ཁྱིམ་ཚང་ནི་བྱིས་པའི་སྤྲོ་སྐྱིད་ཀྱི་གཞིས་ཀ་ཞིག་ཏུ་འཁྱོངས་དགོས།

ཁྱིམ་ཚང་ནི་བྱིས་པའི་སྤྲོ་སྐྱིད་ཀྱི་གཞིས་ཀ་ཞིག་ཏུ་འཁྱོངས་དགོས།


རྩོམ་པ་པོ། དཀར་མོ་དར་རྒྱས།
གཅིག མེ་ཏོག་ནི་སྐྱེད་ཚལ་གྱི་མཛེས་སྡུག་ཡིན་པ་ནང་བཞིན། བྱིས་པ་ནི་ཁྱིམ་ཚང་དང་མི་རིགས་ཀྱི་འཚོལ་སྙེག་གི་རེ་ལྟོས་ཡིན་པས་ང་ཚོས་བྱིས་པའི་སློབ་གསོ་གལ་གཙིགས་སུ་འཛིན་དགོས། བྱིས་པ་སོ་སོར་ལྷན་སྐྱེས་ཀྱིས་ཆགས་པའི་མི་གཤིས་ཀུན་སྤྱོད་དང་ཤེས་རབ་ཀྱི་ཆ་ལ་བཟང་ངན་མི་འདྲ་བ་ཡོད་མོད། ང་ཚོས་འདང་རྒྱག་དགོས་ས་ནི་རྗེས་ཀྱི་སློབ་གསོའི་ནུས་ཤུགས་ལ་བརྟེན་ནས་བྱིས་པའི་མི་གཤིས་དང་ཤེས་རབ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན། མི་ཞིག་ནར་སོན་པའི་གོ་རིམ་ཁྲོད་ཕྱིས་འབྱུང་གི་སློབ་གསོ་བཟང་ན་མི་གཤིས་དང་ཤེས་རབ་ཆགས་པ་བཟང་ལ། ཕྱིས་འབྱུང་གི་སློབ་གསོ་མེད་ཚེ་ལྷན་སྐྱེས་ཀྱི་མི་གཤིས་ལ་ཁོར་ཡུག་དང་བསྟུན་ནས་འགྱུར་ལྡོག་འབྱུང་སླ་བ་ཡིན། འཛམ་གླིང་གི་སློབ་གསོ་བ་གྲགས་ཅན་ཚོས་བྱིས་པ་ལོ་གཅིག་ནས་ལོ་གསུམ་གྱི་བར་འཇིག་རྟེན་གྱི་ཐོག་མའི་བག་ཆགས་འབྱུང་བའི་དུས་སུ་བཤད་པ་བཞིན། དུས་སྐབས་འདི་བྱིས་པའི་ཚོར་ཤེས་ཀྱི་རྟོགས་པ་རྣོ་བའི་དུས་ཡིན་པས། བྱིས་པའི་སེམས་ཁམས་ནི་དྭངས་གཙང་གི་ཆུ་ཐིགས་ཞིག་དང་འདྲ་བར་འོ་མ་དང་འདྲེས་པས་དཀར་པོ་དང་སྣག་ཚ་དང་འདྲེས་པས་ནག་པོར་འགྱུར་སླ་བ་ཡིན་ན། ཕ་མ་ཚང་མས་བྱིས་པར་མི་གཤིས་དང་ཀུན་སྤྱོད་ཆགས་པའི་དུས་ཚོད་འདི་དམ་འཛིན་བྱས་ཏེ་བྱིས་པའི་མིག་མདུན་དུ་ཕ་མ་རང་གི་འགྲོ་འདུག་སྤྱོད་ལམ་སོགས་བག་ཡོད་ཚུལ་མཐུན་ལ་བརྩོན་དགོས་པ་མ་ཟད་བྱིས་པའི་མི་གཤིས་སྟེང་གི་མི་ལེགས་པ་དང་ཀུན་སྤྱོད་སྟེང་གི་མི་མཛེས་པ་དག་འདོར་