེད་པའི་ཕྱིར། དེས་ན་དྲི་མ་འབྲལ་རུང་གི་གཞིར་གྲུབ་པའི་དྲི་མ་མ་ཞུགས་པའི་སེམས་གཤིས་དེ་ཆོས་ཅན། དྲི་བྲལ་དྭངས་པའི་ཡེ་ཤེས་ཆེན་པོ་ཡིན་ཏེ། ཁྱེད་ཀྱི་རང་བཞིན་ལ་སྒྲིབ་གཉིས་ཕྲ་མོ་གང་གིས་ཀྱང་ནམ་ཡང་གོས་མ་མྱོང་བའི་སེམས་ཡིན་པའི་ཕྱིར་ཏེ། ཁྱོད་དྲི་མ་གང་ཡང་མ་ཞུགས་པའི་སེམས་འོད་གསལ་བ་རང་ཡིན་གྱི་གཤིས་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། སེམས་རང་བཞིན་གྱིས་འོད་གསལ་བ་ཡིན་ཏེ། ཁྱོད་གདོད་མ་ནས་རང་བཞིན་དག་པའི་བདག་ཉིད་ཅན་གྱི་སེམས་གཤིས་རབ་ཏུ་གསལ་བ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ནང་རིག་འགྱུར་མེད་ཀྱི་ཡེ་ཤེས་ཡིན་ཏེ། ཆུ་ལ་རྙོག་ལྟར་གློ་བུར་གྱི་དྲི་མ་ཁྱོད་ལ་བརྟེན་ཀྱང་ཐོག་མ་ནས་རང་གཤིས་དག་པའི་རང་བཞིན་གྱི་རིག་པ་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། རང་བཞིན་དག་པའི་གནས་ལུགས་ཀྱི་ཆོས་དབྱིངས་ཡིན་ཏེ། ཁྱེད་སྒྲིབ་ཀུན་བྲལ་བའི་སེམས་གཤིས་སུ་གྱུར་པའི་ཡེ་ཤེས་ཡིན་པ་གང་ཞིག་དེ་འདྲའི་ཡེ་ཤེས་དེ་རྒྱུ་རྐྱེན་གྱིས་གསར་དུ་བསྐྱེད་ནས་བཅོས་བསྒྱུར་གྱི་ངོ་བོ་མ་ཡིན་པར་ཡེ་ནས་གྲུབ་པའི་དོན་དམ་པའི་གནས་ལུགས་ཀྱི་རང་མདངས་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། ཀུན་རྫོབ་དྲི་བཅས་རྣམས་ཀྱི་ཆོས་ཉིད་ཀྱི་ངོ་བོར་ཡང་ཡོད་པ་ཡིན་ཏེ། ཀུན་རྫོབ་དྲི་བཅས་དག་གི་རྟེན་གྱི་ཚུལ་དུ་དོན་དམ་པའི་ཁམས་གསུམ་གནས་པའི་ཕྱིར་རོ། །འོ་ན་ཆོས་ཉིད་དེས་དྲི་བཅས་ཀྱི་རྟེན་བྱེད་ན་དེ་ཀུན་རྫོབ་རྣམས་བསྐྱེད་པའི་རྒྱུའི་ངོ་བོར་ཐལ་ལོ་སྙམ་ན། ཆོས་ཉིད་དེས་ཆོས་ཅན་རྣམས་བསྐྱེད་པའི་རྟེན་བྱེད་པ་ཙམ་གྱིས་དེ་དག་དེས་བསྐྱེད་མི་དགོས་པ་ནི། དཔེར་ན་ནམ་མཁའ་དེ་འཇིག་རྟེན་གྱི་སྣོད་བཅུད་མཐའ་དག་གི་གཞི་རུ་རྟེན་གྱི་ཚུལ་དུ་ཡོད་ཀྱང་དེས་དེ་དག་བསྐྱེད་པའི་ཐ་སྙད་མེད་པ་བཞིན་ནོ། །གཞན་ཡང་སྤྱིར་འབྲས་བུ་དུས་ཀྱི་ཀུན་མཁྱེན་ཡེ་ཤེས་ལ་སྒྲིབ་གཉིས་ཀྱི་དྲི་མ་ཀུན་ནས་དག་པའི་གནད་ཀྱིས་ཀུན་རྫོབ་གཞན་སྣང་གི་ངོར་རྣམ་པ་ཐམས་ཅད་པར་རུང་བ་ལྟར་གཞིའི་དུས་ཀྱི་ཆོས་དབྱིངས་དྲི་བྲལ་དྭངས་པའི་ཡེ་ཤེས་ལའང་དྲི་མ་གང་གིས་མ་གོས་པའི་གནད་ཀྱིས་དོན་དམ་པའི་རྣམ་པ་ཐམས་ཅད་པ་ཡིན་ཤིན་ཏུ་རུང་བའི་ཕྱིར་ན་དེ་ལ་མདོ་རྒྱུད་རྣམས་སུ་དང་པོའི་སངས་རྒྱས་སོགས་ཀྱི་མཚན་གསོལ་བ་ཡིན་ནོ། །འོན་ཀྱང་གཤེགས་སྙིང་གི་མདོ་སོགས་བཀའ་ཕྱི་མ་རྣམས་སུ་འགྲོ་བ་དག་གི་ཡིད་ཀྱི་ནང་དུ་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པ་རྣམས་སྒྲ་ཇི་བཞིན་པར་གོ་མི་རུང་བའི་དྲང་དོན་དགོངས་པ་ཅན་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེ་སྒྲ་ཇི་བཞིན་པ་མ་ཡིན་ན་དེ་ལྟར་དུ་མི་ཕམ་པས་རྒྱུད་བླར་གསུངས་རིགས་ཀྱང༌། དེར་མི་ཕམ་པས་མདོའི་སྒྲས་ཟིན་ཇི་བཞིན་པ་ལྟར་དཔེ་དོན་སྦྱར་ནས་རྒྱས་པར་གསུངས་པ་ལས་མདོའི་དགོངས་པ་གཞན་དུ་མ་བླངས་པ་ནི་གོང་དུ་དྲངས་པའི་ལུགས་དག་གིས་ཀྱང་གོ་ནུས་པ་ལྟར་ཡིན་པའི་ཕྱིར་རོ། །ཞེས་སོ། །
དྲི་བ་ལྔ་པ། གཞན་སྟོང་དབུ་མ་ཆེན་མོ་ལ་དགག་པ་ཐོག་མར་མཛད་མཁན་མཁས་པ་དང་བསྟན་བཅོས། དགག་པ་མཛད་པའི་ལུང་རིགས་གཙོ་བོ་གང་དང་གང་རེད།
ལན། ཉིད་ཀྱི་དྲི་ཚིག་འདི་ཚིག་གི་ངོས་ནས་ཅུང་རྒྱ་ཆེ་བར་སྣང་སྟེ་འཕགས་ཡུལ་དུའང་དགག་སྒྲུབ་ཀྱི་རྣམ་བཞག་བྱས་ཡོད་ལ་གངས་རིའི་ཞིང་འདིར་ལྟ་ཅི། དེས་ན། བདག་གི་བསམ་གཞིག་བྱས་པ་འཁྲུལ་མེད་ཚེ་ཉིད་ཀྱིས་བོད་ཀྱི་ཡུལ་འདིར་དྲི་བ་བཏང་བ་ཡིན་ནམ་སྙམ་དེས་ན་བོད་ཀྱི་ཡུལ་འདིར་གཞན་སྟོང་དབུ་མ་ཆེན་མོའི་དགག་སྒྲུབ་ཀྱི་རྣམ་བཞག་ཐོག་མར་བྱེད་མཁན་ནི་ས་པཎ་ཡིན་པར་སྣང་སྟེ། སྡོམ་གསུམ་རབ་དབྱེ་ལས། ཁ་ཅིག་གྲངས་ཅན་ལུགས་བཞིན་དུ། །ཡོད་པའི་དགེ་བ་ཞེས་བྱ་བ། །རང་བྱུང་དུ་ནི་གྲུབ་པར་འདོད། །དེ་ལ་བདེ་གཤེགས་སྙིང་པོ་ཟེར། །གྲངས་ཅན་ལུགས་འདི་མི་འཐད་པས། །ལུང་དང་རིགས་པས་དགག་པར་བྱ། །ཞེས་གསུངས་ཤིང་མགོ་མཚུངས་ཀྱི་རིགས་པ་ཞིག་གིས་དགག་ཚུལ་གྱི་རྣམ་བཞག་བྱས་པ་ཡིན་ནམ་སྙམ། དེ་ལས་གོང་དུ་གཞན་སྟོང་དབུ་མ་འདི་ལ་དགག་པ་གཞན་གྱིས་བྱས་པ་གོ་ཐོས་མཐོང་གསུམ་མེད། ཁོང་གིས་དགག་ཡུལ་དངོས་ནི་འབྲི་གུང་སྐྱོབས་པ་འཇིག་རྟེན་མགོན་པོ་ཡིན་པར་སྣང་སྟེ་སྐབས་དེར་ཀུན་མཁྱེན་ཇོ་ནང་བ་སྐུ་མ་བལྟམས་པའི་དུས་ཤིག་ཡིན་པས་རྗེ་གང་ཉིད་དགག་ཡུལ་དངོས་མིན་པར་གྲུབ་ཅིང་འབྲི་གུང་རིན་པོ་ཆེ་ཁོང་ནི་ཇོ་ནང་བའི་ལྟ་བ་དང་མཐུན་པ་སྨྲ་བའི་སྐབས་དུས་ཀྱི་མཁས་དབང་ཆེ་ཤོས་ཤིག་ཡིན་ནོ། །དེའི་རྗེས་སུ་བུ་སྟོན་རིན་ཆེན་གྲུབ་ཀྱིས་དགག་པ་གནང་སྟེ། ཉིད་ཀྱི་བདེ་གཤེགས་སྙིང་བོ་གསལ་ཞིང་མཛེས་པའི་རྒྱན་དུ་སེམས་ཅན་གྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱི་སངས་རྒྱས་ཡོད་ཅེས་ཁས་ལེན་གྱི་རྣམ་བཞག་དེ་ཤིན་ཏུ་མི་འཐད་པའི་ཚུལ་དང་མདོ་ཐ་མ་སོགས་ངེས་དོན་མིན་ཚུལ་སོགས་རྒྱས་པར་བཀག་ཅིང་དེ་ལ་རང་ལུགས་ཀྱི་རྗེ་བཙུན་ཕྱོགས་རྒྱལ་བའི་ལན་གྱི་ཚུལ་དུ་གཞུང་ཡང་དག་བརྩམས་ཡོད། དེའི་རྗེས་སུ་རྗེ་བཙུན་རེད་མདའ་བ་དང་གོ་རམས་པ་སོགས་དགག་པ་བྱས་མཁན་མང་དག་བྱུང་ཡོད་མོད་དྲི་བའི་ངོས་ནས་དེ་དག་ལན་གྱི་ནང་དུ་ཚུད་མི་དགོས་པར་སྣང་བས་རེ་ཞིག་མ་བཀོད་པ་ཡིན་ནོ། །
དྲི་བ་དྲུག་པ། གཞན་སྟོང་དབུ་མ་ཆེན་མོའི་རྣམ་གཞག་འདི་ལུང་རིགས་གཉིས་ཀྱིས་གཏན་ལ་འབེབ་པའི་གཞུང་རྒྱས་ཤོས་དང་ཁུངས་བཙན་ཤོས་གང་དང་གང་རེད།
ལན། དབུ་མ་གཞན་སྟོན་ཆེན་མོ་འདོད་པའི་གཞུང་ལུགས་སྟོན་པ་ཡང་། གྲུབ་མཐའ་སྐལ་བཟང་མིག་འབྱེད་ལས། གཉིས་པ་ལ། བཀའ་དང༌། བསྟན་བཅོས་གཉིས་ལས། དང་པོ་ལ། མདོ་སྔགས་གཉིས་ལས། དང་པོ་ནི། སྤྱིར་ན་འཁོར་ལོ་གསུམ་གྱི་མདོ་ཐམས་ཅད་དང༌། ཁྱད་པར་ཀཏྱ་ནའི་གདམས་ངག་གི་མདོ་སོགས་འཁོར་ལོ་དང་པོའི་མདོ་མང་པོ་དང༌། བྱམས་ཞུས་ཀྱི་ལེའུ་དང་ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་བའི་མདོ་མང་པོ་དང༌། མདོ་དགོངས་འགྲེལ། ལང་ཀར་གཤེགས་པ། རྒྱན་སྟུག་པོ་བཀོད་པ། མདོ་སྡེ་ཕལ་བོ་ཆེ་སྟེ་ཡོངས་གྲུབ་བདེན་གྲུབ་ཏུ་སྟོན་པའི་སེམས་ཙམ་པ་དང་ཐུན་མོང་པའི་འཁོར་ལོ་ཐ་མའི་མདོ་མང་པོ་དང༌། རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་མདོ་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ། རྔ་བོ་ཆེའི་མདོ། སོར་ཕྲེང་ལ་ཕན་པའི་མདོ། དཔལ་ཕྲེང་སེང་གེའི་ང་རོས་ཞུས་པའི་མདོ། མྱང་འདས་ཆེན་པོའི་མདོ། དཀོན་མཆོག་སྤྲིན་གྱི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་སོགས་ངེས་དོན་མཐར་ཐུག་སྟོན་པའི་འཁོར་ལོ་ཐ་མའི་མདོ་རྣམས་སོ། །གཉིས་པ་ནི། དཔུང་བཟང་གིས་ཞུས་པའི་རྒྱུད་དང༌། འདུས་པ་བདེ་དགྱེས་ཀྱི་རྒྱུད་དང༌། དུས་ཀྱི་འཁོར་ལོའི་རྒྱུད་སོགས་གསར་རྙིང་གི་རྒྱུད་སྡེ་ཤིན་ཏུ་མང་པོ་ཡོད། གཉིས་པ་བསྟན་བཅོས་ནི། བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན། འབྱེད་རྣམ་གཉིས། སྙིང་པོའི་མདོའི་དགོངས་འགྲེལ། རྒྱུད་བླ་མ། ཐོགས་མེད་ཀྱི་རྒྱུད་བླའི་འགྲེལ་བ། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས། ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་བ་སོགས་སྐུ་མཆེད་གཉིས་ཀྱིས་མཛད་པའི་བསྟན་བཅོས་ཕལ་ཆེ་བ་དང༌། གཞན་ཡང་འཇམ་དཔལ་གྱིས་མཛད་པའི་ལྟ་འདོད་མདོར་བསྟན་སོགས་དང་སེམས་འགྲེལ་སྐོར་གསུམ་དང༌། ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པ་སོགས་རྒྱ་གཞུང་རྣམས་དང༌། བོད་ཡུལ་གྱི་མཁས་མཆོག་རྣམས་ཀྱིས་མཛད་པའི་བསྟན་བཅོས་ནི། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་བདེ་གཤེགས་སྙིང་པོའི་མཛེས་རྒྱན། ཀུན་མཁྱེན་ཇོ་ནང་པ་ཆེན་པོས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ། བཀའ་བསྡུ་བཞི་པའི་འགྲེལ་བ། ངེས་དོན་མཐར་ཐུག་དེ་ཁོ་ན་ཉིད་གསལ་བྱེད་ལྟ་ངན་མུན་སེལ། རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་སོགས་དང༌། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་དབུ་མ་ཆེན་པོའི་ཚུལ་གཉིས་རྣམ་འབྱེད་རྒྱ་མཚོ་སྤྲིན་གྱི་འབྲུག་སྒྲ་དང༌། རྗེ་ཏཱ་ར་ནཱ་ཐས་མཛད་པའི་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོའི་རྣམ་ངེས་དང༌། ཤེས་རབ་སྙིང་པོའི་འགྲེལ་བ་སྔོན་མེད་ལེགས་བཤད། རྒྱུ་འབྲས་དབུ་མའི་ཐིག་ལེ། གཞན་སྟོང་སྙིང་པོ། གཞན་སྟོང་དབུ་མའི་རྒྱན། དབུ་མ་ཡིད་བཞིན་ནོར་བུ། ཚུལ་གཉིས་རྣམ་འབྱེད་ངེས་པའི་དོན་གྱི་འཇུག་ངོགས་སོགས་སོ། །ཞེས་སོ། །
དྲི་བ་བདུན་པ། གཞན་སྟོང་དབུ་མ་ཆེན་མོ་ལ་ལུང་རིགས་གཉིས་ཀྱི་དགག་པ་ཟབ་ཤོས་ཀྱི་མཁས་པ་དང་། བསྟན་བཅོས་གང་རེད།
ལན། དེ་ཡང་རྗེ་བཙུན་ཏཱ་ར་ནཱ་ཐའི་གཞན་སྟོང་དབུ་མའི་ལུང་སྦྱོར་ལས། སློབ་དཔོན་སྔ་མ་རྣམས་ཀྱིས་གཞན་སྟོང་ལ་དགག་པ་བྱས་པ་ནི་མེད་ལ། རྗེས་འབྲང་ཕྱིས་བྱུང་བ་རྣམས་ཀྱིས་དགག་པ་བྱེད་མོད་ཀྱང༌། གཞན་སྟོང་གི་གྲུབ་མཐའི་གནད་གོ་བ་ནི་གཅིག་ཀྱང་མེད་པས་ཕྱོགས་སྔ་མ་ལོངས་པའི་དགག་པ་ཤ་སྟག་གོ། །ཞེས་གསུངས་པ་ལྟར་སྤྱིར་དབུ་མ་གཞན་སྟོང་ཆེན་མོ་ལ་དགག་པ་གཏོང་མཁན་མང་ནའང་། གཟུ་བོའི་བློ་ཡིས་དཔྱད་ན་སྔ་རྒོལ་གྱི་འདོད་པ་མ་གོ་གོང་དགག་བཞག་གི་ཉི་མ་ཤར་ཟེར་བ་བཞིན་ལས་མ་འདས་མོད། མཚན་གཞི་ཙམ་ནི། མཁས་པ་རྗེ་ཙོང་ཁ་པ་དང་། བསྟན་བཅོས་དྲང་ངེས་ལེགས་བཤད་སྙིང་པོའོ། །
དྲི་བ་བརྒྱད་པ། གཞན་སྟོང་དབུ་མ་ཆེན་མོ་ཁས་ལེན་པའི་རིས་མེད་ཀྱི་མཁས་པ་དང་། དེ་དག་གི་མཛད་པའི་བསྟན་བཅོས་གང་དང་གང་ཡོད། དེ་དག་གི་དབར་གཞན་སྟོང་འདོད་ཚུལ་མི་མཐུན་པ་ཡོད་དམ།
ལན། གཞན་སྟོང་དབུ་མ་ཆེན་མོ་ཁས་ལེན་པའི་རིས་མེད་ཀྱི་མཁས་པ་དག་ཅུང་ཙམ་གླེང་ན། སྤྱིར་བོད་ཡུལ་འདིར་ནང་པའི་གྲུབ་མཐའ་ལྔ་ཙམ་ཡོད་པ་ལས་ཇོ་ནང་གྲུབ་མཐའ་རང་ལས་གཞན་པའི་གྲུབ་མཐའ་དེ་དག་གི་ནང་ནས་སྐྱེས་ཆེན་རེ་ཙམ་འཇོག་ན། སྔ་འགྱུར་རྙིང་མའི་ཕྱོགས་ནས་འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ལྟ་བུ་དང་། འགྲོ་མགོན་བཀའ་བརྒྱུད་པའི་ཕྱོགས་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་། དཔལ་ལྡན་ས་སྐྱ་བའི་ཕྱོགས་ནས་པཎ་ཆེན་ཤཱཀྱ་མཆོག་ལྡན་དང་། རི་བོ་དགེ་ལྡན་པའི་ཕྱོགས་ནས་ཡོངས་གྲགས་སུ་འཇམ་དབྱངས་ཆོས་རྗེ་དང་། གུང་རུ་རྒྱལ་མཚན་གཉིས་དང་། གཞན་བྲག་དཀར་བློ་བཟང་དཔལ་ལྡན་དང་ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་མཁས་པའི་དབང་པོ་སྐྱེས་ཆེན་དམ་པ་མང་མོད་འདིར་དེ་ཙམ་འགོད་པས་ཆོག་པར་ཞུ། དེ་དག་གིས་མཛད་པའི་བསྟན་བཅོས་ཀྱང་རིམ་བཞིན། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གྱིས་གཞན་སྟོང་ཁས་ལེན་སེང་གེའི་ང་རོ་མཛད། དེ་ཉིད་ལས། ངེད་ཀྱི་ལུགས་ལ་ཡུལ་སྟོང་བ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་ཀ་དོན་དམ་ཡིན་ཞིང་། དེ་གཉིས་ཡང་དག་པའི་དོན་དུ་སྣང་སྟོང་བདེན་གཉིས་ཐ་དད་མེད་པས་དོན་དམ་པའི་ཆོས་ཀྱི་དབྱིངས་ནི་སྟོང་པ་ཕྱང་ཆད་མ་ཡིན་ཏེ། རྣམ་དབྱེར་མེད་པའི་སྐུ་དང་ཡེ་ཤེས་ཀྱིས་མི་སྟོང་པར་ཡེ་ནས་ལྷུན་གྱིས་གྲུབ་པའི་ངོ་བོ་ཉིད་ཀྱི་སྐུར་གནས་སོ། །ཁྱོད་ཀྱི་དོན་དམ་མེད་དགག་ཕྱང་ཆད་ནི་ཐ་སྙད་ཀྱི་སྣང་བ་ལས་ཐ་དད་དུ་གྱུར་པའི་དངོས་མེད་ཡིན་ལ། སྐུ་དང་ཡེ་ཤེས་ཀྱི་ཆ་ཙམ་ཡང་སྔར་མེད་ཕྱིས་མེད་ནམ་ཡང་མེད། ཅེས་གསུངས་པ་དེ་ལྟར་རོ། །ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གཞན་སྟོང་དབུ་མ་ཆེན་མོའི་ལྟ་ཁྲིད་རྡོ་རྗེ་ཟླ་བ་དྲི་མ་མེད་པའི་འོད་ཟེར་ལས། སངས་རྒྱས་ནས་སེམས་ཅན་གྱི་བར་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་རང་བཞིན་གྱི་འོད་གསལ་བ་གློ་བུར་དྲི་མས་གདོད་ནས་གོས་མ་མྱོང་བ་དོན་དམ་བདེན་པའི་གནས་ལུགས་དེ་ཉིད་ཡང་དག་པར་ངོ་ཤེས་ནས་དེའི་ངང་དུ་མཉམ་པར་འཇོག་པ་ནི་བྱམས་ཆོས་ཀྱི་དགོངས་པ་སྟེ། ཞེས་དང་། ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ཚད་མེད་པ་སོགས་རྣམ་པར་དབྱེར་མེད་པའི་སངས་རྒྱས་ཀྱི་ཆོས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པ་ནི་གདོད་ནས་རང་ཆས་སུ་བཞུགས་པས་མི་སྟོང་ངོ་ཞེས་དྲི་མ་འབྲལ་རུང་དང་། ཡོན་ཏན་སྐྱེ་རུང་གི་གཞི་ལ་ཡིད་ཆེས་པས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གང་གཱའི་ཀླུང་གི་ནི། །རྡུལ་ལས་འདས་ཕྱིར་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་གསལ་གདབ། ཅེས་སོ། །པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་དབུ་མ་ཆེན་པོའི་ལུགས་གཉིས་རྣམ་པར་ཕྱེ་ནས་ངེས་དོན་གཅིག་ཏུ་བསྡུས་པ་རྒྱ་མཚོ་སྤྲིན་གྱི་འབྲུག་སྒྲ་ཟབ་མོ་མཛད། དེ་ཉིད་ལས། གཉིས་མེད་ཡེ་ཤེས་བདེན་མེད་སྒྲུབ་པ་ཡི། །ལུང་རིགས་རྒྱུད་བླའི་རྩ་འགྲེལ་གཉིས་ན་མེད། །བཟུང་འཛིན་སྤྲོས་པའི་ཚོགས་ཀུན་བཀག་བྱས་ཀྱང་། །གཉིས་མེད་ཡེ་ཤེས་ལྷག་མར་ལུས་གྱུར་ན། །རྫོགས་སངས་རྒྱ་བའི་ལམ་དུ་མི་འགྱུར་ཞེས། །སྨྲ་བོ་དེ་ཡིས་དོན་འདི་བསམ་པར་གྱིས། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ང་ཡིན་ཞེས། །ལྷག་པའི་ལྷ་སྒྲུབ་བྱེད་པའི་ཚུལ་གང་ཡིན། །སྔགས་ཀྱིས་གཟུང་འཛིན་གཉིས་མེད་བསམ་བྱས་ནས། །དེ་ཡི་ཡེ་ཤེས་ལྷག་མར་ལུས་དེ་ཉིད། །སོ་སོའི་ཆོ་གས་ལྷག་པའི་ལྷར་བསྒྲུབས་ནས། །ཚེ་འདི་ཉིད་ལ་འཚང་རྒྱ་བྱེད་མིན་ནམ། །གང་དེའི་ལྟ་བ་རྣམ་པར་དག་གྱུར་ན། །ཐོགས་མེད་ཞབས་གཞུང་ལྟ་བ་ཇི་ལྟར་འཁྲུལ། །རྫོགས་པའི་རིམ་པའི་ཡེ་ཤེས་གཞན་ཞིག་གིས། །གྱ་ནོམ་ལྷར་ཞེན་རྟོག་པ་སེལ་བྱེད་ན། །འདིར་ཡང་གཉིས་མེད་ཡེ་ཤེས་དེ་ཉིད་ལ། །མཚན་འཛིན་ཡེ་ཤེས་གཞན་གྱིས་སེལ་བར་ངེས། །རྟེན་འབྲེལ་ལ་སོགས་དབུ་མའི་གཏན་ཚིགས་ཀྱིས། །གཉིས་མེད་ཡེ་ཤེས་སྟོང་པར་མ་བསྒྲུབས་ན། །མཉམ་བཞག་ངོ་ན་སྤྲོས་དང་བྲལ་ཙམ་གྱིས། །དེ་ལ་མཚན་འཛིན་ལྡོག་པར་མི་ནུས་ན། །བསྐྱེད་རྫོགས་ཀྱིས་གྲུབ་ཡེ་ཤེས་ལྷ་དེ་ཡང་། །དབུ་མའི་རིགས་པས་སྟོང་བར་མ་བསྒྲུབས་ན། །འོད་གསལ་ངོ་བོར་རྟོགས་པས་དེར་འཛིན་གྱི། །མཚན་འཛིན་རྟོག་པ་ངང་གིས་ལྡོག་མི་ནུས། །ཞེས་གསུངས་པ་དེ་ལྟར་རོ། །བྲག་དཀར་བློ་བཟང་དཔལ་ལྡན་གྱིས་མཛད་པའི་གཞན་སྟོང་གི་གྲུབ་མཐའ་ལ་དཔྱད་པ་མདོར་བསྡུས་མཁས་པ་དགྱེས་པའི་གླུ་ལས། ད་ནི་ཐུན་མོང་མ་ཡིན་པའི་དོན་ལ་ཅུང་ཟད་དཔྱད་པར་བྱ་སྟེ། གཞན་སྟོང་གི་ལུགས་འདིར་དེ་བཞིན་གཤེགས་པའི་སྙིང་པོ་དང་། བདེ་གཤེགས་སྙིང་པོ་དང་། སངས་རྒྱས་ཀྱི་སྙིང་པོ་ཞེས་སོགས་དོན་གཅིག་ཅིང་། རྟག་བརྟན་བདེ་གཤེགས་སྙིང་པོ་ཡེ་ནས་སངས་རྒྱས་མཚན་དཔེ་གསལ་རྫོགས་སུ་བཞུགས་པ་ཡིན་ཡང་སེམས་ཅན་རྣམས་ལ་གློ་བུར་གྱི་དྲི་མས་བསྒྲིབས་པས་མངོན་དུ་མ་གྱུར་པ་ཡིན་ཞེས་བཞེད་ཅིང་། དེའི་ལུང་ཁུངས་ངེས་དོན་མདོ་བཅུ་དང་། རྗེ་བཙུན་བྱམས་པས་རྒྱུད་བླ་མ་ལས་ཆེད་དུ་གཉེར་ནས་དཔེ་དུ་མ་དང་བཅས་པའི་སྒོ་ནས་གསུངས་པ་ལ་རང་སྟོང་པ་དག་གིས་རྣ་བར་མ་ཤོང་ནས་དགག་པ་བྱེད་འདུག་པ་ལ་ཀུན་མཁྱེན་དོལ་པོ་ཡབ་སྲས་ཀྱིས་རི་ཆོས་ངེས་དོན་རྒྱ་མཚོ་སོགས་སུ་ལུང་རིགས་ཀྱི་སྒྲུབ་བྱེད་རྒྱ་ཆེན་པོ་མཛད་འདུག་པ་རྣམས་ལ་དཔྱད་ན་ཡང་དག་པ་ཡིན་མིན་གྱི་རྣམ་དབྱེ་ཅུང་ཟད་ཤེས་འོང་བར་འདུག་ཀྱང་། རང་གི་གྲུབ་མཐའི་ཞེན་ཕྱོགས་ཀྱི་རྩོད་པ་ལས་གཞུང་དོན་ལ་ཞིབ་ཏུ་དཔྱད་པའི་རྩོད་པ་བྱེད་མཁན་དཀོན་པར་སྣང་ངོ་། །ཞེས་སོ། །ལྕང་སྐྱ་རོལ་བའི་རྡོ་རྗེས་ལྟ་བའི་གསུང་མགུར་ཟབ་མོ་མཛད། དེ་ཉིད་ལས། ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག །ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་པས། །སྣང་བ་ལིང་ལིང་འདི་རང་སོར་བཞག་ནས། །དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་སྣང་སྟེ། །སྒྲིབ་བྲལ་ཨ་མ་ཡི་བཞིན་རས་དེ་ན། །ལང་ལང་ལིང་ལིང་འདི་ཡོད་སྐད་མི་འདུག །གནད་འགག་མ་ཕིགས་པའི་བཤད་བཤད་མང་ཡང་། །ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ། །ཡོད་ཞིག་ཡོད་མོད་ཀྱང་ད་ལྟའི་འདི་འདྲའི། །རོང་རོང་འགལ་འདུ་ཅན་ཡིན་ཚོད་མི་སྣང་། །ཕ་མ་མཛའ་གཅུགས་ཀྱིས་འབྲལ་མེད་བག་ཕེབས། །འཇམ་འཇམ་སྐྱིད་སྐྱིད་ཅིག་ཡིན་པར་སྣང་ངོ་། །ཞེས་གསུངས་པ་དེ་ལྟར་རོ། །སྤྱིར་གཞན་སྟོང་དབུ་མའི་ལྟ་སྒོམ་གྱི་གནད་གཅིག་ཀྱང༌། གནས་སྐབས་ལྟ་བ་དེ་གཏན་ལ་འབེབས་པའི་སྐབས། གྲུབ་མཐའ་མི་འདྲ་བ་ཐན་ཐུན་མང་དག་བྱུང་རིགས་སོ། །མཚོན་ཙམ་ཞུས་ན་ཟབ་དོན་ཉེར་གཅིག་ལས། འདིར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་རྟོན་པ་བཞི་ལྡན་དང༌། པཎྜི་ཏ་ཆེན་པོ་རྒྱལ་བ་ཤཱཀྱ་མཆོག་ལྡན་གཉིས། གཞན་སྟོང་དབུ་མའི་ལྟ་སྒོམ་གྱི་གནད་གཅིག་ཀྱང༌། གནས་སྐབས་ལྟ་བ་དེ་གཏན་ལ་འབེབ་པའི་སྐབས། གྲུབ་མཐའ་མི་འདྲ་བ་ཐན་ཐུན་མང་དག་ཡོད་པ་རྣམས་འདིར་ངོས་བཟུང་བར་བྱ་སྟེ། དེ་ལ་ཤཱཀྱའི་མཚན་ཅན་ནི། ཐལ་རང་གི་ལྟ་བ་འདི་ཀུན་འཁོར་ལོ་བར་པ་དང༌། རིགས་ཚོགས་ཀྱི་དགོངས་དོན་འཐད་ལྡན་ཡིན་ཞིང༌། བར་པའི་དངོས་བསྟན་སྒྲ་ཇི་བཞིན་པ་ཡང་ཡིན། རིགས་ཚོགས་དང་འཁོར་ལོ་ཐ་མའི་དངོས་བསྟན་མི་མཐུན་པར་བཞེད་ལ། ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ནི། ཐལ་རང་གི་ལྟ་བ་འདི་འཁོར་ལོ་བར་པ་དང་རིགས་ཚོགས་ཀྱི་དགོངས་པར་རློམ་པ་ཡིན་ཀྱང༌། དགོངས་པ་རྨ་མེད་པ་མ་ཡིན་ལ། རིགས་ཚོགས་དངོས་བསྟན་གྱི་ཚིག་ཕལ་ཆེར་ལ་འབྱོར་བ་ལྟར་སྣང་ཡང༌། མི་འབྱོར་པ་ཡང་མང་དུ་ཡོད་ལ། འཁོར་ལོ་བར་པའི་གཞུང་ཚིག་མང་པོས་གཞན་སྟོང་གསལ་བར་སྟོན་པས་འཁོར་ལོ་བར་པ་དང་རིགས་ཚོགས་ཀྱི་དངོས་བསྟན་སྒྲ་ཇི་བཞིན་པ་མ་ཡིན་ནོ། །དེ་ལ་འཁོར་ལོ་བར་པ་དང་རིགས་ཚོགས་ཀྱི་ཚིག་ཕལ་ཆེར་གྱི་དངོས་བསྟན་ནི། ཐལ་རང་དང་གཞན་སྟོང་གཉིས་ཀ་ལ་མི་འགལ་ཡང༌། རང་སྟོང་པར་གྲགས་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་ཁུངས་ལ་འདྲེན་པ་རྣམས་ནི། དེ་རྣམས་ཉིད་ལ་འཁྲུལ་གཞི་བྱུང་བ་ཡིན་གྱི། གྲུབ་མཐའ་དེ་དང་དེ་མི་སྟོན་ཞིང་དེ་ལས་གཞན་དེའི་ལུགས་དང་འགལ་ཞིང༌། གཞན་སྟོང་ཁོ་ན་སྟོན་པ་ཐུན་མོང་མ་ཡིན་པའི་ཚིག་ཀྱང་དུ་མ་ཡོད་པས། བར་པ་དང་རིགས་ཚོགས་ཀྱིས་ཀྱང་གཞན་སྟོང་དབུ་མ་ཉིད་སྟོན་ཏོ། །འོན་ཀྱང་དེ་དག་ནས། འཁོར་ལོ་ཐ་མ་དགོངས་འགྲེལ་དང་བཅས་པ་ཙམ་དུ་གཞན་སྟོང་ཐུན་མོང་མ་ཡིན་པ་རྣམས་གསལ་ཞིང་རྒྱས་པར་འབྱུང་བ་ཡིན་ལ། ཐལ་རང་གི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་དེང་སང་རང་སྟོང་གི་ལྟ་བར་གྲགས་པ་དེ་མི་སྟོན་ཀྱང༌། རྒྱལ་བ་སྲས་བཅས་ཀྱི་དགོངས་པའི་རང་སྟོང་དེ་རྒྱས་པར་བསྟན་ཏོ་ཞེས་གསུང་ངོ༌། །ཁྱད་པར་དང་པོའོ། །ཞེས་སོགས་ཁྱད་པར་ཉེར་གཅིག་ཙམ་ངོས་བཟུང་ཡོད་པས་རྒྱས་པར་ཤེས་འདོད་ན་དེར་གཟིགས་པར་ཞུ། ད་དུང་གཞན་རྣམས་མི་མཐུན་པ་འགའ་རེ་ཡོད་སྲིད་ཀྱང་འདིར་དེ་ཙམ་ལས་ངོས་འཛིན་བྱས་མ་ཐུབ་བོ། །
དྲི་བ་དགུ་པ། གཞན་སྟོང་དབུ་མ་ཆེན་མོ་འདི་བོད་ཀྱི་ལྟ་གྲུབ་སྨྲ་བ་རྣམས་དང་། ཁྱད་པར་དུ་མདོ་སྔགས་གཉིས་ཀྱི་ཉམས་ལེན་དངོས་གཞི་སོགས་ལ་སྦྱར་ན་གལ་གནད་ཆེ་ཆུང་ཇི་ལྟར་ཡིན་ནམ།
ལན། དེ་ཡང་ཉམས་ལེན་སྐབས་གལ་གནད་ཇི་ལྟར་ཆེ་བ་ཡང་། ངེས་གསང་པདྨོ་འབྱེད་པའི་ཉི་ཟེར་ལས། ངེས་དོན་དབུ་མ་ཆེན་པོ་མདོ་དོན་མཐར་ཐུག་ཏུ་བསྟན་ཞིང་སྤྲོས་བྲལ་མི་རྟོག་པ་ཉིད་རྒྱུ་དང་འབྲས་བུའི་ཐེག་པའི་སྡེ་སྣོད་སོ་སོར་ཡང་དག་ལྟ་བ་མཆོག་ཏུ་རིམ་པར་བསྔགས་ཏེ་ཚུལ་བརྗོད་པ་ཡང༌། སྤྱིར་ཐེག་ཆེན་དངོས་སྨྲའི་སྡེ་པ་སེམས་ཙམ་པའི་ལྟ་བ་ལས་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་པའི་མེད་དགག་དངོས་མེད་ཀྱི་དབྱིངས་རྟོགས་པའི་སྣང་མེད་དབུ་མའི་ལྟ་བ་ཁྱད་པར་དུ་འཕགས་ཤིང༌། དེ་ལས་ཀྱང་ཆེས་མཆོག་ཏུ་གྱུར་པ་སངས་རྒྱས་ཀྱི་སྙིང་པོའམ་བདེ་བར་གཤེགས་པའི་སྙིང་པོ་སྟོབས་སོགས་རྒྱལ་བའི་ཡོན་ཏན་ཐམས་ཅད་རང་ཆས་སུ་གནས་པའི་རྣམ་པ་ཀུན་ལྡན་གྱི་ཆོས་དབྱིངས་མཐར་ཐུག་པ་མངོན་དུ་བྱེད་པའི་སོ་སོར་རང་རིག་པའི་ཡེ་ཤེས་སུ་གྱུར་པའི་ངེས་དོན་འཁོར་ལོ་ཐ་མའི་ཟབ་མོ་དབུ་མའི་ལྟ་བ་འདི་ཉིད་མ་རྟོགས་པར་ཐེག་པ་ཆེན་པོའི་ཆོས་དབྱིངས་མཐར་ཐུག་གི་གནས་ལུགས་ལ་ནམ་ཡང་མི་རེག་ཅིང་ལྟ་བ་འདི་ཀ་རྟོགས་པ་སངས་རྒྱས་ཀྱི་སའི་ཆོས་དབྱིངས་ཆེན་པོ་དེ་ཉིད་རྟོགས་ཚུལ་མཐོ་དམན་གྱི་རིམ་པས་ཆ་ཤས་ནས་རྒྱ་ཇེ་ཡངས་སུ་མངོན་དུ་གྱུར་པ་ཡིན་ཏེ། ལངྐར་གཤེགས་པའི་མདོ་ལས། སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ། །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་གནས་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། །ཞེས་དང༌། སེམས་ཙམ་དང་ནི་སྣང་མེད་དང༌། །ས་གཞན་དག་གོ་སངས་རྒྱས་པ། །དེ་དག་སངས་རྒྱས་རྣམས་ཀྱིས་བཤད། །བཤད་ཅིང་འཆད་པར་འགྱུར་བའོ། །ཞེས་སོགས་གསུངས་པའི་ཤུགས་ཀྱིས་ལྟ་བ་རྣམས་ཁྱད་པར་འཕགས་ཚུལ་བསྟན་པ་ཡིན་པའི་ཕྱིར། རྟོག་དཔྱོད་ཀྱི་བཅོས་མའི་སྒོམ་གྱིས་གནས་ལུགས་སྤྲོས་མེད་རྟོགས་མི་ནུས་པར་མ་བཅོས་རྟོག་མེད་འདི་ཀ་རྟོགས་བྱེད་མཐར་ཐུག་ཏུ་གྱུར་པའི་ངོ་བོ་དེ་ཉིད་ཤེར་ཕྱིན་མཆོག་ཏུ་འགྱུར་ཚུལ་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས་གསུངས་པ་ཡིན་ཏེ། དེ་ཉིད་ལས། ཕུང་འདི་སྟོང་ཞེས་རྟོགས་ན་བྱང་ཆུབ་སེམས་དཔའ་དེ། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང༌། སྐྱེ་བ་མེད་དང་སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་གསུངས་པའི་ཕྱིར། སློབ་ལམ་རྒྱུའི་གནས་སྐབས་སུ་ཡང་མཐར་ཐུག་གི་འབྲས་བུ་དང་རིགས་མཐུན་གྱི་རྒྱུ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་བཅོས་རང་བབས་ཤུགས་འབྱུང་གི་ངང་ནས་བསྐྱེད་དེ་འདས་མ་འོངས་སོགས་ལ་ཀུན་རྟོག་གི་སྤྲོས་པ་མེད་པར་བྱས་ཏེ་སྒོམ་དགོས་པ་ཡིན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་དུས་མེད་རྟོགས་པ་པོ། །ཞེས་སོགས་གསུངས་པའི་ཕྱིར། ཞེས་སོ། །ཡང་ལྷན་འཐབ་འོད་བརྒྱ་འབར་བ་ལས། དེ་དག་ལས་བོད་ཡུལ་འདིར་གྲགས་པའི་ཕྱག་རྫོགས་ཞི་གཅོད་ལ་སོགས་པ་ཕལ་ཆེ་བ་ནི། རྫོགས་རིམ་ཡིན་པར་འདོད་ཅིང་གྲགས་མོད་ཀྱང༌། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་མེད་པའི་ཕྱིར་དང༌། ཐེག་ཆེན་མདོ་ལུགས་དང༌། ཉན་ཐོས་དང༌། ཁ་ཅིག་འཇིག་རྟེན་པའི་ཏིང་ངེ་འཛིན་ཀུན་དང་ཡང་ཐུན་མོང་ཡིན་པའི་ཕྱིར་རྫོགས་རིམ་མ་ཡིན་ལ། ཡང་ཁ་ཅིག་རྫོགས་རིམ་གྱི་སྐད་དོད་ནི་ཥྤནྣ་མ་བཅོས་པ་དང༌། མ་བརྟགས་པ་ལ་འཇུག་ཅིང༌། པ་རི་ནི་ཥྤནྣ་ཞེས་པ་ཡོངས་སུ་གྲུབ་པ་ལའང་འཇུག་པས། སྒྲ་བཤད་དེ་དག་ཚང་བའི་ཕྱིར་རྫོགས་རིམ་ཡིན་ནོ་སྙམ་ན། སྒྲ་བཤད་ཕྱོགས་རེ་ཚང་བ་ཙམ་གྱིས་དེ་དང་དེ་ཡིན་པར་མི་འགྱུར་ཏེ། ཆུ་ལས་སྐྱེས་དང་ཆུ་སྐྱེས་བཞིན། །ཞེས་པ་ལྟར་ཡིན་པ་དང་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཤེར་མདོ་དང༌། རྒྱུད་བླ་དང༌། ཟླ་བ་སྒྲོན་མེའི་མདོ་དང༌། རིགས་ཚོགས་ཀྱི་གཞུང་ལ་སོགས་པའི་དངོས་བསྟན་ཡིན་པར་ཁས་ལེན་བཞིན་དུ། གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྫོགས་རིམ་ཡང་ཡིན་ནོ་ཞེས་སྨྲ་བ་ནི། ཆེས་འགལ་བར་སྨྲ་བ་ཡིན་མོད་ཀྱི། ཕྱོགས་འཛིན་གྱི་གདོན་གྱིས་བསླད་པས་རིགས་པ་རྣལ་མར་མེད་པ་དེ་དག་ལ་སྨྲས་ཀྱང་དགོས་པ་མི་སྣང་བས་རེ་ཞིག་བཏང་སྙོམས་སུ་བཞག་གོ། ཞེས་དང་། ཡང་དེ་ལས། དེ་ལྟ་བས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱིས་གནས་ལུགས་བསྒོམ་པ་ཡང་ཡིན། སྒོམ་པ་དེ་ཁོ་ནས་རྡོ་རྗེ་ལུས་ལ་ཕྱིན་ཅི་མ་ལོག་པར་གནད་དུ་བསྣུན་པ་ཡང་ཡིན་པའི་གཞི་མཐུན་པ་ཞིག་བྱུང་ན། དེ་ནི་རྫོགས་རིམ་དངོས་ཡིན་ཏེ། དེ་ཡང་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ལས་གཞན་ལ་མེད་དོ། །ཡང་འདི་སྙམ་དུ་ད་ལྟ་ཕྱག་ཆེན་དུ་གྲགས་པ་འདི་ལྟ་བུ་མི་རྟོག་པའི་གནས་ལུགས་བསྒོམ་པ་ཡིན་ལ། དེའི་སྟེང་དུ་གཏུམ་མོ་དང་ལས་རྒྱ་སོགས་ཀྱིས་རྡོ་རྗེ་ལུས་ལ་གནད་དུ་བསྣུན་ན་བདེ་སྟོང་ཕྱག་ཆེན་དུ་འགྱུར་བ་དང༌། མི་རྟོག་པ་དང་ལུས་ལ་གནད་དུ་བསྣུན་པ་གཉིས་ཀར་ཚང་བས། རྡོ་རྗེའི་རྣལ་འབྱོར་དང་ཁྱད་མེད་པར་འགྱུར་སྙམ་ན། ཉམས་མྱོང་རྣམ་པ་འདྲ་རུང་ཡོད་དུ་ཆུག་ཀྱང༌། དེ་ནི་རྒྱུ་ཐ་དད་གཉིས་འདུས་པའི་བཅོས་མ་ཡིན་པས། ཡེ་ཤེས་ཀྱི་རྩ་སོགས་ལ་གནད་དུ་བསྣུན་མི་ནུས་ཏེ། རྩི་བརྒྱ་མང་དུ་སྡོམ་ན་ཡང༌། །ཁང་པའི་གདུང་མ་བཟོད་པར་དཀའ། །ཞེས་པ་ལྟར་ཡིན་པས་སོ། །རྡོ་རྗེའི་རྣལ་འབྱོར་འདིར་ནི་ཐབས་གཞན་གྱིས་བྱས་པ་མ་ཡིན་པར་མི་རྟོག་པའི་ཡེ་ཤེས་གཅིག་པོ་དེས་རྡོ་རྗེ་ལུས་ལ་གནད་དུ་བསྣུན་པར་བྱེད་པ་ཡིན་པའི་ཕྱིར་ཤིན་ཏུ་ཁྱད་ཆེ་སྟེ་སྐར་མའི་ཚོགས་པ་དང་ཉི་མ་བཞིན་ནོ། །འདིར་གང་ལ་གནད་དུ་བསྣུན་རྒྱུའི་རྡོ་རྗེ་ལུས་ནི་སྟེང་འོག་རྩ་དྲུག་དང༌། རྩ་འཁོར་ལོ་དྲུག་དང༌། དེ་{དཀའི་[དག་གི་]རླུང་དང་ཐིག་ལེ་སོགས་ཡིན་གྱི། ལུས་ཙམ་པོ་ལ་མི་འཇོག་གོ། དེ་ལྟར་ན་ལམ་ཐམས་ཅད་ལས་ཆེས་ཁྱད་པར་དུ་གྱུར་པའི་རྡོ་རྗེའི་རྣལ་འབྱོར་འདི་ནི། ཉམས་མྱོང་ལ་ཞག་དུས་ཐེབས་པ། གྲུབ་ཐོབ་ལ་ཟླ་དུས་ཐེབས་པ། སངས་རྒྱས་ལ་ལོ་དུས་ཐེབས་པའི་ཆོས་གཞན་གང་དང་ཡང་མི་མཉམ་པ་ཡིན་ནོ། །གཞན་ཡང་ཟུང་འཇུག་རབ་གསལ་ལས། རྣལ་འབྱོར་ཡན་ལག་དྲུག་པ་དང་ཕྱོགས་མཐུན་པ་དག་ལ་ཨ་ཏི་ཡོ་གར་གྲགས་པ་ཡང་དོན་མཐུན་རུང་ཙམ་ཡིན་ལ། རྣལ་འབྱོར་བཞིའི་ཟླས་ཕྱེ་བའི་ཤིན་ཏུ་རྣལ་འབྱོར་ནི་མ་ཡིན་ནོ། །བཅུ་གཉིས་པ་ནི། རྫོགས་པའི་རིམ་པ་ཞེས་ཡོངས་སུ་གྲགས་པ་ཡང་རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ལ་འཇུག་པ་ཡིན་ཏེ། རྩ་རླུང་ཐིག་ལེའི་རྣམ་པ་རྟོག་པས་བསྒོམས་པ་ལ་སེམས་འཛིན་པ་དང༌། དྷཱུ་ཏིའི་འགྲོ་འོང་མ་ཐོབ་གོང་གི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱའི་བདེ་བ་བསྒོམས་པ་སོགས་ནི་རྫོགས་རིམ་དང་ཉེ་བ་དང༌། རྫོགས་རིམ་གྱི་རྣམ་པ་ལམ་དུ་བྱེད་པར་ཡིན་པའི་ཕྱིར་དང༌། རྫོགས་རིམ་གྱི་རྒྱུ་རྐྱེན་ཁྱད་པར་ཅན་བྱེད་པའི་ཕྱིར་རྫོགས་རིམ་དུ་བཏགས་པར་ཟད་ཀྱི། རྣལ་འབྱོར་གྱི་ངོ་བོ་བསྐྱེད་རིམ་གྱི་ཕྲ་ཐིག་ལས་མ་འདས་སོ། །རྫོགས་རིམ་གྱི་སྐད་དོད། ནིཥྤནྣ་ཀྲ་མ་ཞེས་པའི་ཐོག་མར་པ་རི་ཞེས་པ་བསྣན་པས། པ་རི་ནིཥྤནྣ་ནི་ཡོངས་སུ་གྲུབ་པ་སྟེ། གདོད་མ་ནས་གྲུབ་པའི་གནས་ལུགས་དེ་བཞིན་ཉིད་དོ། །དེ་བསྒོམ་པའི་ཐབས་ནི་རིམ་པ་སྟེ། གནས་ལུགས་ཀྱི་མཐར་ཐུག་པ་ཡང་སྟོང་གཟུགས་དང་བདེ་ཆེན་ཟུང་འཇུག་ཁོ་ན་ཡིན་པའི་ཕྱིར། དེ་བསྒོམ་པའི་ཐབས་རྫོགས་རིམ་དངོས་ནི་རྡོ་རྗེའི་རྣལ་འབྱོར་ལས་གཞན་མ་ཡིན་ནོ། །ཞེས་གསུངས་སོ། །
དྲི་བ་བཅུ་པ། གཞན་སྟོང་དབུ་མ་ཆེན་མོའི་སྐོར་ལ་རྒྱ་གར་འཕགས་ཡུལ་དུ་དགག་སྒྲུབ་ཀྱི་རྩོད་པ་བྱུང་ཡོད་མེད་དང་། དམིགས་བསལ་བོད་དུ་སྔ་ནས་ད་བར་མཁས་གྲུབ་མང་པོས་དགག་སྒྲུབ་ཀྱི་རྩོད་པ་ཤུགས་ཆེན་པོ་བྱུང་བའི་རྒྱུ་མཚན་གཙོ་བོ་གང་དང་གང་ལ་ཐུག་ཡོད།
ལན། སྔོན་སྟོན་པའི་དུས་ནའང་རྩོད་པའི་ཚུལ་བྱུང་སྟེ། སོར་མོའི་འཕྲེང་བ་ལ་ཕན་པའི་མདོ་ལས། དེ་ནས་ཡང་སོར་མོའི་འཕྲེང་བས། གང་པོ་བྱམས་མའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀུན་དང་ཉན་ཐོས་ཀྱིས། །གང་དེ་ཀུན་ཏུ་མ་བརྙེས་པ། །ཆོས་དེ་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། །དེ་སྐད་གསུངས་པའི་དོན་ཅི། གང་བོས་སྨྲས་པ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང་བདག་དང༌། སྲོག་དང་གང་ཟག་དང་ཤེད་ལས་སྐྱེས་པ་དང་ཤེད་བུ་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་མ་རྙེད་ནས་བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་གོ་སྙམ་སྟེ་འདས་སོ། །དེ་བཞིན་དུ་སྦྱར་ཏེ། ད་ལྟར་དང་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་མི་བརྙེས་བརྙེས་པར་མི་འགྱུར། དེ་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཡང་སྦྱར་ཏེ་གསུངས་ནས། དེ་ལྟར་སྲོག་དང་གང་ཟག་དང་ཤེད་ཅན་དང་ཤེད་བུ་དང་སེམས་ཅན་དང་བདག་གི་དབྱིངས་མེད་པར་སྟོན་ཏེ་དེ་ལྟར་བདག་མེད་པར་སྟོན། དེ་ལྟར་སྟོང་པར་སྟོན་ཏེ། དེ་ལྟ་བུའི་ཆོས་ཀྱི་གཏམ་སྟོན་ཏོ། །སོར་མོའི་འཕྲེང་བས་གང་པོ་བྱམས་མའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བཙུན་པ་གང་པོ་ཁྱོད་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ་ཆོས་ཀྱི་གཏམ་སྟོན་མི་ཤེས་སོ། །སྦྲང་བུ་ཡང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ཀྱིས་སྦྲང་བུ་ལྟར་བླུན་པོ་ཁྱོད་ཅང་མ་ཟེར་ཅིག གང་པོ་དེ་བཞིན་གཤེགས་པའི་ལྡེམ་པོའི་ངག་མི་ཤེས་པས་བདག་མེད་པ་ལ་ཆོས་སུ་སེམས་པ་ནི། གཏི་མུག་གི་ཆོས་ཀྱི་མར་མེའི་ནང་དུ་ཕྱེ་མ་ལེབ་ལྟར་ལྷུང་ངོ༌། །གང་དེ་སངས་རྒྱས་ཀྱིས་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་ནས་འདས་སོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་བདག་གི་ཁམས་མེད་པ་ནི་མི་བརྙེས་སོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་སེམས་ཅན་གྱི་ཁམས་མེད་པ་བརྙེས་པར་མི་འགྱུར་རོ། །རང་སངས་རྒྱས་དང་ཉན་ཐོས་རྣམས་ཀྱིས་ཀྱང་དུས་གསུམ་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་མི་བརྙེས་བརྙེས་པར་མི་འགྱུར་ཏེ། ཚིགས་སུ་བཅད་པ་དེའི་དོན་ནི་འདིའོ། །ཡང་སངས་རྒྱས་ཀུན་གྱི་གང་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་ནན་ཏན་དུ་བཙལ་ཀྱང་འཇིག་རྟེན་པའི་བདག་མཐེ་བོ་ཙམ་དང་ཅི་ཚེའི་འབྲུ་དང་འབྲས་དང་ཡུངས་འབྲུ་དང་ཏིལ་གྱི་རིལ་བུ་ཙམ་དམར་པོ་དང་སྔོན་པོ་དང་སེར་པོ་དང་དཀར་པོ་དང་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་ལ་སོགས་པ་སྙིང་ཁ་ན་འབར་ཞིང་འདུག་ཅེས་བྱ་བ་དང༌། ཞེས་པ་ནས་གང་དེ་དག་གི་རྟག་པ་བརྟན་པ་ཐེར་ཟུག་སྟེ་བདག་དེ་ནི་འདི་འདྲའོ། །ཞེས་བྱ་བ་སངས་རྒྱས་ཐམས་ཅད་དང་ཉན་ཐོས་ཐམས་ཅད་ཀྱིས་མ་བརྙེས་ནས་མངོན་པར་སངས་རྒྱས་ནས་སྲོག་ཆགས་རྣམས་ལ་བཤད་དོ། །ཞེས་བྱ་སྟེ་ཚིགས་སུ་བཅད་པ་དེའི་དོན་ནི་འདི་ཡིན་གྱི། གང་པོ་ཡིས་ནི་ཕྱིན་ཅི་ལོག་ཏུ་རྣམ་པར་བརྟག་པས་ན་དེའི་དོན་མ་ཡིན་ནོ། །སངས་རྒྱས་རྣམས་ཀྱིས་གང་མ་བརྙེས་ཞེས་བྱ་བ་དེ་ནི། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏེ། མ་བྱས་པའི་སངས་རྒྱས་ཀྱི་ཁམས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད་དོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་ནི་ནན་ཏན་དུ་བཙལ་ཀྱང་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས་མཐའ་ཡས་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཡོད་དོ། །དུས་གསུམ་དུ་ཉན་ཐོས་དང་རང་སངས་རྒྱས་སྦྲང་མ་ལྟ་བུ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ཅེས་གྲགས་ཏེ། མིག་གིས་ནི་བལྟ་མི་ནུས་སོ་ཞེས་འདྲི་བ་དེ་ལ་བྱེད་པའི་རྒྱུ་ནི་བསྟན་ཏོ། །འདི་ལྟ་སྟེ་སྒྲ་གཅན་ཟིན་དཔལ་གྱི་བསླབ་པ་དང་ཚུལ་ཁྲིམས་ལྷུར་བྱེད་པས་སྲོག་ཆགས་ཅན་གྱི་ཆུ་ལ་ཤིན་ཏུ་ནན་ཏན་དུ་བལྟ་སྟེ། སྲོག་ཆགས་ཡིན་ནམ་མ་ཡིན་འོན་ཏེ་རྡུལ་འདྲ་བ་ཞིག་སྟེ་ཐམས་ཅད་མ་ཡིན་ནོ་སྙམ་པ་ལས། རིམ་གྱིས་བརྟགས་ན་སྲོག་ཆགས་ཕྲ་མོ་ཡིན་པར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟག་རྣམས་ཀྱིས་རང་གི་ལུས་ལ་བདག་གི་དབྱིངས་ཡོད་པར་བདག་ཉིད་ཀྱིས་མཐོང་སྟེ། འདི་འདྲ་བ་དེ་ལྟ་བུ་མཐའ་ཡས་པའི་དབྱིངས་སུ་མཐོང་ངོ༌། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ནི་ཤིན་ཏུ་དཀའ་བ་བྱེད་པ་ཡིན་ཏེ། གང་དག་ཀུན་ཏུ་འབར་བ་དང་རབ་ཏུ་འབར་བ་ལྟ་བུའི་འཇིག་རྟེན་དུ་རང་གི་སྲོག་ཀྱང་བཏང་སྟེ་སྟོན་པར་འགྱུར་བ་ནི་རབ་ཏུ་དཀའ་བ་བྱེད་པ་ཕན་པར་སྟོན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྟག་དེ་དག་ལ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་གྱི་གཞན་ལ་མི་སྟོན་ཏོ། །སེམས་ཅན་དག་ནི་བདག་ཉིད་དེ་བཞིན་གཤེགས་པ་ཡིན་ནོ། །དཔེར་ན་འཕྲུལ་གྱི་མིག་དང་ལྡན་པའི་ནང་ན་མ་འགགས་པ་བཞིན་ཏེ། མ་འགགས་པ་དང་ལྷན་ཅིག་ཏུ་བྱིས་པ་ཤའི་མིག་ཅན་སོང་ནས་ནམ་མཁའ་ལ་བྱ་སོང་པའི་རྗེས་ལ་བལྟས་ན་བྱིས་པ་ཤའི་མིག་ཅན་གྱིས་ཅི་ནམ་མཁའི་བྱ་རྗེས་མཐོང་ངམ། གནས་བརྟན་མ་འགགས་པས་ནི་གསལ་བར་མཐོང་སྟེ། སྐྱེས་བུ་ཤའི་མིག་ཅན་ཡང་གནས་བརྟན་གྱི་[དྲིན་{དྲིང་}ལ་རབ་ཏུ་ཡིད་ཆེས་ནས་འགྲོ་བ་དེ་བཞིན་དུ། བྱིས་པ་ཤའི་མིག་ཅན་དང་འདྲ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མདོ་སྡེ་ཐམས་ཅད་ཀྱི་ཚུལ་ལ་ཡིད་ཆེས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་ཀྱི། དེ་བཞིན་གཤེགས་པའི་ཡུལ་གྱི་དབྱིངས་ལྟ་ཡང་དག་པར་ག་ལ་མཐོང༌། དེ་སྟེ་ཉན་ཐོས་དང་རང་སངས་རྒྱས་གཞན་གྱི་དྲིང་ལ་འཇོག་ན་མི་དམུས་ལོང་ཙམ་ལྟ་ཡིད་ག་ལ་ཆེས། སྔོན་བྱུང་བ་ས་འདི་མངར་སྣ་བཞི་ཅན་དུ་གྱུར་ཏོ་ཞེས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དུ་མི་གསུང་བ་རྣམས་ལས་ཁོ་བོས་ཐོས་ཏེ། སེམས་ཅན་གང་དག་གི་མངར་སྣ་བཞི་མྱོང་བའི་སེམས་ཅན་དེ་དག་ད་དུང་ཡང༌། བྱིས་པའི་ཚེ་ས་ཟ་སྟེ་གང་གི་ཡུན་རིང་པོ་ནས་བསྙེན་པོར་ཞིམ་པོ་དེ་སེམས་ཅན་རྣམས་ད་དུང་ཡང་གཏོང་མི་ནུས་སོ། །དེ་བཞིན་དུ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་དྲུང་དུ་གང་གིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསྒོམས་ཤིང༌། མང་དུ་བྱས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་ཆེས་ཏེ། སེམས་ཅན་དེ་དག་ནི་ཡུན་རིང་པོ་ནས་བསྒོམས་ཤིང་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་སྟེ་གཞན་མ་ཡིན་ནོ། །མ་འོངས་པའི་དུས་ན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དང་ཐོས་ནས་ཡིད་ཆེས་པར་འགྱུར་བའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྲས་ས་ལ་ཟ་བ་ལྟ་བུ་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བའོ། །ཞེས་གསུངས་སོ། །དེའི་རྗེས་སུ་ཡང་། གཞན་སྟོང་དབུ་མའི་ལུང་སྦྱོར་ལས། འོན་ཀྱང་འཁྲུལ་གཞི་འབྱུང་བ་ནི་བདེན་ཏེ་ཅུང་ཟད་མི་གསལ་བ་དང༌། བསྡུས་པའི་ཚུལ་གྱིས་གཞན་སྟོང་བསྟན་པས་སོ། །དེའི་ཕྱིར་ཙནྡྲ་གོ་མི་དང་ཟླ་བ་གྲགས་པའི་རྩོད་པ་ལོ་བདུན་དུ་བྱུང་བ་ལ། མཁས་པས་ཆེད་དུ་བརྗོད་པ་འདི་ཡུན་རིང་མོར་མ་ག་དྷའི་གྲོང་ཁྱེར་གྱི་ཁྱེའུ་བུ་མོ་ཚུན་ཆད་ཀྱང་གླུར་ལེན་ཏེ། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང༌། །ལ་ལའི་སྨན་ལ་ལ་ལའི་དུག །མི་ཕམ་འཕགས་པ་ཐོགས་མེད་གཞུང༌། །སྐྱེ་བོ་ཀུན་ལ་བདུད་རྩི་ཉིད། །ཅེས་སྒྲོག་གོ། །ཞེས་སོ། །ཞེས་པ་ལྟར་ཟླ་གྲགས་དང་ཙནྡྲ་གོ་མི་གཉིས་ཀྱིས་རྩོད་པ་བྱས་སོ། །རྩོད་པ་ཤུགས་ཆེན་པོ་དར་བའི་རྒྱུ་མཚན་ནི་མང་པོ་མཆིས་མོད། གཙོ་བོ་བོད་ཡུལ་འདིར་ཟླ་བ་གྲགས་པ་སོགས་ཀྱི་ལུགས་ཀྱི་ངོ་བོ་ཉིད་མེད་པའི་བཤད་ཚུལ་དེ་རྒྱ་ཆེར་དར་བ་ཤུགས་ཆེ་བས་གནས་སྐབས་ན། དེ་དང་བཤད་ཚུལ་མི་མཐུན་པའི་གཞན་སྟོང་གི་བཤད་ཚུལ་འདི་དར་ཚེ་རྩོད་པ་བྱུང་བ་སྨོས་མ་དགོས་པའོ། །
དྲི་བ་བཅུ་གཅིག་པ། གཞན་སྟོང་དབུ་མ་ཆེན་མོའི་རྣམ་གཞག་འདི་ལ། གོང་དུ་གསུངས་པའི་ལུང་རིགས་རྣམས་སུ་མ་འདུས་པས་འཐད་མིན་གྱི་དགག་སྒྲུབ་དྲི་མ་མེད་པའི་རིགས་པ་དང་། རང་གི་གོམས་པའི་མྱོང་བ་སོགས་ངེས་ཤེས་རྙེད་པའི་རང་ལུགས་ཀྱི་འཛིན་མཚམས་སོགས་གང་དང་གང་ཡོད་དམ།
