༧ངེས་དོན་གྱི་སེམས་དཔའ་ཆེན་པོ་ཞིག་གི་ངང་ཚུལ་ཅུང་ཟད་གླེང་བ།

༧ངེས་དོན་གྱི་སེམས་དཔའ་ཆེན་པོ་ཞིག་གི་ངང་ཚུལ་ཅུང་ཟད་གླེང་བ།

རྩོམ་པ་པོ། སྨྲ་བའི་སེང་གེ་དགེ་བའི་བཤེས་གཉེན་ཆེན་མོ་ངག་དབང་བཀྲ་ཤིས།
སྟོང་ལོ་གསར་བའི་འུར་ཟིང་གི་ཁྲོད་ན་སྲོག་ལྡན་ཡོད་ཚད་བང་བཏང་ནས་རྒྱུག་ཅིང་འདུར། བདེ་སྡུག་གི་ཚོར་བས་དེད་དེ་ཅི་ཞིག་འཚོལ་གྱིན་པ་ནི། ཐོབ་བྱ་དང་གྲུབ་འབྲས་ཞིག་ལ་རེ་བ་ཡིན་པ་བཤད་མ་དགོས། འོན་ཀྱང་བློ་གྲོས་དང་ནུས་པའི་དབང་གིས་ཕུགས་བསམ་ལ་བཟང་ངན་དང་འགྲུབ་མི་འགྲུབ། འགྲུབ་ནའང་རེ་བ་ནང་བཞིན་ཞིག་ཡོང་མིན་སོགས་ནི་འཇིག་རྟེན་གྱི་བཟློག་ཏུ་མེད་པའི་ལས་འབྲས་ཀྱི་ཆོས་ཉིད་ལ་ཐུག་ཡོད། སྲོག་ལྡན་དག་གི་ནང་ནས་མིའི་འགྲོ་བ་ནི་ཅུང་ཙམ་གཞན་ལས་ལྡབ་འགྱུར་གྱི་ནུས་པ་འདོན་ཐུབ་མཁན་ཞིག་དང་དཔྱད་པ་བྱེད་ཐུབ་མཁན་ཞིག་ཡིན། མི་ལ་ཡང་བསམ་བློ་སྨིན་མ་སྨིན་དང་། ཤེས་རབ་ཀྱི་རྩལ་ཡོད་མེད་ཀྱིས་བྱ་བ་ལ་ནོར་འཆུག་དང་གྲུབ་འབྲས་ལ་བཟང་ངན་སྣ་ཚོགས་ཤིག་འབྱུང་བ་ཡང་རྒྱུ་འབྲས་རྟེན་འབྱུང་གི་འཕེལ་རིམ་དང་རྗེས་སུ་འགྲོ་ལྡོག་ལ་ཡིད་ཆེས་ཡོད་མེད་དང་། རྒྱུ་འབྲས་མི་བསླུ་བའི་གལ་གནད་བརྩི་མི་བརྩི་གཙོ་བོ་ཡིན། མིའི་ནང་ནས་རིགས་གཅིག་བསམ་བློ་ངན་པ་དང་བྱ་སྤྱོད་རྩུབ་པ། སྤྱི་ཚོགས་དང་འཁོར་ཡུག་ནང་མི་དང་གྲོགས་པོ་སུ་ལ་ཡང་འགན་མི་ཁུར་བ་ཙམ་དུ་མ་ཟད། དེ་དག་ལ་གནོད་པའི་བསམ་བློ་དང་། བསམ་བློ་དེའི་དབང་གིས་དངོས་ཤུགས་བརྒྱུད་པའི་གཞན་གྱི་བདེ་བ་འཕྲོག་པའི་བྱ་བ་འབའ་ཞིག་གིས་མི་ཚེ་སྐྱེལ་བར་བྱེད་ཅིང་། ཐ་ན་རང་ལའང་སྐར་ཆ་གཅིག་གི་བདེ་བ་སྒྲུབ་མི་ཤེས་མཁན་དག་ནི་ལན་གཅིག་མི་རུ་སྐྱེས་ནའང་དོན་ལ་ཕྱུགས་ལས་ཁྱད་པར་ཅི་ཡང་མེད། མིའི་ནང་ནས་རིགས་གཅིག་དེ་ལས་བཟློག་སྟེ་སེམས་སྟེང་གི་ལྷན་སྐྱེས་ཀྱི་བྱམས་བརྩེའི་ནུས་པ་གོང་འཕེལ་དུ་སྤེལ་བའི་ཐབས་ལམ་རིགས་གཞུང་ཁྱད་འཕགས་དག་ལས་གསུངས་བ་རྣམས་ལ་སློབ་སྦྱོང་དང་། ལག་ལེན་དངོས་ཀྱི་ཐོག་ནས་རང་གཞན་གྱི་བདེ་སྡུག་གི་འབྱུང་རྐྱེན་ལ་དཔྱད་པ་གཏིང་ཟབ་བྱས་པས་གྲུབ་དོན་དུ་སྲོག་ལྡན་ཡོད་ཚད་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་རང་བཞིན་ཅན་དུ་ངེས་པ་སྙེད་ཅིང་ཕལ་ཆེ་བར་བདེ་སྡུག་གི་རྒྱུ་ལ་རྨོངས་པས་ལག་ལེན་དང་ཞེ་འདོད་མ་མཐུན་པར་མུ་ནས་མུ་རུ་སྡུག་བསྔལ་མྱོང་བའི་ཚུལ་བསམ་སྟེ་རང་རྒྱུད་ཀྱི་བློ་དེ་ཉིད་གཞན་ཕན་གྱི་བསམ་པས་ཟིན་པར་བྱས་ཏེ་རང་ལས་གཞན་གཅེས་པར་བཟུང་སྟེ་གཞན་གྱི་བདེ་སྡུག་ལ་འགན་ཁུར་ཏེ་སྣོད་བཅུད་ཀྱི་འཇིག་རྟེན་ལ་བླ་ན་མེད་པའི་ལེགས་སྐྱེས་བསྐྲུན་པའི་སྐྱེས་བུ་དག་ནི་ཆོས་གཞུང་ནས་བཤད་པའི་བྱང་ཆུབ་སེམས་དཔའམ་སྐྱེས་བུ་ཆེན་པོའི་རིགས་ཡིན་ལ། སྐབས་འདི་ནས་སེམས་དཔའ་ཆེན་པོ་དངོས་མ་ཞིག་གི་ངང་ཚུལ་ཅུང་ཙམ་ཞིག་གླེང་བར་འདོད།
གཙང་ཆེན་སྤྲུལ་བའི་སྐུ་འཇིགས་མེད་རྡོ་རྗེ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་ཡིན་ལ། ཁོང་གི་འཁྲུངས་རབས་དང་སྤྲུལ་གཞིའི་ཆེ་བ། ཐུན་མོང་གི་སྣང་ཚུལ་ལས་འདས་པའི་རྟོགས་བརྗོད་སོགས་གླེང་ན་བརྗོད་མི་ཚར་བ་ཞིག་ཡོད་མོད། འདི་ནས་རེ་ཞིག་མི་གླེང་བར། ཕ་བཟང་མ་བཟང་མཚང་།། རང་བཟང་རུས་པ་གསེར།། ཟེར་བའི་དཔེ་ལྟར་མི་ཚེ་གཅིག་གི་བརྒྱུད་རིམ་གྱི་ནང་ལ། བུ་རང་སྐྱེས་ཀྱི་ངོ་བོ།། ཆོས་གདམས་ངག་གི་ཆེ་བ།། ཅུང་ཙམ་ཞིག་གླེང་ན་ཁོང་ནི་སྙིགས་མའི་རྒུད་པ་མཚོ་ལྟར་རྡོལ་ཞིང་སྐྱེ་འགྲོའི་གཤིས་རྒྱུད་ར་ལྟར་གྱོང་བ་དང་། བསྟན་པ་ཉམ་དམའ་ཞིང་ལྷག་པར་དུ་རང་རེ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བསྟན་པ་ཧ་ཅང་གི་ཉག་ཕྲ་བའི་དུས་སུ་བསམ་བཞིན་དུ་བྱོན་པའི་རྒྱལ་བསྟན་ལ་ཤ་ཚ་ཞིང་གྲོས་འདེབས་པ། ལྷག་བསམ་སྙིང་སྟོབས་ཀྱིས་ཕྱུག་པའི་སེམས་དཔའ་ཆེན་པོ་སྟེ། འདམ་ལས་སྐྱེས་པའི་པདྨ་ལྟར་ཕྱི་གཙང་ནང་གཙང་། ནག་ནོག་གི་དྲི་མས་མ་གོས་ཤིང་། རིམ་གྱིས་ནར་སོན་ཏེ་ཡི་གེ་འབྲི་ཀློག་ནས་བཟུང་ཆོ་ག་ཆོས་སྤྱོད། འདོན་རྟ་དབྱངས་སོགས་སྦྱངས་བ་དཔྱིས་ཕྱིན་ཏེ་བསྟན་པ་ལ་ཞུགས་ཤིང་སོར་བྱང་སྔགས་གསུམ་གྱི་སྡོམ་པས་ཐུགས་རྒྱུད་ཡོངས་སུ་གཏམས། ཕྱི་སོ་ཐར་གྱི་ཁྲིམས་ཀྱིས་ལུས་ངག་གི་སྤྱོད་པ་འདུལ་བ་དང་མཐུན་ཅིང་། ནང་བྱང་སེམས་ཀྱི་སྤྱོད་པས་གཞན་ཕན་གྱི་བྱ་བར་མངའ་དབང་འབྱོར་བ། གསང་བ་རིམ་གཉིས་ཀྱི་ལམ་གྱིས་ས་ལམ་གྱི་གོ་འཕང་མཐོན་པོར་སོན་ཏེ་རྡོ་རྗེ་འཛིན་པའི་རྒྱལ་ཐབས་ལ་ཅི་དགར་རོལ་ཞིང་རྒྱལ་བའི་དམ་ཆོས་འཛིན་པ་ལ་སྨོན་ལམ་གྱི་མཐུ་གྲུབ་པས་མདོ་སྨད་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་བསྟན་པའི་གནས་གཞི་ཤར་ཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་གཙང་ཆེན་ཆོས་ཀྱི་ཡུལ་གྲུ་ཤམྦྷ་ལ་གཉིས་པར་གྲགས་པའི་ཞིང་མཆོག་དེའི་ལུགས་གཉིས་ཀྱི་ཁྲི་ལ་ཞབས་སེན་མངོན་པར་བཀོད་དེ་སྐལ་བ་དང་ལྡན་པའི་གདུལ་བྱ་གྲངས་ལས་འདས་པར་ངེས་དོན་རྫོགས་ལྡན་གྱི་ཆོས་མཆོག་གདུལ་བྱ་རང་རང་གི་རྒྱུད་ཚོད་དང་མཐུན་པར་མདོ་རྒྱུད་ཀྱི་དགོངས་པའི་བབ་དང་མཐུན་ཞིང་། བླ་མ་བརྒྱུད་པའི་མན་ངག་གིས་མཐའ་བརྒྱན་ཏེ་འདོད་ཆོས་སུ་གནང་བས་གདུལ་བྱར་གྱུར་བ་མཐའ་དག་ཉེ་ལམ་རིགས་པ་འཛིན་པའི་སར་བཀོད་པ་དང་། ཁྱིམ་སྤངས་ཏེ་ཐར་བར་འདོད་པའི་ལས་དང་པོ་བ་རྣམས་ལ་བསྟན་པའི་གཞི་མ་དགེ་ཚུལ་སློང་གི་སྡོམ་པ་སྦྱིན་ཏེ་ཁྲིམས་ལྡན་རབ་བྱུང་གི་ཚོགས་ཀྱིས་ཡོངས་སུ་གང་བར་མཛད་པ་སོགས་བརྗོད་པའི་ཡུལ་ལས