བ་ལ་སྐུལ་མ་གནང་དགོས། དེ་ཡང་དྲག་ཤུགས་རྩུབ་སྤྱོད་མ་འདྲེས་པའི་ཞི་འཇམ་གྱི་སློབ་གསོའི་ཐབས་ལམ་ཞིག་ལ་བརྟེན་དགོས་པ་ལས། རྫིག་རྫིག་རྔམ་རྔམ་གྱི་བཙན་ཤུགས་བཀོལ་ན་བྱིས་པའི་དྭངས་གཙང་གི་སེམས་ཁམས་ལ་ཆག་གྲུམ་ཤོར་ཉེན་ཆེ། ད་ལྟའི་བྱིས་པའི་སེམས་ཁམས་ནི་མ་འོངས་པའི་ཁྱོད་ཀྱི་བུ་ཕྲུག་གི་སྤྲོ་སེམས་ཀྱི་ས་བོན་ཡིན་པས། ང་ཚོས་མ་འོངས་པའི་བུ་ཕྲུག་གི་སྤྲོ་སེམས་ཀྱི་ས་བོན་བརླགས་ག་ལ་ཉན། འདི་ལྟར་གླེང་འོང་དུས་ཕ་མ་ནི་བུ་ཕྲུག་ཚོའི་འཇིག་རྟེན་སྟེང་ན་བྱམས་སྐྱོང་གི་བཀའ་དྲིན་ཆེ་བ་ལས་ད་དུང་རླབས་ཆེ་བའི་མི་ཚེའི་ལམ་སྟོན་གྱི་དགེ་རྒན་ཐོག་མ་དེའང་ཡིན་དགོས། ཁོ་ཚོའི་སློབ་གསོའི་འགན་འཁྲི་དེ་ཅི་འདྲའི་ལྗིད་ནའང་། བྱིས་པ་ཞི་འཇམ་གྱི་སློབ་གསོའི་ཐབས་ལམ་ལ་བརྟེན་ནས་ལེགས་ལམ་ལ་ཇི་ལྟར་དཀྲི་དགོས་སམ། བྱིས་སྒྲུང་དང་གནའ་གཏམ་བེད་སྤྱད་དེ་སློབ་གསོ་གཏོང་དགོས་སམ། གལ་ཏེ་བྱིས་པ་ལོ་ན་ཆེས་ཕྲ་ནས་གནའ་གཏམ་གྱི་ནང་དོན་རྒྱུས་ལོན་མི་ཐུབ་ན་ཇི་ལྟར་བྱ། བྱིས་པ་དགའ་མོས་ཆེ་བའི་བྱ་དངོས་དག་བེད་སྤྱད་ནས་སློབ་གསོ་གཏོང་ངམ། གང་ལྟར་ཐབས་ཤེས་སྣ་ཚོགས་ཤིག་བེད་སྤྱད་ནས་བྱིས་པ་ལེགས་ལམ་དུ་འཁྲིད་དགོས།

དཔེར་ན། ང་ཚོའི་སྲོལ་རྒྱུན་དུ།བུ་ཆུང་བཀྲ་ཤིས་ཆུང་དུས་སུ་ས་འབུ་ནག་རིང་ཞིག་གསོད་པའི་སྦྱོར་བ་རྩོམ་པ་ན། ཁོའི་ཨ་མས་བུ་ལ། ད་ལྟ་ཁྱོད་ཀྱིས་ས་འབུ་ནག་རིང་འདི་བསད་ན་དགོང་མོར་ས་འབུའི་ཨ་མས་ཁྱོད་ཀྱི་ཨ་མ་བཙལ་ནས་རྣ་བའི་ནང་དུ་འཛུལ་ཏེ་བསད་འགྲོ་བ་ཡིན་པས་ཁྱོད་ལ་རང་གི་ཨ་མ་མི་དགོས་སམ། ཞེས་བཤད་པའི་སྐད་ཆར་བརྟེན་ནས་བུ་ཆུང་བཀྲ་ཤིས་ཀྱིས་གཞན་གྱི་ཚེ་སྲོག་ལ་འཚེ་བའི་སྦྱོར་བ་ཟློག་པ་དང་། ཡང་བུ་མོ་སྒྲོལ་མས་གཞན་གྱི་ལྡུམ་རའི་ནང་གི་མེ་ཏོག་བཏོགས་པའི་བྱ་སྤྱོད་ངན་པ་དེ་འགོག་སླད། མོའི་ཨ་ཕས་བུ་མོ་ལ་ཆུང་དུས་མེ་ཏོག་དང་ལྗོན་པའི་ཡལ་ག་སོགས་བཅག་ན་ནར་སོན་དུས་རང་གི་གཟུགས་པོ་ཆེ་རུ་སྐྱེ་མི་ཐུབ་པ་དང་སྐྱེ་གཟུགས་མཛེས་པོ་མི་ཡོང་པ་སོགས་སུ་འགྱུར་འགྲོ། ཞེས་བཤད་པའི་སྐད་ཆར་བརྟེན་ནས་བུ་མོས་ཁོར་ཡུག་ལ་གནོད་སྐྱོན་བཟོ་བའི་བྱ་སྤྱོད་དོར་བ་དག་ཀྱང་སློབ་གསོའི་ཐབས་ཤེས་ཤིག་མ་ཡིན་ནམ། དེ་བས་ང་ཚོས་ཀྱང་གཞན་ལ་ཟུར་བལྟས་ཀྱིས་ཞི་འཇམ་སློབ་གསོས་ཐབས་ལམ་འཚོལ་བ་ལ་འབད་དགོས། བྱིས་པ་ལ་ལ་ཞིག་ང་ཚོས་བྱམས་བརྩེ་དང་ཞི་འཇམ་གྱི་སློབ་གསོ་གཏོང་དུས། ཁོའི་རྣམ་རིག་གི་འོད་མདངས་བཀྲ་བའི་མིག་ཟུང་དང་ཡིད་ཆེས་ཀྱི་རེ་བ་བརྟས་པའི་སེམས་པ་དེ། ང་ཚོ་དང་བར་ཐག་ཇེ་ཉེ་ཇེ་ཉེར་སོང་ནས་ང་ཚོས་ཁོའི་བྱ་སྤྱོད་ལེགས་པའི་ཕྱོགས་སུ་བསྐུལ་བ་ལ་རེ་འབྲས་ཀྱི་མེ་ཏོག་ཡིད་འོང་དུ་བཞད་སྲིད། བྱིས་པ་ལ་ལ་ཞིག་ང་ཚོས་སློབ་གསོ་ག་འདྲ་བཏང་ཡང་། དེ་ལ་ཡིད་འཇོག་དང་བློ་རིག་མི་སྒྲིམ་པར་རྡོ་ཐོག་ཆུ་ཕྱར་གྱི་དཔེ་ལྟར་ཕན་འབྲས་གང་ཡང་འབྱུང་མི་སྲིད། ཡིན་ནའང་ང་ཚོས་ཁོའི་བྱ་སྤྱོད་ཀྱི་སྟེང་ནས་ལེགས་པའི་ཆ་ཅུང་ཙམ་ཞིག་མཐོང་རྗེས། དེ་གལ་གཙིགས་སུ་བཟུང་ནས་བསྟོད་བསྔགས་བྱས་ཏེ། མུ་མཐུད་དུ་འདི་འདྲའི་བཟང་ཕྱོགས་ལ་གོམས་པར་སྐུལ་འདེད་བྱས་ན་རིམ་བཞིན་ཕན་པའི་འབྲས་བུ་སྨིན་སྲིད། ཡིན་ནའང་བྱིས་པ་ལ་ལ་ཞིག་སློབ་གསོ་དང་བསྟོད་བསྔགས་གང་གིས་ཀྱང་མི་ཕན་པ་ཡོད་སྲིད། དེས་ན་གོང་ནས་ང་ཚོས་ཞི་འཇམ་སློབ་གསོ་གལ་འགང་ཆེ་བར་བཤད་མོད། བྱིས་པ་འདིའི་རིགས་ལ་ང་ཚོས་ཁོའི་ལུས་སེམས་ལ་མི་གནོད་ཀྱང་ཚད་དང་མ་བརྒལ་བའི་ཆད་པ་ཅུང་ཟད་རེ་བཅད་ན་ཕན་འབྲས་ཐོབ་སྲིད། ཆད་པ་བཅད་པའི་རྗེས་སུ་བྱིས་པ་དང་མཉམ་དུ་སྙིང་ཉེའི་སློབ་གསོ་དང་བྱམས་བརྩེའི་རྩེད་མོ་རྒྱུན་ཆགས་བྱེད་དགོས། དེ་ལྟར་མིན་ཚེ་ང་ཚོ་དང་བྱིས་པའི་སེམས་པའི་བར་ཐག་ཇེ་རིང་དུ་གྱུར་ནས་བྱིས་པའི་མིག་མདུན་དུ་ང་ཚོ་འཇིགས་སུ་རུང་ཞིང་མཐོང་མི་འདོད་པ་ཞིག་ཏུ་འགྱུར་ཉེན་ཆེ། ཡང་སློབ་གསོ་མཁས་ཅན་ཚོས་གསུངས་ན། ཁྱོད་རང་ཁོང་ཁྲོ་ལང་བའི་དུས་སུ་བྱིས་པར་སློབ་གསོ་བཏང་ན་ཁྱོད་ཀྱི་ཁོང་ཁྲོའི་སྦྱོར་བ་དེ་བྱིས་པའི་སྟེང་དུ་བཤམས་ངེས་པས་བྱིས་པར་སློབ་གསོའི་ཕན་འབྲས་འབྱུང་དཀའ་བ་དང་། བྱིས་པ་ཁམས་མི་དྭངས་པའི་དུས་སུ་སློབ་གསོ་བཏང་ན་སྡུག་སྣང་གི་ཁར་སུན་སྣང་གི་སྐད་ཆ་ཞིག་ཏུ་གྱུར་ནས་སློབ་གསོའི་འབྲས་བུ་ལེགས་པོ་འབྱུང་མི་ཐུབ་པར་འགྱུར་བར་གསུངས་པས། བྱིས་པར་ག་དུས་སློབ་གསོ་གཏོང་དགོས་པ་དེ་འང་ང་ཚོས་བསམ་གཞིག་བྱེད་དགོས་ས་གལ་ཆེན་ཞིག་ཡིན།

གཉིས། ལོ་གསུམ་ནས་དྲུག་གི་བར་ནི་བྱིས་པས་ཁོར་ཡུག་གི་འཇིག་རྟེན་ལ་ཡིད་འཇོག་དང་དབྱེ་འབྱེད་བྱེད་པའི་དུས་སུ་བཤད་ན། ཕ་མ་ཚོས་རང་གི་ཀུན་སྤྱོད་དང་མི་གཤིས་རྩུབ་མོས་བྱིས་པར་བག་ཆགས་ངན་པའི་ཤུགས་རྐྱེན་ཐེབས་པར་ཡིད་གཟབ་བྱེད་དགོས། བྱིས་པར་དགའ་སྣང་དང་སྤྲོ་སྐྱིད་ཀྱི་ཁྱིམ་ཚང་གི་ཁོར་ཡུག་ཅིག་བསྐྲུན་དགོས། སྤྱིར་ཁྱིམ་དོན་གྱི་བྱ་བ་ཙག་ཙིག་ཁྲོད་རྩོད་གླེང་ཅུད་ཟད་རེ་མི་འབྱུང་མི་སྲིད་མོད། དེ་ཡང་ཕ་མ་སུ་ཡིན་ཡང་ཕན་ཚུན་ལ་གུ་ཡངས་དང་བཟོད་སྒོམ་བྱེད་པའི་སྤྱོད་པར་གོམས་དགོས། རབ་ཡིན་ན་བྱིས་པའི་ཉེ་དྲུང་དུ་ཚིག་རྩོད་དང་མི་མཐུན་པའི་རྣམ་འགྱུར་ཙམ་ཡང་མ་བསྟན་ན་བཟང་། རྒྱུ་མཚན། སློབ་གསོ་བ་མང་པོས་བྱིས་པའི་ལོ་ཚོད་ཇི་ལྟར་ཆུང་ན་སེམས་ལ་རྨ་ཁ་བཟོ་ཚད་དེ་ལྟར་སླ་བར་བཤད་པས། ནམ་རྒྱུན་འཁོན་འཛིང་མོད་པའི་ཁྱིམ་ཚང་གི་སྡུག་ཡུས་འདི་གས་དྭངས་གཙང་གི་བྱིས་པའི་སེམས་ཁམས་ལ་རྨ་ཁ་ག་ཚོད་བཟོ་འམ། ཨ་ཕ་ཆང་རག་གིས་བཟི་ནས་ཆུང་མར་རྡུང་བའི་བྱ་སྤྱོད་འདི་དང་། ཨ་མས་ཁྱིམ་ཚང་ཟང་ཟིང་བཟོ་བའི་ཚར་རྒྱུ་མེད་ཀྱང་རྣ་ལ་འཛེར་བའི་སྡུག་སྐད་འདི་གས་ཚོར་ཤེས་སྐྱེན་པའི་བྱིས་པའི་སེམས་ཁམས་ལ་རྨ་ཁ་ག་ཙམ་བཟོས་ཡོད་དམ། ཡང་ན་ཕ་མ་གཉིས་གཉེན་འཐོར་རྒྱབ་ནས་བྱིས་པ་ཕ་མེད་མ་མེད་དང་སྐྱིད་པའི་ཁྱིམ་མེད་དུ་བཟོས་པའི་བྱ་ངན་འདི་གས། ཤེལ་སྒོང་བཞིན་གཡའ་དག་པའི་བྱིས་པའི་སེམས་ཁམས་ལ་གས་ཆག་ག་འདྲ་བཟོས་ཡོད་དམ། དོན་ངོ་མར་བྱིས་པར་མཚོན་ན་ཕ་མ་གཉིས་ནི་རང་གི་ལག་ཟུང་གཡས་གཡོན་བཞིན་འདང་བརྩེ་ལ་ཆེ་ཆུང་མེད་སྟབས་སུ་ལ་ཕམ་ཉེས་བྱུང་ན་བྱིས་པའི་སེམས་ཀྱི་ན་ཟུག་དང་རྨ་ཁ་ཡིན། སློབ་གསོ་མཁས་ཅན་ཚོས་གསུངས་ན། གོང་སྨྲོས་ཀྱི་ཁྱིམ་གཞི་འདི་འདྲ་དང་གནས་ཚུལ་འདི་འདྲའི་འོག་ནས་ནར་སོན་པའི་བྱིས་པ་ནི་རིམ་བཞིན་ཁོང་ཁྲོ་ལང་སླ་བ་དང་། གཞན་ལ་ཁ་རྩོད་རྒྱགས་པར་མོས་པ།ལས་ཀ་གང་བྱས་ཀྱང་བརྩོན་སེམས་མེད་པ་དང་བྱ་བར་འཐུས་ཤོར་ཆེ་བ། རང་གིས་བསམ་པ་དང་ལས་པ་ཐམས་ཅད་མི་འགྲིག་ཀྱང་ང་རྒྱལ་དང་ཨུ་ཚུགས་མཁྲེགས་པོས་གཞན་གྱི་ཁ་ལ་མི་ཉན་པ། ཡང་ན་རྒྱུ་ནོར་ཧམ་འཕྲོག་དང་མི་གསོད་ཁྲིམས་འགལ་གྱི་ལོག་ལམ་ལ་འཕྱན་པའི་ཉེན་ཁ་འབྱུང་བར་བཤད་པས་ན། རང་གི་སྙིང་ནས་བརྩེ་བའི་བུ་ཕྲུག་གི་ཆེད་དུ་ཁྱིམ་ཚང་ནི་ཡ་རབས་གོམས་སྲོལ་ཅན་དང་འགྲིག་མཐུན་ཁྱིམ་སྲོལ་ཅན་ཞིག་ཏུ་རེམ་དགོས།

ཁྱོད་ཀྱིས་བྱིས་པའི་མིག་མདུན་དུ་རང་གི་ཕ་མ་ལ་ཁ་ལེན་ཚིག་བརྩི་དང་བསྙེན་བཀུར་ཞབས་ཏོག་སྒྲུབས་ཚུལ་ཅི་འདྲའི་བཟང་ན། བྱིས་པ་ནི་ལད་ཟློས་རང་བཞིན་ཅན་ཞིག་ཡིན་པས་ཁྱོད་ཀྱི་བྱ་སྤྱོད་ཡོད་ཚད་བྱིས་པའི་མི་གཞིའི་མེ་ལོང་དུ་བསྡུད་ནས་མ་འོངས་པར་ཕ་མ་ལ་བསྙེན་བཀུར་ཆེ་ཞིང་མི་གཞི་ཀུན་སྤྱོད་ལེགས་པ་ཞིག་ཏུ་འཁྱོངས་ངེས། དོན་ངོ་མར་བྱིས་པའི་སློབ་གསོ་མང་པོ་ཞིག་ཕ་མ་རང་སྟེང་ནས་རྨང་བཏིང་དགོས་པས་བྱིས་པ་དང་ཕ་མ་མཉམ་གནས་ཀྱིས་བྱིས་པའི་འགྲོ་འདུག་སྤྱོད་གསུམ་ལ་སྣེ་ཁྲིད་བྱེད་དགོས། ཁྱོད་རང་ཕ་མ་ལེགས་པོ་ཞིག་ཡིན་ཕྱིན་བྱིས་པ་གཉོར་སྐྱོང་དང་བྱིས་པའི་མི་གཤིས་ཀུན་སྤྱོད་ལེགས་པོར་གཏོང་རྒྱུར་ཅི་འདྲའི་དཀའ་ཁག་ཆེ་ཡང་དེ་ལ་གདོང་གཏུགས་རྒྱགས་པའི་སྙིང་སྟོབས་ཡོད་དགོས། བྱིས་པ་གཉོར་སྐྱོང་གི་ལས་ཀ་བུ་རྫི་ལ་བཅོལ་ནས་རང་ཉིད་མི་རྐྱང་རྟ་རྐྱང་གིས་བློ་བདེ་བག་ཕེབས་ངང་འདུག་རྒྱུར་དགའ་བ་ནི། ཕ་མ་ཡིན་ཡང་ཕ་མའི་འགན་འཁྲི་མ་ཁུར་བ་ཡིན་པས་བྱ་སྤྱོད་འདི་དག་དང་རིང་དུ་གྱེས་དགོས། དེ་ཡང་བྱ་བའི་དགོས་དབང་གིས་བྱིས་པ་བུ་རྫི་ལ་བཅོལ་དགོས་བྱུང་ཡང་ནང་དགོང་དུས་ཚོད་སྤྱད་ནས་རྒྱུན་པར་བྱིས་པ་དང་མཉམ་དུ་བྱིས་པའི་བྱ་སྤྱོད་ལ་སེམས་ཁུར་དང་བྱིས་པར་ཕ་མའི་བྱམས་བརྩེ་ཐོབ་ཏུ་འཇུག་པ་ནི་བུ་ཕྲུག་དང་ཕ་མའི་བར་གྱི་འབྲེལ་ཟམ་ལེགས་ཤོས་དེ་ཡིན། ཁྱིམ་ཚང་ནི་བྱིས་པ་ནམ་ཡང་དགའ་བ་དང་དུངས་པ་ཆེ་བའི་སྤྲོ་སྐྱིད་ཀྱི་གཞིས་ཀ་དང་སྦྱོང་བརྡར་གྱི་ར་བ་ཞིག་ཏུ་འཁྱོངས་རྒྱུ་ནི་ཁྱིམ་གྱི་སྲོག་ཤིང་དུ་གྱུར་བའི་ཕ་མ་གཉིས་ལ་རག་ལས་པས།ནམ་རྒྱུན་ཁྱིམ་དོན་ཙག་ཙིག་འཚག་ནས་བཟའ་མི་མཉམ་དུ་འཛོམས་དུས། ཁ་པར་དང་བརྙན་འཕྲིན་ལ་གཡེང་བའི་གོམས་གཤིས་བཞག་ནས། ཨ་མའི་བྱམས་བརྩེའི་འཛུམ་ཞལ་དྭངས་མོས་བུ་ཕྲུག་ལ་སྙིང་ཉེ་བའི་རྣམ་འགྱུར་དང་ཨ་ཕའི་ཤ་ཚའི་སྐད་ངག་འཇམ་པོས་བུ་ཕྲུག་ལ་ཞེ་བརྩེ་བའི་སྙིང་གཏམ་གླེངས་ཏེ། བུ་ཕྲུག་གི་བསམ་ཚུལ་དང་དྲན་ཚུལ་གང་ཡོད་ཕ་མ་ལ་བཤད་པའི་གོ་སྐབས་བསྐྲུན་ན།ཁ་བརྡ་ནི་མིའི་འབྲེལ་ཟམ་ལེགས་ཤོས་དེ་