རྩོམ་པ་པོ། རིས་མེད་མཐོ་སློབ་མཁན་ཀུན་པོ།
བླ་མ་དང་དབྱེར་མ་མཆིས་པ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། དེ་ལ་འདིར་གཏན་ཚིགས་རིགས་པའི་རྣམ་བཞག་འདི་ནང་བ་སངས་རྒྱས་པའི་དབང་དུ་བྱས་ན། ཆོས་བཅུ་བའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །ཞེས་པ་ལ་སོགས་པའི་སྐབས་སུ་གཏན་ཚིགས་རིགས་པའི་རྣམ་བཞག་གསུངས་པ་དང་རྗེས་སུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་བསྟན་བཅོས་བརྒྱ་རྩ་བརྒྱད་མཛད་པ་དེ་དག་ཐོར་བུ་ལྟ་བུར་གཟིགས་ནས་གཅིག་ཏུ་བཏུས་པ།ཚད་མ་ཀུན་བཏུས་བརྩམ་པར་དགོངས་ནས་ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་སོགས་མཆོད་བརྗོད་བརྩམས་པ་ན་ས་གཡོ་བ་ལ་སོགས་ལྟས་ཁྱད་པར་ཅན་དུ་མ་བྱུང་བ་དང་དེར་མ་ཟད་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་མངོན་སུམ་དུ་གཟིགས་ནས་ཁྱེད་ཀྱི་བསྟན་བཅོས་འདི་ཕྱི་མའི་དུས་སུ་བསྟན་བཅོས་ཀུན་གྱིས་མིག་གཅིག་ལྟ་བུར་འགྱུར་རོ་ཞེས་གསུངས་ལྟར་ད་སྐབས་ཚད་མ་རིགས་པའི་རྣམ་བཞག་དེ་དར་ཁྱབ་ཏུ་འགྲོ་བཞིན་པའི་སྐབས་སུ་རང་གིས་ཀྱང་སྔོན་སྦྱངས་བ་དག་དྲན་གསོས་ཆེད་དང་རང་དང་བློ་ཁ་མཉམ་པ་དག་ལ་ཅུང་ཙམ་རེ་ཕན་ཕྱིར་དུ། ཕྱོགས་སྒྲའི་སྐོར་གྱི་གལ་གནད་འགའ་ཡིག་ཐོག་ཏུ་འགོད་པ་ལ། ཕྱོགས་སྒྲའི་སྐོར་གྱི་རྩོད་པ་དང་རྩོད་ལན་དག་ཕྱོགས་སྒྲའི་རྩོད་ལན་མདོར་བསྡུས་གསལ་བའི་སྒྲོན་མེ་ལྟར་ཕྱོགས་ཙམ་མཐུན་པའི་སྒོ་ནས་འགོད་པ་ལ།
དང་པོ་ཕྱོགས་སྒྲ་དངོས་ཀྱི་རྩོད་པ་ནི།
ཤཱཀྱ་བློའི་འགྲེལ་བཤད་ལས། མདོ་ལས་ཕྱོགས་ཆོས་ཞེས་བཤད་པའི་ཕྱོགས་ནི་ཆོས་དང་ཆོས་ཅན་སྤྱི་ལ་བྱ་ན་གཏན་ཚིགས་ནི་སྤྱིའི་ཆོས་ཉིད་ཡིན་པར་ཕྱི་རྒོལ་ལ་མ་གྲུབ་བོ། འོན་ཏེ་གྲུབ་ན་རྗེས་སུ་དཔག་པ་དོན་མེད་དོ་ཞེ་ན་ཞེས་རྩོད་ལ། དེའི་ལན་ནི། རྟགས་ཚུལ་དང་པོ་འཆད་པའི་ཕྱོགས་སྒྲ་དང་བསྒྲུབ་བྱའི་སྒྲ་ནི་ཚོགས་དོན་ལ་མི་བྱེད་པར་འདིར་ཤེས་འདོད་ཆོས་ཅན་ལ་བཏགས་པ་ཙམ་ཡིན་པས་སྐྱོན་མེད་ཅེས་ལན་བཏབ་པ་ཡིན། རང་འགྲེལ་ལས། ཕྱོགས་ནི་ཆོས་ཅན་ནོ། ཞེས་དང་། ཚད་མ་མདོའི་རང་འགྲེལ་ལས། ཅི་ལྟར་མི་འགྱུར་ཆོས་ཅན་ནི་གྲུབ་ཟིན་པའི་ཕྱིར་སྒྲུབ་པར་མི་འདོད་པས་ཉེས་པ་མེད་དོ་ཞེས་གསུངས།
གཉིས་དགོས་མེད་ཀྱི་རྩོད་པ་ནི།
རང་འགྲེལ་གཉིས་ལས། གལ་ཏེ་དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན་ཞེས་དང་། ཛྷ་ན་ཤྲིས་རྣམ་ངེས་འགྲེལ་བཤད་ལས། འདིར་སློབ་དཔོན་དབང་ཕྱུག་སྡེ་ན་རེ། དགོས་པ་མེད་པའི་ཕྱིར་གདགས་པར་མི་བྱའོ་ཞེ་ན་ཞེས་སོགས་རྩོད་ལ། དེའི་ལན་ནི། དགོས་པ་ཡོད་པ་དང་རྒྱུ་མཚན་ཡོད་པ་གཉིས་ཀྱི་སྒོ་ནས་ལན་གནང་བ་ཡིན། དང་པོ་ནི། རྣམ་ངེས་རང་འགྲེལ་ལས། མ་ཡིན་ཏེ། ཆོས་ཅན་ཐམས་ཅད་ཀྱི་ཆོས་ཡིན་པ་དགག་པའི་ཕྱིར་ཏེ། ཞེས་པ་ནས། མིག་གིས་གཟུང་བ་ཡིན་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་སྤངས་པ་ཡིན་ནོ། །ཞེས་གསུངས། གཉིས་པ་ནི། དེའི་རང་འགྲེལ་ལས། ཡན་ལག་གི་དོན་ཆོས་ཙམ་དང་ཆོས་ཅན་ཁ་ཡར་བ་ནི་ཉེ་བར་བཏགས་ནས་ཡིན་པར་བརྗོད་དོ། །དེའི་ཆོས་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དཔེར་ན་རས་ཡུག་ཚིག་གོ་ཞེས་བྱ་བ་བཞིན་ནོ། །ཞེས་གསུངས།
གསུམ་པ་ཉེ་བའི་རིགས་ཀྱི་རྩོད་པ་ནི།
རང་འགྲེལ་ལས། གལ་ཏེ་ཆོས་ཞེས་བརྗོད་པས་ཀྱང་ཆོས་ཅན་ཡིན་པར་གཞི་ལྟ་གྲུབ་སྟེ། ཆོས་ཅན་ཞེས་སྨོས་པའི་ཤུགས་ཀྱིས་ཉེ་བ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་གྲུབ་བོ་ཞེ་ན། ཞེས་རྩོད་ལ། དེའི་ལན་ནི། དེ་མི་འཐད་པར་དེ་སྒྲུབ་ཀྱི་ཆོས་ཅན་ཞེས་པའི་མིང་དོན་གཉིས་ཀ་དེ་སྒྲུབ་ཀྱི་མཐུན་དཔེ་ཆོས་ཅན་ལ་ཉེ་བ་ཡིན་པར་ལན་བཏབ་པ་ཡིན། རང་འགྲེལ་ལས། མ་ཡིན་ཏེ། དཔེའི་ཆོས་ཅན་ཡང་ཉེ་བ་ཡིན་པའི་ཕྱིར་རོ། །ཞེས་གསུངས།
བཞི་བ་ཟློས་པའི་རིགས་ཀྱི་རྩོད་པ་ནི།
ཚད་མ་རྣམ་འགྲེལ་རང་འགྲེལ་ལས། དེ་ཆས་ཁྱབ་པ་ཞེས་བྱ་བས་དཔེ་ཆོས་ཅན་ལ་ཡོད་པར་གྲུབ་པས་ཆོས་ཅན་གྱི་ཆོས་སྨྲས་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་པར་ཡོངས་སུ་བཟུང་ངོ་ཞེ་ན་ཞེས་རྩོད་ལ། དེའི་ལན་ནི། གྲུབ་བཞིན་དུ་བསྣན་ནས་བཤད་ན་ཟློས་སྐྱོན་ཡོད་མི་དགོས་པ་དང་། ཤུགས་ཀྱིས་གོ་དགོས་ན་རྟོགས་དཀའ་བའི་སྐྱོན་ཡོད་པ་གཉིས་ཀྱི་སྒོ་ནས་ལན་བཏབ་པ་ཡིན། དང་པོ་ནི། རང་འགྲེལ་ལས། གྲུབ་བཞིན་དུ་བསྣན་པའི་ཕྱིར་ཡང་སྨོས་པ་ཡིན་པར་དགོས་པར་འགྱུར་ཏེ། མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་གྲུབ་མོད་ཀྱི་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་སྨོས་པ་བཞིན་ནོ། །ཞེས་གསུངས། གཉིས་པ་ནི། རང་འགྲེལ་ལས། ཤུགས་ཀྱིས་དོན་གོ་ན་རྟོགས་པར་དཀའ་བ་ཡོངས་སུ་སྤངས་པའི་ཕྱིར་ཕྱོགས་ཞེས་སྨོས་པ་ཡིན་ནོ། །ཞེས་གསུངས།