་འདས། དེ་ལྟའི་མཛད་པ་རྣམ་ཐར་གྱི་ཆེ་བ་ལ་བསྟེན་ནས་རང་རེ་ཇོ་ནང་པའི་དགོན་སྡེ་དག་གི་རྡོ་རྗེ་སློབ་དཔོན་དང་འཐུས་མི། མཁན་དགེ་བཤེས་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་ངང་སྤྱི་མོས་ཀྱིས་བོད་གངས་ཅན་གྱི་ཆོས་བརྒྱུད་ཆེན་པོ་དྲུག་གི་ཡ་གྱལ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་དང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱི་ཚོགས་གཙོར་བཞུགས་དགོས་ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ན་མགོན་པོ་གང་གིས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། ཡང་དགོས་ཇོ་ནང་བའི་བསྟན་པའི་གནས་བབ་ལ་གཟིགས་ཏེ་ཞལ་བཞེས་གནང་། སྐབས་དེའི་རྒྱལ་བསྟན་སྤྱི་དང་རིག་གཞུང་ནི་ཧ་ཅང་ཉག་ཕྲ་བར་གྱུར་བ་དང་ལྷག་པར་དུ་ཇོ་ནང་ཆོས་བརྒྱུད་ནི་སྟེང་ནས་འཐེན་མི་དང་འོག་ནས་སྐྱོར་མི་མེད་པ་ཙམ་དུ་མ་ཟད་ཕྱི་ནང་གི་རྐྱེན་སྣ་ཚོགས་ཀྱིས་གཙེས་ཏེ་སྐྱ་ཆད་སྔོ་སྡིག་གི་ངང་ལ་ཤི་མ་གསོན་གྱི་མཚམས་ལ་གནས་ཡོད་མོད། མཁས་གྲུབ་གཅིག་གིས་བསྟན་པ་རྨང་ནས་གསོ།། དཔའ་བོ་གཅིག་གིས་སྡང་དགྲ་ཟིལ་གྱིས་གནོན།། ཟེར་བའི་དཔེ་ལྟར་དུ་མགོན་པོ་གང་གི་བླ་ན་མེད་པའི་ཐུགས་བསྐྱེད་དང་ཐབས་མཁས་ཀྱི་མཛད་བཟང་ཉག་གཅིག་གིས་སླར་ཡང་ཆོས་རྒྱུད་ཅིག་ཡུན་རིང་དུ་གསོན་ཐུབ་པའི་སྲོག་དབུགས་མཐུད། ལོ་རེ་རེའི་ཇོ་ནང་གཞན་སྟོང་བགྲོ་གླེང་དང་བསྟན་འགྲོ་ཀུན་ལྷན་ཚོགས་གཉིས་བདེ་ལེགས་ངང་འཚོགས་ཐུབ་པའང་ཁོང་གིས་ལམ་སྟོན་དང་གཟིགས་སྐྱོང་འབའ་ཞིག་ལ་རག་ལས་པ་དང་། དབང་ལུང་མན་ངག་གི་རྒྱུན་སླར་གསོ། འདོན་རྟ་དབྱངས། གར་ཐིག་དབྱངས་གསུམ། ཚིག་མཛོད་བསྡུ་སྒྲིག་སོགས་ཚང་མའི་འགན་ཁུར་ཏེ་ཕྱག་ལས་རྒྱ་ཆེན་པོ་གནང་བཞིན་པ་དང་། དགོན་སྡེ་ཆེ་ཆུང་ཡོངས་སུ་རྫོགས་པ་ལ་ཐུགས་རྗེས་གཟིགས་པ་ཆ་སྙོམས་ཤིང་གཏོང་བའི་ཕྱག་ཟུང་ཡངས་ཁྲོལ་ལེ། ཆོས་རྒྱུད་འདིའི་ཚོགས་སྡེ་ཆེ་ཆུང་གང་ཡིན་ཡང་ཆོས་ཀྱིས་ཕོང་ཉིན་ཆོས་ཞུ་ས་དང་། ནོར་གྱིས་ཕོང་ཉིན་སློང་རྒྱག་ས་ཁོང་མ་གཏོགས་མེད་ཅེས་བཤད་ན་མི་ཆོག་པ་མེད། བསྟན་པ་དང་འགྲོ་བའི་དོན་ལ་སྐུ་ཚེ་བསྟིམས་ཤིང་གསོལ་ཇ་ལྷོད་བཞེས་ཙམ་ཡང་མེད་པར་རྟག་ཏུ་ངལ་བ་ལྷུར་བཞེས་ནའང་ཐུགས་སྤྲོ་སེང་ངེ་། ཞལ་འཛུམ་ལྷང་ངེའི་རྣམ་པ་ལས་ཁ་དྲི་དང་། གཞན་ལ་ངོམ་སོ། ཡུས་བཤད་པ་སོགས་ལར་ནས་མེད། མིང་དང་གོ་ས་མཐོན་པོ་ཞིག་རེག་ཚེ་གློ་བུར་དུ་ལུས་སེམས་གནས་གྱུར་བ་ལྟ་བུའི་མི་གཞིའི་རང་བཞིན་འགྱུར་ཏེ་མིང་སྐམ་དང་སྙན་གྲགས་ལ་ཞེན་ནས་མཐོན་པོ་ལ་ལྕེ་བསྣར་དང་དམའ་བ་ལ་སྡང་ཞུགས་སོགས་ཀྱི་མཛད་པ་གཤིས་ལ་མ་གྲུབ་པ་འདི་ཁོ་ནས་མཆོད་འོས་བསྟོད་འོས་སུ་མཐོང་ལ། བསྟན་པ་ཁ་ལ་ཁྱེར་ནས་ཡིན་མདོག་མདོག་གི་སྦོམ་བཤད་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བའི་དྲི་ཙམ་ཡང་མི་བྲོ་བར་འཇིག་རྟེན་འདས་པའི་ལྟ་བ་ཟབ་མོ་ཞིག་ཡོད་མདོག་སྟོན་ཅིང་ཕུགས་སུ་རང་རྒྱལ་གཞན་ཕམ་གྱི་བསམ་ངན་འབའ་ཞིག་གིས་ཆེ་འདོད་དང་རང་ཕྱོགས་ཁོ་ན་ལས་གཞན་གྱི་ཡོན་ཏན་ཅུང་ཟད་ཙམ་མི་མཐོང་བའི་དེང་དུས་ཀྱི་རྟོག་གེ་མགོ་མཁྲེགས་དག་གི་རྣམ་ཐར་ལས་རིང་དུ་སོང་བས་ཀྱང་བསྟན་པ་འཛིན་པ་ལ་སྨོན་ལམ་གྱི་མཐུ་གྲུབ་པའི་སེམས་དཔའ་ཆེན་པོ་ཞིག་ཏུ་བློ་གཟུ་བོར་གནས་པས་དཔྱད་ན་ངེས་པ་སྙེད་ངེས་ཡིན། མི་གཞིའི་ཡོན་ཏན་རང་བཞིན་བརྟན་པ། ཐུགས་སྒམ་པ། སྤྱོད་པ་བཙུན་པ། གཤིས་ཀ་ལེགས་པ། མི་ཆོས་ཀྱི་ཡོན་ཏན་ངོ་ཚ་དང་ཁྲེལ་ཡོད་པ། བྱམས་བརྩེ་ཆེ་བ། འཁོར་དང་གདུལ་བྱར་བརྩེ་བ། བསྟན་པ་དང་འགྲོ་བའི་དོན་དུ་ནོར་ལོངས་སྤྱོད་ཙམ་དུ་མ་ཟད་ཐ་ན་སྲོག་