
༄༅། །འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་དཔལ་རྒྱལ་བ་ཇོ་ནང་པའི་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། དགོན་པ་དང་ཆོས་ཚོགས། ཚོགས་སྡེ་ཁག་གི་དབུ་འཛིན་དང་འབྲེལ་ཡོད་དད་ལྡན་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ།
ཞུ་གསོལ་འདེབས་སྙིང་།
རང་རེ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧ཀུན་མཁྱེན་དུས་གསུམ་སངས་རྒྱས་རྟོན་པ་བཞི་ལྡན་༧དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་བསྡུས་ཏེ་བགྲང་བྱ་ཧྲིལ་བོ་༦༦༠འཁོར་བའི་ཇོ་ནང་དྲུག་མཆོད་ཆེན་མོའི་ཉིན་ནས་བཟུང་ལོ་གཅིག་གི་རིང་ལ། ཇོ་ནང་ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པའི་ལོ་ཞེས་པའི་རྗེས་དྲན་སྲུང་བརྩི་བྱེད་ཕྱོགས། རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དྲྭ་ཚོམས་ནང་ནས། ལྷན་ཚོགས་ཀྱི་འགན་འཛིན་༧ ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་༧མཁན་སྤྲུལ་རྡོ་རྗེ་སློབ་དཔོན་༧ངག་དབང་ཆོས་ཀྱི་སྣང་བ་མཆོག་གི་གཙོས་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་རིན་པོ་ཆེ་མཁན་སྤྲུལ་སྐྱབས་རྗེ་ཀུན་དགའ་ཆོས་འཕེལ། བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་མཁན་རིན་པོ་ཆེ་དགེ་འདུན་རྒྱ་མཚོ་རྣམས་ཀྱི་གཙོས་སློབ་སྟོན་པ་མཁན་པོ་ངག་དབང་རྡོ་རྗེ། མཁན་ཟུར་རིན་པོ་ཆེ་ཀུན་དགའ་འཚམས་ཆུང་། བླ་མ་ཡོན་ཏན་རྒྱ་མཚོ། ཚོགས་ཟུར་ཚངས་དབྱངས་རྒྱ་མཚོ། ལྷན་ཚོགས་ཀྱི་དབུས་ས་གཉིས་ཀྱི་རྒྱུན་ལས་རྣམ་པ། དེ་བཞིན་དུ་ཇོ་ནང་ཐེབས་རྩ་ཁང་གི་རྒྱུན་ལས་རྣམ་པ་སོགས་ཀྱིས་བདུན་ཕྲག་གཉིས་རིང་ལ་བགྲོ་གླེང་ལྷུག་པོར་བྱས་མཐར་ཕྱི་ལོ་༢༠༢༡ ཟླ་༨ ཚེས་ ༡༢ ཉིན་གྲོས་ཆོད་བྱུང་བ་ལྟར་ན། དྲུག་བརྒྱ་དྲུག་ཅུའི་ཇོ་ནང་ཀུན་མཁྱེན་དྲུག་མཆོད་ཆེན་མོའི་ཉིན་ནས་བཟུང་ལོ་གཅིག་གི་རིང་ལ་༧ཇོ་ནང་ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་པོ་པའི་ལོ་ཞེས་པའི་རྗེས་དྲན་སྲུང་བརྩི་བྱེད་རྒྱུར་སྤྱི་མོས་ཐོག་གཏན་ལ་ཕབ་པ་བཞིན། རང་ཅག་རྣམས་ཀྱིས་སྤྱི་སྒེར་གཉིས་ནས་ཚོགས་བསག་སོགས་ལ་འབད་པ་ཙམ་དུ་མ་ཟད། དམ་པ་ཁོང་གི་ཕྱི་ནང་གསང་གསུམ་གྱི་མཛད་འཕྲིན་ལ་ཆ་ཕྲ་མོ་ཙམ་རེ་ལོ་འདིར་རྗེས་དྲན་སྲུང་བརྩིའི་མཛད་སྒོར་སྔོན་འགྲོ། དངོས་གཞི། མཇུག་བསྡུ་གསུམ་གྱི་བགྲོ་གླེང་དངོས་སུ་འཚོགས་རྒྱུ་དང་། གཞན་ཡང་དེང་རབས་བརྡ་འཕྲིན་གྱི་འགྲོས་དང་བསྟུན་ཏེ་དྲྭ་ལམ་བརྒྱུད་བགྲོ་གླེང་གང་མང་སོགས་སྤེལ་རྒྱུ་གཏན་ཁེལ་བྱུང་ཡོད་པ་ལགས་ན་ལྷན་རྒྱས་ཀྱིས་དེ་དོན་གལ་ཆེན་དོན་ཆེན་དུ་དགོངས་ཏེ་མཉམ་ཞུགས་གནང་རྒྱུར་དགོངས་མངའ་ཡོད་པར་མཁྱེན་མཁྱེན་ཞུ་ཞུ།
ཞེས་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་ནས།
ཕྱི་ལོ་༢༠༢༡ ཟླ་༩ ཚེས་༩ ཉིན།