མཁན་པོ་བསོད་དར་རྒྱས།
རང་ཉིད་སྟོབས་དང་མངའ་ཐང་དར་ཚེ་མི་མང་པོས་ལྕེ་བསྣར་ཞིང་བཀའ་ལ་ཉན་པ་དང་བསྟོད་པ་གང་མང་འཐེན་པར་བྱེད། ཡིན་ཡང་ཁྱོད་ཉིད་ལྷུང་བར་གྱུར་པའམ་ནད་ཀྱིས་མནར་ཏེ་གཞན་གྱི་སེམས་གསོ་དང་སེམས་ཁུར་དགོས་སྐབས་ཁྱོད་དང་འགྲོགས་འདྲིས་བྱེད་འདོད་པའི་མི་ནི་ཉིན་མོའི་སྐར་མ་ཙམ་ཡིན།
དངོས་ཡོད་འཚོ་བའི་ནང་དུ་གྲོགས་བཟང་དང་གྲོགས་ངན་གྱི་ཤན་ཕྱེད་པར་ཤིན་ཏུ་དཀའ། བརྩེ་བ་ཡང་དག་པ་ནི་མཐུན་རྐྱེན་འཛོམས་སྐབས་མི་ཤེས་ཤིང་། ཏག་ཏག་བར་ཆད་ཀྱི་ཀློང་ནས་རྟོགས་པར་འགྱུར།
ཨེ་སོའི་བསྡུས་བཟོད་གཏམ་དཔེ་རུ་གཏམ་རྒྱུད་ཅིག་ཡོད། དེ་ཡང་གྲོགས་པོ་གཉིས་ལམ་ནས་བགྲོད་སྐབས་དྲེད་མོང་ཞིག་དང་འཕྲད་ཅིང་ལམ་ཟུར་དུ་ཤིང་སྡོང་ཞིག་ལས་ཅི་ཡང་མེད།གྲོགས་གཉིས་ལས་གཅིག་སྒྱུར་དུ་སྡོང་མགོར་འཛེགས་ནས་གབ། གཞན་དེས་ཐབས་ཅི་ཡང་མ་རྙེད་པས་དབུགས་མཚམས་བཅད་དེ་ཤི་བར་བརྫུས་ནས་ས་རུ་ཉལ།
དྲེད་མོང་ཤི་བར་བརྫུས་པའི་མི་དེའི་འགྲམ་དུ་སླེབས་ཀྱང་། དྲེད་མོང་གིས་མི་ཤི་བའི་རོ་མི་བཟའ་བས་སྣོམ་ཙམ་བྱས་ཏེ་སོང་། དྲེད་མོང་སོང་རྗེས་སྡོང་མགོར་འདེགས་པའི་མི་དེ་མར་བབས་ནས་དྲེད་མོང་གིས་ད་ལྟ་ཁྱོད་ལ་ཅི་ཞིག་སྨྲས་ཞེས་དྲིས།
དེ་ན་རེ། དྲེད་མོང་གིས་ང་ལ་བསྡུས་ལ་ཐུང་བའི་བསླབ་བྱ་ཞིག་སྨྲས། དེ་ཡང་ཉེན་ཁའི་སྔོན་ནས་ཁྱོད་ཉིད་དོར་ཏེ་བྲོས་པའི་གྲོགས་པོ་དང་མཉམ་དུ་འགྲོགས་པར་མ་བྱེད་ཅེས་སྨྲས་བྱུང་བཤད།
ད་དུང་བསྡུས་བརྗོད་ཀྱི་གཏམ་རྒྱུད་ཅིག་ཡོད།
ཨ་ཧྥིན་ཐེ་ཡིས་དཔོན་གྱི་འགན་བཞེས་སྐབས་ཁྱིམ་དུ་མགྲོན་པོ་མང་ཞིང་ཁ་ཡག་ངོ་དགའ་བྱེད་མཁན་རྣམས་ནི་བགྲང་གིས་མི་ལང་། ཁྱིམ་མཚེས་ཤིག་གིས་ཁེངས་པ་བསྐྱངས་ནས་ཁྱོད་ཀྱི་ཁྱིམ་དུ་ཉིན་རྟག་པར་མིའི་འགྲོ་འོང་མི་འཆད་ཅིང་རྟ་དང་འཁོར་ལོའི་ཡོ་ལང་འཕེལ་བས་ཁྱོད་ལ་དོན་དུ་གྲོགས་པོ་དུ་ཡོད་ཅེས་དྲིས། ཨ་ཧྥེན་ཐེས་སེམས་བག་ཕབ་ནས་ང་རང་འགན་རྫོགས་ནས་དམངས་ཕལ་བར་གྱུར་སྐབས་ཁྱོད་ལ་བཤད་ཅེས་སྨྲས།
མི་མི་ཉུང་བ་ཞིག་ལ་སྐད་ཆ་དེར་ཉམས་མྱོང་ཟབ་མོ་ལྡན་པར་ཡིད་ཆེས་ཡོད། རང་ཉིད་སྟོབས་དང་མངའ་ཐང་དར་ཚེ་མི་མང་པོས་ལྕེ་བསྣར་ཞིང་བཀའ་ལ་ཉན་པ་དང་བསྟོད་པ་གང་མང་འཐེན་པར་བྱེད། ཡིན་ཡང་ཁྱོད་ཉིད་ལྷུང་བར་གྱུར་པའམ་ནད་ཀྱིས་མནར་ཏེ་གཞན་གྱི་སེམས་གསོ་དང་སེམས་ཁུར་དགོས་སྐབས་ཁྱོད་དང་འགྲོགས་འདྲིས་བྱེད་འདོད་པའི་མི་ནི་ཉིན་སྐར་ཙམ་ཡིན།
འདིས་ཅི་ཞིག་གསལ་བཤད་བྱས་ཡོད་ཅེ་ན། འབྱོར་ཚེ་སྐྱིད་མཉམ་བྱེད་པ་དག་ནི་གྲོགས་པོ་ཡང་དག་ཡིན་པའི་ངེས་པ་མེད་ལ། རྒུད་ཚེ་སྡུག་མཉམ་ཁུར་བྱས་ན་ད་གདོད་གྲོགས་པོ་ཡང་དག་ཡིན་ནོ། །
ནང་དོན་ཡོངས་ཁུངས། སྒྲ་མཛོད་གླིང་།