ཀྱང་གཏོང་ནུས་པ་སོགས་ཡོན་ཏན་མི་ལྡན་པ་མེད་པས། ཁོང་ལྟ་བུ་ལ་བསམ་བཞིན་དུ་མིའི་རྣམ་པར་བྱོན་པའི་བླ་མའམ། སྤྲུལ་སྐུ། སངས་རྒྱས་དང་བྱང་སེམས་གང་བཏགས་ཀྱང་དོན་ལ་མཚན་ཉིད་ཚང་བ་ཡིན། གཞན་དུ་ན་མི་འདུལ་བའི་ཆེད་དུ་མིའི་རྣམ་པར་བྱོན་ཀྱང་མིའི་ཁམས་དབང་མོས་པ་དང་མཐུན་པའི་ཡོན་ཏན་དང་མཛད་པ་ཅི་ཡང་སྟོན་རྒྱུ་མེད་ཁར། ད་དུང་ཁག་དཀྲི་ས་གདུལ་བྱའི་མགོར་བཞག་སྟེ་མིའི་གདུལ་བྱ་བསོད་ནམས་དམན་པ་ཙམ་ལས་འགྲོ་བ་གཞན་དང་གཞན་ལྷ་འདྲེ་སོགས་ལ་ཐུག་དུས་བཅོ་བརྒྱད་ཀྱི་ཐོག་ཏུ་བཅུ་དགུ་སྣོན་རྒྱུ་ཡོད་རབས་སོགས་ནི་གད་མོ་སྤྲོ་བའི་རྒྱུ་ལས་མ་འདས། སར་གནས་ཀྱི་འཕགས་ཆེན་རྣམས་ཀྱི་གསང་གསུམ་གྱི་ཡོན་ཏན་ནི་ཐེག་ཆེན་འཕགས་པ་ནང་ཕན་ཚུན་ཁོ་ནས་སྤྱོད་ཡུལ་ལས་དམན་པ་བདག་ལྟ་བུའི་ཡིད་དཔྱོད་ཙམ་གྱིས་ཀྱང་དཔྱོད་པ་མི་འཇུག་མོད། འོན་ཀྱང་གཞུང་ལུགས་ཆེན་པོ་རྣམས་སུ་སོ་སྐྱེ་རང་ག་བ་དག་གིས་སངས་རྒྱས་ཀྱི་ཡོན་ཏན་སྨོན་ལམ་གྱི་རྣམ་པས་སྒོམ་ཚུལ་དང་། མཁྱེན་གསུམ་གྱི་ཡོན་ཏན་རྟོགས་རིགས་ཀྱི་སྒོ་ནས་ཡིད་ལ་བྱེད་ཚུལ། ལུས་ངག་གི་རྟགས་མཚན་ལ་བརྟེན་ནས་ནང་གི་སྤངས་རྟོགས་དཔོག་ཐུབ་པ་སོགས་གསུང་པས་ན་རང་ཅག་རྣམས་ཀྱི་འདྲེན་མཆོག་༧སྐྱབས་མགོན་མཆོག་སྤྲུལ་རིན་པོ་འདི་ཡང་། ཇི་སྐད་དུ། བརྩེ་དང་སྙན་པར་སྨྲ་བ་དང་། ། བརྟན་པ་ཉིད་དང་ལག་བརྐྱང་དང་། ། དགོངས་པ་ཟབ་མོ་ངེས་འགྲེལ་བ། ། འདི་དག་བློ་ལྡན་རྣམས་ཀྱི་རྟགས། །ཞེས་མདོ་སྡེ་རྒྱན་ལས་གསུངས་པའི་སེམས་དཔའ་ཆེན་པོའི་མཚན་གཞིར་ངེས་སོ། །
ཞེས་བཀའ་འབངས་ཐ་ཤལ་བ་ངག་དབང་བཀྲ་ཤིས་ཀྱིས་༢༠༢༡ལོའི་ཟླ་༢པའི་ཚེས་༡ཉིན་ལ་བྲིས།

ནང་དོན་ཡོངས་ཁུངས། རྒྱལ་མོའི་ཡུམ་ཚེ་རིང་མི་སྒེར་གྱེར་འདོན་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།