ལན། དྲི་བ་གོང་མ་དག་ཏུ་མ་འདུས་པ་ཆེས་མང་ན་འང་། སྤྱིར་བཏང་གཞན་སྟོང་ཞེས་པའི་ཚིག་མདོ་ལས་བྱུང་མིན་དང་། ཚིག་འདི་ཙམ་མཁས་པ་ཁ་ཅིག་གིས་དགག་མིན་ནི་གནད་ཆུང་ཤས་ཤིག་མིན་ནམ་སྙམ། དེས་ན་དབུ་མ་གཞན་སྟོང་ཆེན་མོ་གང་དེ་འཁོར་བ་དང་མྱང་འདས་ཀྱི་གཞི་དང་། རྟག་པ་དང་བརྟན་པ་ཡིན་པའི་ཚུལ་དང་། བདག་གཉིས་སྟོང་པའི་བདག་མཆོག་ཡིན་ཚུལ་དག་ཅུང་ཞིག་སྨྲ་བ་ལགས་ན། གང་དག་གིས་རང་ལྟ་ལེགས་འཛིན་དང་གཞན་ལྟ་ལོག་འཛིན་གྱིས་དབེན་པའི་བློ་གཟུ་བོས་བརྟག་པ་ནི་ཁོ་བོའི་སྨོན་པ་ལགས་སོ། །དེས་ན་འཁོར་འདས་རང་རྟེན་འབྲེལ་གྱི་བདག་ཉིད་དུ་གྲུབ་ཅིང་། རྟེན་འབྲེལ་ཡང་ཆོས་ཉིད་ཀྱི་མཐུ་ལས་ཤར་བའི་མ་རིག་པའི་སྣང་བ་འདི་དག་གོ། །ཡིན་མ་ཡིན་གྱི་སྣང་བ་འདི་དག་གིས་འཁོར་བ་བྱས་ཤིང་། སྣང་བ་ནི་ཡིན་མིན་དང་ཡོད་མེད་དུ་འཛིན་པ་དག་གིས་སོ། །འཛིན་པ་འདི་དག་ནི་སྤངས་བླང་མ་ནོར་བའི་ཡེ་ཤེས་ཤིག་གིས་མ་གཞོམ་པར་ཡིན་ཡོད་དང་མིན་མེད་ཀྱི་འཛིན་ཚུལ་ཚང་བ་ཅན་ཞིག་གིས་བཟློག་པ་ནི་རྒྱུ་འབྲས་ཀྱི་རིམ་པ་ལས་ཕྱི་རོལ་ཏུ་གྱུར་པ་ཞིག་ཏུ་ལགས་ན། དབུ་མ་གཞན་སྟོང་ཆེན་མོ་ནི་ཡེ་ཤེས་ཕྱིན་ལོག་མ་ཡིན་པ་ཞིག་ལས་རྟོག་པ་གང་གིས་ཀྱང་གཞིགས་པ་དང་། རྟོགས་པར་ནུས་པ་མ་ཡིན་ནོ། །འཁོར་བ་དང་མྱང་འདས་གཉིས་ཀྱི་གཞིའམ་རྟེན་ཡིན་ཏེ། འཁོར་བའི་ཆོས་རྣམས་བརྟག་ཅིང་དཔྱད་ན་གང་དུའང་མ་གྲུབ་པར་མཐོང་ཞིང་མཐོང་བ་དེ་ཡང་གང་དུའང་མི་དམིགས་པའི་འཁོར་འདས་ཀྱི་དེ་པ་ཉམས་སུ་མྱོང་བའི་གདོད་མའི་ཡེ་ཤེས་ཡིན་པས་སོ། །འོ་ན་ཡིན་མིན་དང་ཡོད་མེད་ཀྱང་མི་འཛིན་ན་གང་ཞིག་ནི་བློའི་ཡུལ་དང་ཅི་ཞིག་ནི་བློས་རྟོགས་པའོ་ཞེ་ན། ཅིར་ཡང་མི་འཛིན་པ་དང་གང་ཡང་མི་དམིགས་པའི་སེམས་འོད་གསལ་གཉུག་མ་རང་བྱུང་རང་ཉིད་རང་གིས་རིག་པའི་ཚུལ་གྱིས་གནས་པའི་ཡེ་ཤེས་ཤིག་ངང་ངམ་ཤུགས་ཀྱིས་མཐོང་བ་དེ་ནི་དབུ་མ་གཞན་སྟོང་ཆེན་མོ་ལགས་སོ། །རྟག་པ་ནི་གང་གིས་མ་བྱས་ཤིང་གང་དུ་མི་གཡོ་བར་དུས་ཀྱིས་ཀྱང་མ་བསྡུས་པ་ཞིག་ལགས་ན། དབུ་མ་གཞན་སྟོང་ཆེན་མོ་ནི་དེ་དེ་ལྟར་དུ་བཞུགས་ཏེ། དེ་ནི་བློས་བྱས་མིན་ཏེ། བློ་རང་ཉིད་ཀྱི་གཤིས་སུ་བཞུགས་ཤིང་། བློ་མ་གྲུབ་པའི་སྔ་རོལ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་བཞུགས་པས་སོ། །གང་དུའང་མི་གཡོ་སྟེ། གཡོ་བ་ནི་འགྱུར་བའི་ཆ་ལ་བཏགས་པ་ཞིག་ལགས་པས་ན། དེ་ནི་གཞི་གང་ཞིག་ལ་ཕར་བློས་བཏགས་རྒྱུ་ལས་ཚུར་ཆོས་ཉིད་དུ་གྲུབ་པ་གང་ཡང་མི་དམིགས་པས་སོ། །དུས་ཀྱིས་ཀྱང་བསྡུས་པ་མེད་དེ། དུས་ནི་བློས་ཅི་ལྟར་འཛིན་པ་ལྟར་བསྒྱུར་དུ་བཏུབ་ཅིང་བྱང་སེམས་སོགས་ཀྱིས་སྐད་ཅིག་གཅིག་བསྐལ་བར་བྱིན་གྱིས་བརླབས་ཤིང་། བསྐལ་བ་ཡང་སྐད་ཅིག་ཙམ་བྱེད་པ་ཡོད་པ་ན་ཆོས་ཉིད་ནི་གང་དུ་བསྒྱུར་བ་དང་གང་དུ་བྱིན་གྱིས་བརླབ་པ་སོགས་མེད་པའི་རྟེན་འབྲེལ་མ་ཡིན་པ་ཞིག་ལགས་ན་དེས་བསྡུས་ནི་མི་སྲིད་པའོ། །སྤྱིར་བདག་ཅེས་པའི་ཐ་སྙད་འདི་བཀོལ་ས་མང་ལ་འཇིག་རྟེན་པས་ནི་ང་ཞེས་པར་རྟོག་པ་ཡིན་ཞིང་། གཞུང་ལུགས་ཀྱི་ཐད་དུ་ནི་བདག་ཅེས་པའི་ཚིག་འདི་རང་གི་ངོས་ཐད་ནས་བརྗོད་ན། གང་ལའང་ལྟོས་པ་མེད་པར་ཚུགས་ཐུབ་ཏུ་གནས་པ་ཞིག་ལ་རེག་རྒྱུ་ལས། གང་ཚུགས་ཐུབ་མ་ཡིན་ཞིག་ཚུགས་ཐུབ་ཏུ་འཛིན་པའི་འཛིན་ཡུལ་ལ་རྟོག་པ་ནི་ནོར་བའམ་ཡང་ན་བདག་ཅེས་པ་གང་ཟག་གི་བདག་དང་ཆོས་ཀྱི་བདག་ཙམ་དུ་སྨྲ་བའི་གཞུང་ཚིག་ཁ་ཤས་ལ་གོམས་འདྲིས་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། དེས་ན་གཞུང་ལུགས་ཀྱི་སྐབས་སུ་བདག་ཅེས་པར་གོ་བ་ལེན་ཚུལ་ལྟར་བྱས་ན་ནི་དབུ་མ་གཞན་སྟོང་ཆེན་མོ་ཡང་བདག་གི་ངོར་བཞུགས་ལ། དེ་ལྟར་བཞུགས་ཀྱང་གང་ཟག་དང་ཆོས་ཀྱི་དེས་ནི་སྟོང་བ་ཡིན་པ་ཤེས་པར་བྱ་དགོས་པ་ལས་གོ་བ་ལོག་ལེན་འཛིན་པ་ཕྱིན་ལོག་ཏུ་འཛིན་པར་རིགས་པ་མ་ཡིན་ནོ། །གང་ཆོས་ཤིག་རྟག་པར་འགྲུབ་ན་བདག་ཏུའང་གྲུབ་ལ་གང་བདག་ཏུ་མ་གྲུབ་ན་རྟག་པར་ཡང་མི་འགྲུབ་པས་བརྗོད་བྱ་ཉོག་པར་མ་བྱས་སོ། །སྔ་རབས་པ་དང་ཕྱི་རབས་པ་ཐམས་ཅད་ཀྱི་གྲུབ་མཐའ་དག་འདིར་འཇུག་པ་ལ་ངེས་པར་བརྒྱུད་དགོས་པའི་ལམ་སྟེགས་སུ་ཁས་ལེན་པའི་ཕྱིར་འདི་ནི་ཀུན་དང་མཐུན་ལ་ཀུན་ལས་ཁྱད་པར་དུ་འཕགས་པ་ཞིག་ཀྱང་ངོ། །རང་ལུགས་ཀྱི་འཛིན་མཚམས་སོགས་གང་དང་གང་ཡོད་ཅེ་ན། དང་པོར་ངེས་དགོས་པ་འགའ་ཞུས་ནས་གཞུང་ཚད་ལྡན་ལས་བསྡུས་ཏེ། ལན་གདབ་པར་བྱའོ། །རང་ལུགས་ལ་ཤེས་བྱ་ལ་དངོས་དང་དངོས་མེད་ཀྱིས་མ་ཁྱབ། དངོས་དངོས་མེད་ལ་ཀུན་རྫོབ་ཀྱིས་ཁྱབ། གཞན་སྟོང་དབུ་མ་ཆེན་མོའམ་དོན་དམ་ཤེས་བྱ་ཡིན་ཡང་དངོས་དངོས་མེད་གང་ཡང་མིན། འོ་ན་གང་གིས་ཁྱབ་ཅེ་ན། འདུས་བྱས་དང་འདུས་མ་བྱས་གཉིས་ཀྱིས་སོ། །ཀུན་རྫོབ་ལ་འདུས་བྱས་ཀྱིས་ཁྱབ། དོན་དམ་ལ་འདུས་མ་བྱས་ཀྱིས་ཁྱབ་བོ། །གཞན་སྟོང་དབུ་མ་ཆེན་མོ་དང་། ཡོད་པ་དང་། བདེ་གཤེགས་སྙིང་པོ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། དོན་དམ་དང་། ཆོས་ཀྱི་དབྱིངས་ལ་སོགས་པ་རྣམས་མིང་གི་རྣམ་གྲངས་སོ། །ད་རང་ལུགས་ཀྱི་འཛིན་འཚམས་འགའ་ཞིག་འདིར་ངོས་བཟུང་བ་ལ། ༡ཀུན་རྫོབ་གཞི་མེད་རྩ་བྲལ་ཡིན་ཚུལ་དང་། ༢འཁོར་རྩ་རྣམ་རྟོག་དང་དེའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཚུལ། ༣ཚད་མ་དང་རྟག་པའི་གཞི་མཐུན་ཡོད་ཚུལ། ༤དོན་དམ་སྒྲ་རྟོག་གི་ཡུལ་ལས་འདས་ཚུལ། ༥དེ་མཚན་དཔེ་གསལ་རྫོགས་ཀྱི་སངས་རྒྱས་ཡིན་ཚུལ། ༦དེ་བདེན་པར་གྲུབ་པ་ཡིན་པའི་ཚུལ་ཏེ་དྲུག་ལས། དང་པོ། ཀུན་རྫོབ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་རྣམ་ཤེས་འཁྲུལ་བའི་སྣང་ངོ་ཙམ་ལས་གྲུབ་མ་མྱོང་བ་ཡིན་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་ལས། ཀུན་རྫོབ་གཟུང་འཛིན་གྱི་ཆོས་ཐམས་ཅད་གདོད་མ་ནས་མ་གྲུབ་ཀྱང༌། ཞེས་དང་། དོན་དམ་རང་རིག་བདེ་གཤེགས་སྙིང་པོ་ནི། །རྣམ་པ་ཀུན་ལྡན་རང་བཞིན་འགྱུར་བ་མེད། །ཀུན་རྫོབ་འཁོར་འདས་ཆོས་ཀུན་ཡོད་མ་མྱོང༌། །རྣམ་དག་ལྟ་བའི་སྙིང་པོ་དེ་ཙམ་ལགས། །ཞེས་དང་། དེ་ལྟར་གདོད་ནས་མེད་ཀྱང་ལས་འབྲས་ལ་སྤང་བླང་དགོས་པར་གདམས་པ་ཡང་། དེ་ལས། དགེ་སྡིག་གི་འབྲས་བུ་སྨིན་པ་འདི། །སྒྱུ་མས་སྒྱུ་མ་བསྐྱེད་པ་དང་འདྲ། །བདེན་མེད་ཀྱི་ཆོ་འཕྲུལ་ཙམ་ལགས་མོད། །ཀུན་རྫོབ་ཀྱི་འཁྲུལ་སྣང་མ་འགགས་པར། །རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་བསླུ་པས། །སྤང་བླང་ལ་ཕྲ་ཞིབ་མཛད་པ་ཞུ། །ཞེས་སོ། །ཡང་དེ་ཡོད་ན་ཚད་མ་ལ་སྣང་དུ་རུང་བ་ལ་གཏན་མ་སྣང་བས་སོ། །མདོ་རྒྱན་ལས། བྱང་ཆུབ་སེམས་དཔའ་དེ་བསལ་ནས། །ཡང་དག་ཉིད་ནི་ཀུན་ཏུ་སྣང་། །ཞེས་སོ། །གཉིས་པ། འཁོར་བའི་རྩ་བ་བློ་རྣམ་པར་རྟོག་པ་དང་དེའི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཚུལ་ཡང་། ཐམས་ཅད་མཁྱེན་པ་ངག་དབང་བློ་གྲོས་གྲགས་པའི་ངེས་གསང་པདྨོ་འབྱེད་པའི་ཉི་ཟེར་ལས། སྤྱིར་ཉོན་མོངས་པ་རྣམས་དང་ཁྱད་པར་བདེན་པར་འཛིན་པ་ཀུན་ཀྱི་རྩ་བ་འཁོར་བ་ཕྲ་རགས་སུ་འཆིང་བྱེད་ཀྱི་རྨོངས་པ་ནི་བློས་བྱས་ཀྱི་ཀུན་རྟོག་ཕྲ་མོ་ཉིད་ཡིན་ཕྱིར་དེའི་གནོད་བྱེད་དུ་གྱུར་པའི་གཉེན་པོ་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་ལ་མཉམ་པར་བཞག་པས། ཀུན་ཉོན་དང་ཤེས་སྒྲིབ་ཀྱི་རྩ་བའི་རྨོངས་པ་མ་རིག་པ་བློས་བྱས་ཀྱི་རྟོག་ཚོགས་ཀུན་ཀྱང་རང་དྭངས་སུ་སོང་སྟེ་མཁའ་བཞིན་དྲི་མ་མེད་པའི་ཆོས་དབྱིངས་སྤྲོས་པ་ཀུན་བྲལ་གྱི་སྣང་བ་དོན་དམ་པའི་རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་མངོན་དུ་གྱུར་འོང་བ་ཡིན་ཏེ། རྒྱུད་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་ཡིན་པའི་ཕྱིར། དེས་ན་ལྟ་བའི་རྒྱལ་པོ་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་ཆོས་ཅན། ཁྱོད་བློས་བྱས་ཀྱི་རྟོག་ཚོགས་མཐའ་དག་གི་དངོས་གཉེན་དུ་འོས་པ་ཡིན་ཏེ། གཞིའི་སེམས་རྒྱུད་གང་དང་གང་ལ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བའི་མ་བཅོས་སྤྲོས་མེད་ཀྱི་ཡིན་ལུགས་ཇི་བཞིན་མངོན་དུ་གྱུར་པའི་སྐབས་ན་སྤྲོས་པ་བཅོས་ཞེན་གྱི་ཀུན་རྟོག་མཐའ་དག་གི་རྣམ་པ་གཏན་ནས་རང་དྭངས་སུ་བྱེད་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དཔེར་ན་ཉི་མའི་འོད་ཟེར་ཤར་བ་ན། གཞི་དེར་མུན་པའི་ཚོགས་ཀྱི་གནས་མེད་པ་བཞིན་ནོ། །ཞེས་སོ། །གསུམ་པ། འགའ་ཞིག་གིས་ཚད་མ་དང་རྟག་པའི་གཞི་མཐུན་ཡོད་མི་རིགས་ཏེ། རྣམ་འགྲེལ་ལས། ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་ཟེར་མོད། འདི་ནི་ཀུན་རྫོབ་ཀྱི་ཚད་མ་ལ་དགོངས་པ་སྟེ། དོན་དམ་གྱི་ཚད་མ་ནི་དེ་ལས་འདས་སོ། །ཡང་དག་པའི་དེ་བཞིན་ཉིད་ཡེ་ཤེས་སུ་གསུངས་ཏེ། མདོ་ལས། ཡང་དག་ཡེ་ཤེས་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་སོ། །ཡེ་ཤེས་ཡིན་ན་ཚད་མ་མིན་པ་འགལ་བའི་ཕྱིར་རོ། །བཞི་བ། དོན་དམ་དེ་བཞིན་གཤེགས་པའི་སྙིང་པོ་ནི། འཕགས་པ་རྣམས་ཀྱི་སོ་སོར་རང་རིག་པའི་ཡེ་ཤེས་ཁོ་ནས་སྤྱོད་ཡུལ་ཡིན་གྱི། བློ་རྟོག་གེ་ཅན་གྱི་སྤྱོད་ཡུལ་ལས་རྣམ་པར་འདས་པ་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་འདི་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་གྱི། ཆོས་འདི་ཡི་གེ་དག་གིས་གདགས་པར་ནི་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་ཡི་གེ་ཐམས་ཅད་ལས་ཡང་དག་པར་འདས་པའོ། །ཆོས་འདི་ནི་མངོན་པར་བརྗོད་པ་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ངག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། ངག་གི་ལམ་ཐམས་ཅད་ལས་ཡང་དག་པར་འདས་པ། སྤྲོས་པ་ཐམས་ཅད་དང་བྲལ་བའོ། །རྟོག་གེ་ཐམས་ཅད་དང་བྲལ་བ་སྟེ། བརྟག་པར་བྱ་བ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་མ་ཡིན་པ། རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ། །བྱིས་པའི་ཡུལ་ལས་ཡང་དག་པར་འདས་པ་སྟེ། བྱིས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའོ། །རྣམ་པར་ཤེས་པའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ་སྟེ། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །ཞེས་དང་། རྗེ་ཇོ་ནང་པ་ཆེན་པོའི་རིང་ལུགས་འཇིགས་མེད་གདོང་ལྔའི་ང་རོ་ལས། གཞན་ཡང་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་པའི་དགེ་བར་གྱུར་བའི་ཡེ་ཤེས་དེའི་ཚུལ་རྟོག་གེའི་བློས་སྤྱོད་ཡུལ་མ་ཡིན་ཞིང་གཤེགས་སྙིང་དེའི་གནས་ཚུལ་ནི་བེམ་པོའམ་ཅང་མེད་ཀྱི་སྟོང་རྐྱང་མེད་དགག་ཙམ་དུ་ཟད་པ་མ་ཡིན་པར་སེམས་རང་བཞིན་གྱིས་འོད་གསལ་པའི་ཡེ་ཤེས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་དོན་དམ་རང་བྱུང་གི་ཡེ་ཤེས་དགེ་ཚོགས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས་ཀྱང༌། དེ་བཞིན་གཤེགས་པའི་སྙིང་པོ་དགེ །རྟོག་གེ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་པ་དང༌། སེམས་ནི་རང་བཞིན་འོད་གསལ་ཏེ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །ཞེས་སོགས་གསུངས་པའི་ཕྱིར། ཞེས་དང་། མདོ་ལས། སོ་སོ་རང་རིག་ཐེག་པ་ནི། །རྟོག་གེ་པ་ཡི་སྤྱོད་ཡུལ་མིན། །ཞེས་སོ། །ལྔ་བ། དེ་མཚན་དཔེ་གསལ་རྫོགས་ཀྱི་སངས་རྒྱས་ཡིན་ཚུལ་ནི། རི་ཆོས་ངེས་དོན་རྒྱ་མཚོ་ལས། ཆོས་ཉིད་ཀྱི་མཚན་དཔེ་མཐའ་ཡས་པ་ལ་སོགས་པ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་མང་པོ་ཅན་སངས་རྒྱས་ཀྱི་དབྱིངས་སམ་དབྱིངས་ཀྱི་སངས་རྒྱས་དེ་ཉིད་སེམས་ན་ཐམས་ཅད་ལ་ཡོད་པར་གསུངས་ཏེ། ཇི་སྐད་དུ། སངས་རྒྱས་ཐམས་ཅད་ཀྱིས་ཀུན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་པ་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ཉིད་ཀྱིས་བཙལ་ཡང་དབྱིངས་བྱུང་བ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱུང་བའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བདག་ཉིད་ཀྱིས་བཙལ་ཡང་དབྱིངས་མི་རྟག་པ་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་རྟག་པའི་དབྱིངས་སངས་རྒྱས་ཀྱི་དབྱངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐེར་ཟུག་མ་ཡིན་པ་མ་བརྙེས་ཏེ་སེམས་ཅན་(ཐམས་ཅད་)ལ་ཐེར་ཟུག་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང༌། དེ་བཞིན་གཤེགས་པའི་སྙིང་པོ་གཡུང་དྲུང་མ་ཡིན་པ་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་གཡུང་དྲུང་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནད་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་ནད་མེད་པའི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་རྒ་ཤི་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་རྒ་ཤི་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་འཇིག་པ་མ་བརྙེས་ཏེ་མི་འཇིག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅན་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་གཞིག་ཏུ་རུང་བ་མ་བརྙེས་ཏེ་མི་ཤིགས་པའི་དབྱིངས། སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ཏུ་བཙལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་དྲི་མ་མ་བརྙེས་ཏེ་སེམས་ཅན་ཐམས་ཅད་ལ་དྲི་མ་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང་དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དེ་དཔེར་ན་ཆུ་དང་འབྲུ་མར་བསྐྱེས་པ་(ཐ་དད་དུ་)མི་དམིགས་པ་དེ་བཞིན་དུ་སངས་རྒྱས་ཀྱི་དབྱིངས་ཀྱང་ཉོན་མོངས་པ་བྱེ་བས་གཡོགས་མོད་ཀྱི་ཉོན་མོངས་པ་དང་སངས་རྒྱས་ཀྱི་དབྱིངས་འདྲེས་པར་གྱུར་པའི་གནས་མེད་དོ། །དབྱིངས་ཀྱང་ཉོན་མོངས་པ་བྱེ་བའི་ནང་ན་འདུག་མོད་ཀྱི། བུམ་པའི་ནང་ན་མར་མེ་འདུག་པ་བཞིན་དུ། བུམ་པ་བཅག་ན་མར་མེ་རབ་ཏུ་འབར་ཞིང་མཛེས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་རྫོགས་པའི་སངས་རྒྱས་སོ། །ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ། འདིར་མཚན་དང་དཔེ་བྱད་རྣམས་ལ་ཡང་བདེན་གཉིས་རྣམ་དབྱེ་ཤེས་ན་ཐུབ་པའི་བཀའ་ལ་མི་རྨོངས་པར་འགྱུར་རོ། །དེ་ཡང་བདེ་གཤེགས་སྙིང་པོ་ཆོས་ཀྱི་དབྱིངས་ཉིད་ལ་རང་བཞིན་གྱིས་ཚང་བར་གསུངས་པའི་མཚན་དང་དཔེ་བྱད་རྣམས་ནི་དོན་དམ་ཆོས་སྐུའི་ཡོན་ཏན་ཡིན་གྱི། ཀུན་རྫོབ་གཟུགས་སྐུ་ཡི་ནི་མ་ཡིན་ཏེ། སུམ་ཅུ་རྩ་གཉིས་མཚན་འཆང་བ། །ཞེས་པ་ལ་སོགས་པ་རྒྱུད་སྡེ་ཟབ་མོ་རྣམས་སུ་(ངེས་དོན་)མཐར་ཐུག་གི་མཚན་དང་དཔེ་བྱད་གསུངས་པ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་བླ་མ་དམ་པའི་མན་ངག་(ཁྱད་འཕགས་བསྒོམས་པ་)ལས་ཁོང་དུ་ཆུད་པར་བྱ་བ་ཡིན་པས་རྟོག་གེའི་སྤྱོད་ཡུལ་ནི་མ་ཡིན་ནོ། །དབུ་མ་པ་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང༌། (རྒྱུད་བླའི་འགྲེལ་བར་)དེ་ཡོངས་སུ་དག་པའི་ཡོན་ཏན་ཡོངས་སུ་སྦྱོང་བ(འི