དོགས་གནད་དང་པོ།
རྩོད་གཞི་དེ་ཕྱོགས་ཀྱི་ཡ་གྱལ་གཅིག་ཡིན་པས་རྩོད་གཞི་ལ་ཕྱོགས་ཆོས་ཞེས་པའི་ཕྱོགས་དེ་བཏགས་པའི་རྒྱུ་མཚན་སྒྲུབ་འདུག་ལ། དེ་ལྟར་ན་ཕྱོགས་ཆོས་ཞེས་པའི་ཕྱོགས་ཏེ་ཕྱོགས་དངོས་གནས་པ་ལ་བྱེད་དམ་མི་བྱེད་ན་རྩོད་གཞི་དེ་ཕྱོགས་ཀྱི་ཡ་གྱལ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཕྱོས་ཆོས་ཞེས་པའི་ཕྱོགས་དེ་བཏགས་པའི་རྒྱུ་མཚན་འགྲོ་ཚུལ་ཇི་ལྟར་ཡིན་སོམས། ཕྱོགས་སྒྲའི་རྩོད་པ་དེ་ཕྱོགས་ཆོས་ཞེས་པའི་ཕྱོགས་ཀྱི་སྟེང་ནས་ཡོང་བ་མིན་ཟེར་ན། ཤཱཀྱ་བློའི་འགྲེལ་བཤད་ལས། མདོ་ལས་ཕྱོགས་ཆོས་ཞེས་བཤད་པའི་ཕྱོགས་ནི་ཆོས་དང་ཆོས་ཅན་གྱི་སྤྱི་ལ་བྱ་ན་གཏན་ཚིགས་ནི་སྤྱིའི་ཆོས་ཉིད་ཡིན་པར་ཕྱི་རྒོལ་ལ་མ་གྲུབ་བོ། །འོན་ཏེ་གྲུབ་ན་རྗེས་སུ་དཔག་པ་དོན་མེད་དོ་ཞེ་ན། ཞེས་གསུངས་བ་སོགས་ཀྱིས་གནོད་དོ།
དོགས་གནད་གཉིས་པ།
ཕྱོགས་ཞེས་པའི་སྒྲ་དེ་རྩོད་གཞི་དང་བསྒྲུབ་བྱའི་ཆོས་གཉིས་ལ་བཏགས་ནས་འཇུག་པ་དེ། ཚད་མ་མདོ་ལས། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེ་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནས་བརྗོད། །ཅེས་གསུངས། དེ་ལྟར་ན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཞེས་བརྗོད་པའི་སྒྲ་དེ་སྒྲ་དང་མི་རྟག་པ་གཉིས་ལ་བཏགས་ནས་འཇུག་པ་ཡིན་དགོས་ལ། དེ་ལྟར་ན་མི་རྟག་པ་ལ་བཏགས་ནས་འཇུག་ལ་མི་རྟག་པ་ལ་བཏགས་ནས་འཇུག་པ་ཡིན་ན་མི་རྟག་པ་དང་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་གཉིས་ཀྱི་གཞི་མཐུན་མེད་དགོས་པ་ཡང། རང་དབང་མེད་ཕྱིར་དེ་ལྡན་མིན། །བཏགས་པའི་ཕྱིར་དང་མི་སྲིད་ཕྱིར། །ཞེས་གསུངས་པའི་གྲུབ།འདོད་མི་ནུས་ཏེ། སྒྲ་མི་རྟག་པ་དེ་མི་རྟག་པ་དང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་གཉིས་ཀྱི་གཞི་ཡིན་པའི་ཕྱིར་ཟེར་ནས་དཔྱད།
དོགས་གནད་གསུམ་པ།
སློབ་དཔོན་ཛྷ་ན་ཤྲིས་རྣམ་ངེས་འགྲེལ་བཤད་ལས། འདིར་སློབ་དཔོན་དབང་ཕྱུག་སྡེ་ན་རེ། དགོས་པ་མེད་པའི་ཕྱིར་གདགས་པར་མི་བྱའོ་ཞེ་ན་ཞེས་སློབ་དཔོན་དབང་ཕྱུག་སྡེས་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བཏགས་པ་ལ་དགོས་པ་མེད་པ་འདོད་པར་གསུངས་པ་ལ། དེ་ནི་འཐད་དེ། སློབ་དཔོན་རང་ཉིད་ཀྱི་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བཤད་པ་ཡིན་ཏེ་ཚུལ་དྲུག་པ་ཅན་གྱི་རྟགས་དེ་རྟགས་ཡང་དག་གི་མཚན་ཉིད་དུ་བཞག་ནས། ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བཤད་པ་ཡིན་པའི་ཕྱིར་ཟེར་ནས་ཕྱོགས་སྒྲ་དངོས་ཀྱི་རྩོད་པ་དང་དགོས་མེད་ཀྱི་རྩོད་པ་འགོད་པ་པོ་སློབ་དཔོན་དབང་ཕྱུག་སྡེ་ཡིན་མིན་དཔྱད་ཡིན་ན་རང་ཉིད་ཀྱི་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བཤད་ནས་གཞན་གྱི་བཤད་པ་ལ་དགོས་མེད་པར་འདོད་པ་ཡིན་མིན་སོགས་དཔྱད།
དོགས་གནད་བཞི་བ།
རང་ལུགས་ལ་ཕྱོགས་ཆོས་ཞེས་པའི་ཕྱོགས་དེ་ཤེས་འདོད་ཆོས་ཅན་ལ་བཏགས་ནས་གཞི་བྱས་པ་ལྟ་བུ་དེ་དེའི་ཆོས་སུ་ཚད་མས་གྲུབ་པའི་རྒྱུ་མཚན་གྱིས་ཕྱོགས་ཆོས་ཚད་མས་གྲུབ་ཅེས་བཤད་ལ། དེ་ལྟར་ན་ཤ་ཟ་མ་རྟོགས་པའི་གང་ཟག་གིས་ཤ་ཟའི་ཆོས་ཚད་མས་གྲུབ་པར་ཁས་བླངས་དགོས་དེ་ཤ་ཟ་མ་རྟོགས་ཀྱང་ཤ་ཟ་ཞེས་སྒྲ་བཏགས་པའི་ཆོས་དེ་ཚད་མས་ངེས་པའི་སྟེང་དུ་གཞི་དེ་དེའི་ཆོས་སུ་ཚད་མས་གྲུབ་པ་ཡོད་པའི་ཕྱིར། ཁྱབ་སྟེ་ཕྱོགས་ཚད་མས་མ་གྲུབ་ཀྱང་ཕྱོགས་ཀྱི་ཐ་རྙད་ཤེས་པའི་སྟེང་དུ་ཕྱོགས་ཆོས་ཞེས་པའི་ཕྱོགས་སྒྲ་བཏགས་ཡུལ་རྟོགས་པའི་སྟེང་དུ་གཞི་དེ་དེའི་ཆོས་སུ་ཚད་མས་གྲུབ་ན་ཕྱོགས་ཆོས་ཚད་མས་གྲུབ་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ནས་དཔྱད་དོ།
དོགས་གནད་ལྔ་བ་ནི།
ཕྱོགས་སྒྲའི་རྩོད་པ་འགོད་མཁན་གྱི་ཕྱོགས་སྔ་དེས་ཕྱོགས་ཆོས་ཞེས་བཤད་པའི་ཕྱོགས་དེ་ཤེས་འདོད་ཆོས་ཅན་ལ་བྱེད་པ་རྟོགས་སམ་མ་རྟོགས།མ་རྟོགས་ཟེར་ན་ཕྱོགས་སྔ་དེས་ཕྱོགས་ཆོས་ཞེས་པའི་ཕྱོགས་དེ་ཤེས་འདོད་ཆོས་ཅན་ལ་བཏགས་པ་ལ་དགོས་མེད་ཀྱི་རྩོད་པ་འགོད་པ་མིན་ནམ། རྟོགས་ཟེར་ན། དངོས་ཀྱི་རྩོད་པ་འགོད་པ་མི་འཐད་དེ་ཕྱོགས་ཆོས་ཞེས་པའི་ཕྱོགས་དེ་ཤེས་འདོད་ཆོས་ཅན་ལ་བཏགས་པ་ཡིན་ན་རང་ལུགས་དང་གཞན་ལུགས་གཉིས་ཀ་ལ་ཕྱོགས་ཆོས་རྟོགས་ན་ཕྱོགས་རྟོགས་མི་དགོས་པ་མཐུན་གྲུབ་ཡིན་དེ་ལྟར་ན་རྟགས་ཚུལ་དང་པོ་རྟོགས་ན་བསྒྲུབ་བྱ་རྟོགས་པར་ཐལ་ལོ་ཞེས་རྩོད་པ་འགོད་ཚུལ་ཡོད་མེད་དཔྱད་པར་བྱའོ།
འདིས་ཀྱང་རྒྱལ་བསྟན་ཡུན་རིང་དུ་གནས་པ་ལ་གྲོགས་བྱེད་པར་གྱུར་ཅིག་གུ །ཞེས་མགོ་ལོག་པ་ཀུན་པོའམ་ལེགས་ལྡན་རྒྱ་མཚོ་ནས་ཟླ་ཚེས་བཟང་པོ་ལ་རིས་མེད་མཐོ་སློབ་ནས་མཇུག་ལེགས་གྲུབ་པའོ།།
ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།