་ཐབས་བྱང་ཆུབ་སེམས་དཔའི་རྒྱན་བཞི་སྣང་བ་བརྒྱད་སྙིང་རྗེ་བཅུ་དྲུག་ཕྲིན་ལས་སུམ་ཅུ་རྩ་གཉིས་ཏེ་)རྣམ་པ་དྲུག་ཅུ་(གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་)བསྟན་པས་སངས་རྒྱས་ཀྱི་དབྱིངས་(ཡོན་ཏན་མང་པོ་ཅན་)གསལ་བར་མཛད་དེ་ཡོངས་སུ་དག་པར་བྱ་བའི་དོན་ཡོན་ཏན་(མང་པོ་)དང་ལྡན་པ་དེ་ཡོད་ན་དེ་ཡོངས་སུ་དག་པའི་ཡོངས་སུ་སྦྱོང་བ་འཐད་(ཀྱི་དེ་མེད་ན་དེ་སྟོན་པ་མི་འཐད་)པའི་ཕྱིར་རོ། །ཞེས་གསུངས་ཏེ། སྦྱོང་བྱེད་གཉེན་པོ་གསུངས་པ་ཉིད་ཀྱིས་ཀྱང་སྦྱང་གཞི་བདེ་གཤེགས་སྙིང་པོ་ཡོན་ཏན་མང་པོ་ཅན་གསུངས་པར་བསྟན་པའི་ཕྱིར་བདེ་གཤེགས་སྙིང་པོ་དངོས་སུ་མི་སྟོན་ཡང༌། སྦྱོང་བྱེད་གཉེན་པོ་སྟོན་པའི་གསུང་རབ་ཐམས་ཅད་ལས་ཀྱང༌། སྦྱང་གཞི་བདེ་གཤེགས་སྙིང་པོ་དོན་གྱིས་བསྟན་པར་འགྱུར་རོ། །ཞེས་ཉེ་བར་དགོངས་སོ། །དེ་ལྟ་བས་ན། ཀུན་རྫོབ་བདེན་པ་ལ་ཀུན་རྫོབ་ཀྱི་ཡོན་ཏན་རྣམས་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་དོན་དམ་བདེན་པ་ལ་ཡང་དོན་དམ་གྱི་ཡོན་ཏན་རྣམས་ཡོད་ཅིང༌། དེ་རྣམས་ཀྱང་དོན་དམ་བདེན་པ་དང་དབྱེར་མེད་པའི་ཕྱིར་མི་འབྲལ་བའི་ཡོན་ཏན་གཾ་གཱའི་ཀླུང་གི་བྱེ་མ་སྙེད་ལས་འདས་པ་དང་ལྡན་པ་ཞེས་ཡང་དང་ཡང་དུ་གསུངས་པའི་དགོངས་པ་ཆེན་པོའི་དོན་ལ་མཁས་པར་བྱའོ། །(དེ་ལས་གཞན་དུ་ན་བདེ་གཤེགས་སྙིང་པོ་བློར་ཤོང་ཙམ་བྱུང་ཡང་དེ་ལ་ཆོས་སྐུའི་ཡོན་ཏན་ཚང་པ་བློར་མི་ཤོང་ན་ལུང་གསལ་པོ་དེ་རྣམས་དང་འགལ་ཞིང་འཆད་གྱུར་མང་པོ་དང་ཡང་འགལ་བར་འགྱུར་རོ)། །ཞེས་དང་། གཞན་ཡང་དེ་ཉིད་དུ་དོན་དེ་ཉིད་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱང་བཞེད་པར་རྒྱ་ཆེར་གསུངས་ཏེ་མང་དོགས་སོ། །དྲུག་པ། དེ་བདེན་པར་གྲུབ་པ་ཡིན་པའི་ཚུལ་ནི། ཤེར་མདོ་ལས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཞེས་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་གདམས་མགུར་འབུམ་ལས། དོན་དམ་ཡང་དག་པའི་དབྱིངས་ཆོས་ཉིད་རང་རིག་རང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་འདི་ནི། ཡང་དག་པའི་སྟོང་པ་ཉིད་དང༌། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་དང༌། རང་བཞིན་གྱིས་འོད་གསལ་བ་དང༌། བདེ་གཤེགས་སྙིང་པོ་ཞེས་བྱ་བ་ཡིན་ཏེ། འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་གདོད་མ་ནས་གྲུབ་ཅིང༌། འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ཉམས་སུ་མྱོང་བྱ་ཡིན་པའི་ཕྱིར། བདེན་པ་ཡིན་ལ། འགྱུར་བ་མེད་པའི་ཕྱིར་རྟག་ཅིང་བརྟན་པ་དང༌། གནས་ལུགས་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར། དེ་བཞིན་ཉིད་དང༌། མ་ནོར་བ་དེ་བཞིན་ཉིད་དོ། །དེ་ལྟར་གནས་ལུགས་ད་ནི། བདེན་གྲུབ་དང༌། རྟག་བརྟན་གཡུང་དྲུང་ཡིན་ཀྱང༌། སྤྲོས་པ་ཐམས་ཅད་དང་བྲལ་བ་ཡིན་ཞིང༌། ཚིག་གིས་བརྗོད་དུ་མེད། བློས་བཟུང་དུ་མེད་པ་ཡིན་པས། མཉམ་བཞག་གི་ཚེ། འདི་བདེན་པ་ཡིན་ནོ་རྟག་པ་ཡིན་ནོ་ཞེས་བློས་བརྟགས་ནས་ནི་མི་སྒོམ་སྟེ། མཉམ་བཞག་རྣམ་པར་མི་རྟོག་པ་གང་དུ་ཡང་འཛིན་པ་མེད་པ། བཟོ་བཅོས་མེད་པའི་ཚུལ་གྱིས་འཇོག་དགོས་པས་སོ། །ཞེས་དང་། གཞན་སྟོང་དབུ་མའི་ལུང་སྦྱོར་ལས། སངས་རྒྱས་བདེན་གྲུབ་ཏུ་སྟོན་པ་ཡང༌། ཇི་ལྟར་ཡི་དྭགས་རྣམས་ཀྱིས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་བཞིན། །དེ་བཞིན་མི་ཤེས་པས་སྒྲིབ་པ། །སངས་རྒྱས་རྣམས་ནི་མེད་པར་བལྟ། །དམན་པ་བསོད་ནམས་དམན་པ་ལ། །བཅོམ་ལྡན་འདས་ཀྱིས་ཅི་བགྱིར་མཆི། །ཞེས་སོ། །དོན་དམ་པར་བསྟོད་པ་ལས་ཀྱང༌། ཆོས་རྣམས་ཀུན་ལ་མི་གནས་པ། །ཆོས་ཀྱི་དབྱིངས་ཀྱི་དངོས་གྱུར་ཅིང༌། །མཆོག་ཏུ་ཟབ་པ་ཉིད་བརྙེས་པ། །ཟབ་མོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཆོས་ཅན་ལ་མི་གནས་པར་ཆོས་དབྱིངས་ལ་གནས་པར་བཤད་པ་དང༌། དཔེ་མེད་པར་བསྟོད་པ་ལས་ཀྱང༌། རྟག་ཅིང་བརྟན་ལ་ཞི་བ་ཡི། །ཆོས་ཀྱི་རང་བཞིན་ཁྱོད་ཀྱི་སྐུ། །ཞེས་ཆོས་སྐུ་རྟག་བརྟན་ཐེར་ཟུག་ཏུ་བསྟན་པ་དང༌། འཇིག་རྟེན་འདས་པར་བསྟོད་པ་ལས་ཀྱང༌། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད། །བེམ་པོ་གཞན་དབང་སྟོང་པ་ཉིད། །སྒྱུ་མ་བཞིན་དུ་རྐྱེན་འབྱུང་བར། །མགོན་པོ་ཁྱོད་ཀྱི་ཆོས་ཀུན་གྱི། །དངོས་མེད་གོམས་པར་མཛད་པ་ལགས། ཁྱོད་ཀྱིས་ཅུང་ཞིག་མ་བསྐྱེད་ཅིང༌། །འགའ་ཡང་བཀག་པ་མ་མཆིས་ལ། །སྔོན་གྱི་དེ་བཞིན་ཕྱིས་དེ་བཞིན། །དེ་བཞིན་ཉིད་ནི་ཐུགས་སུ་ཆུད། །ཅེས་སྟོང་ཉིད་ཙམ་པོ་ལ་ཞེན་པའི་སྐྱོན་དང༌། ཀུན་བརྟགས་གཞན་དབང་རྟེན་འབྲེལ་བདེན་མེད་དང༌། ཆོས་ཉིད་འཕེལ་འགྲིབ་དང་བྲལ་བ་རང་བཞིན་འགྱུར་མེད་དུ་གསུངས་སོ། །གསང་འདུས་རིམ་ལྔའི་དགོངས་པ་བླ་ན་མེད་པའི་རིམ་པ་ལས་ཀྱང༌། སྟོང་པ་གསུམ་ནི་རྣམ་དག་གང༌། །འོད་གསལ་བར་ནི་འདིར་བཤད་དེ། །ཐམས་ཅད་སྟོང་པར་དེ་བརྗོད་དོ། །ཞེས་པ་དང༌། ཐམས་ཅད་སྟོང་པ་སྨད་པོ་ཆེ། །དྭངས་ཤིང་གསལ་བ་ཡེ་ཤེས་ཆེ། །བླ་མ་ཉིད་ཀྱི་དྲིན་གྱིས་ནི། །དེ་ནི་དེ་ནས་གསལ་མཐོང་འགྱུར། །ཞེས་སྟོང་ཉིད་ཡེ་ཤེས་སུ་བཤད་པ་དང༌། རིམ་པ་བཞི་པ་ལས་ཀྱང༌། ནང་གི་བདེ་བ་རྙོག་བྲལ་སངས་རྒྱས་བྱང་ཆུབ་སྐད་ཅིག་དག་གིས་ཐོབ་པར་འགྱུར་ཞེས། དོན་དམ་པ་བདེ་ཆེན་དུ་གསུངས་པ་དང༌། ཟུང་འཇུག་གི་རིམ་པ་ལས་ཀྱང༌། གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །ཅེས་གཉིས་སྣང་ཅན་གྱི་ཤེས་པ་བདེན་མེད་དང༌། གཉིས་མེད་ཀྱི་ཡེ་ཤེས་བདེན་ཡོད་དུ་བཤད་དོ། །བྱང་ཆུབ་སེམས་འགྲེལ་ལས་ཀྱང༌། ཀུན་བརྟགས་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་དག་ནི། །སྟོང་ཉིད་བདག་ཉིད་གཅིག་པུ་ཡི། །ངོ་བོ་སེམས་ལ་བརྟགས་པ་ཡིན། །ཞེས་སྟོང་ཉིད་སེམས་དོན་དམ་ཡོངས་གྲུབ་ཏུ་བཤད་པས་སོ། །ཞེས་རྒྱ་ཆེར་གསུངས་མོད་ཀྱི། བློ་གཟུ་བོར་གནས་པ་དང་། ཚོགས་སྒོ་དུ་མ་ནས་མ་བསགས་པར་འདི་ཤེས་མི་ནུས་པར་གསུངས་སོ། །དཔྱིས་ཕྱིན་པར་ནི་དད་པའི་རྟོགས་པར་བྱ་བ་ཡིན་གྱི། གཞན་གྱིས་མིན་ཏེ། མདོ་ལས། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བའོ། །ཞེས་གསུངས་སོ། །བླ་མའི་ཞལ་ལུང་རྒྱལ་ཀུན་ཐུགས་ཀྱི་གསང༌། །འདིར་འབད་དགེ་ལས་སྐྱེ་བ་ཐམས་ཅད་དུ། །འདི་ཉིད་ཐོས་ཤིང་འདི་དོན་ཉམས་སུ་མྱོང༌། །འདི་ཉིད་རྟོགས་ནས་ཀུན་ཀྱང་འདིར་འཇུག་ཤོག །
ཅེས་པ་འདི་ནི་དགེ་བཤེས་ངག་དབང་སྟོབས་ལྡན་ལགས་ཀྱིས་གཞན་སྟོང་དབུ་མ་ཆེན་མོའི་སྐོར་གྱི་དྲི་བ་བཅུ་གཅིག་དྲིས་ཡོད་པ་དགེ་རྒན་རིན་པོ་ཆེས་སྙན་གསན་ཐོས་འཕྲལ་དྲིས་ལན་ཞིག་ཕྲིས་ཤིག་ཅེས་བཀའ་གནང་བྱུང་བར་བརྟེན་དཔལ་རྒྱལ་བ་ཇོ་ནང་པའི་མདོ་སྔགས་བསྟན་པའི་འབྱུང་གནས་ཆེན་པོ་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གི་༢༠༡༧ལོའི་དབུ་མ་གཞན་སྟོང་འཛིན་གྲྭས་མྱུར་སྟབས་སུ་བྲིས་ཏེ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་གླང་ལོའི་ཟླ་༧་པའི་ཚེས་༡༥ལ་ཕུལ་བའོ། །དགེའོ། །བཀྲ་ཤིས།
འདི་བཞེངས་ལེགས་དགེས། །ཚེ་རབས་ཀུན་ཏུ། །
ངེས་དོན་ཟབ་མོར། །ཇི་བཞིན་སྤྱོད་ཤོག །མ་ཏིས་སོ། །
ནང་དོན་ཡོངས་ཁུངས། ཤམ་བྷ་ལའི་སྤྱི་སྟེགས།