ཡིན་པས། མ་འོངས་པར་བུ་ཕྲུག་རང་གིས་ཐག་གཅོད་མི་ནུས་པའི་དཀའ་ཁག་ཆེ་བའི་ལས་དོན་ལ་ཐུག་དུས་ཕ་མ་ལ་བློ་འདྲི་བྱེད་སྲིད་ལ། ཕ་མ་གཉིས་ནི་རང་གི་མི་ཚེའི་བརྟན་བརྗིད་ཀྱི་རྒྱབ་རི་མཐོན་པོ་ཡིན་པའི་དཔའ་གདེང་ཀྱང་རྒྱས་སྲིད། སློབ་གསོ་བ་གྲགས་ཅན་ཚོས་བྱིས་པ་ནར་སོན་པའི་གོ་རིམ་ནི་སྐད་ཆའི་འཇོན་ནུས་ཆགས་པའི་དུས་བཟང་དུ་བཤད་ན། ང་ཚོས་ཉི་མ་རེ་རེར་བྱིས་པར་འཚོ་བ་དང་ཁ་ཐག་ཉེ་བའི་མིང་ཚིག་རེ་ངོ་སྤྲོད་རྒྱགས་དགོས། ཉི་མ་གཅིག་ལ་མིང་ཚིག་གཅིག་བྱིས་པར་ཤེས་སུ་འཇུག་རྒྱུ་ནི་ལས་ཀ་དཀའ་མོ་ཞིག་མ་ཡིན་ཡང་ལོ་གཅིག་ལ་མིང་ཚིག་སུམ་བརྒྱ་དྲུག་ཅུ་ཤེས་པ་ནི་དོན་བྱ་ཆེན་པོ་ཞིག་ཡིན། དཔེར་ན། ང་ཚོས་ཇ་དེམ་ལྟ་བུ་ལ་མཛུབ་མོ་བཙུགས་ནས། བྱིས་པ་ལ་འདི་ཇ་དེམ་རེད་འདིའི་མིང་ལ་ཇ་དེམ་ཟེར་བ་རེད་ཅེས་བྱིས་པ་ལ་དངོས་པོ་དེའི་མིང་ངེས་སུ་བཅུག་ན། མ་འོངས་པར་བྱིས་པ་སློབ་ལོ་རན་ནས་དགེ་རྒན་གྱིས་བྱིས་པར་ཇ་དེམ་ཞེས་པའི་ཡི་འབྲུ་དེ་བསླབ་མ་ཐག་པ་ནས་བྱིས་པས་ཇ་དེམ་ཞེས་པའི་ཡི་གེ་དེའི་དོན་རྟོགས་འགྲོ་བ་ཡིན།

འདི་ནི་ང་ཚོས་སྒྲུབ་སླ་ལ་དོན་ཆེ་བའི་ལས་བྱ་གལ་ཆེན་ཞིག་མ་ཡིན་ནམ། སྔོན་ཆད་ང་ཚོའི་སྲོལ་རྒྱུན་འཚོ་བའི་ཁྲོད་དུ་ཕ་མས་རང་གི་བྱིས་པ་ལ་གནའ་གཏམ་བཤད་པའི་སྲོལ་ཞིག་ཡོད་ལ། བྱིས་པའང་གནའ་གཏམ་ལ་ཉན་རྒྱུར་སྤྲོ་བོ་ཡོད། གནའ་གཏམ་གྱི་ནང་དོན་ཕལ་ཆེར་ཀུན་སྤྱོད་སློབ་གསོ་དང་འབྲེལ་བ་དམ་པོ་ཡོད་པས། བྱིས་པས་བློ་རིག་བསྒྲིམས་ཏེ་གནའ་གཏམ་ལ་ཉན་ནས་ནམ་ཞིག་གནའ་གཏམ་དེ་བྱིས་པ་རང་གི་བཤད་ཐུབ་པའི་དུས་དེར། བྱིས་པར་ཀུན་སྤྱོད་སློབ་གསོའི་ཕན་འབྲས་བྱུང་ཡོད་པ་མ་ཟད་བྱིས་པའི་སྐད་ཆའི་ནུས་རྩལ་ཡང་ཇེ་ལེགས་སུ་སོང་ཡོད་པ་ཡིན། ལྷག་པར་དུ་ཕ་མས་རང་གི་བྱིས་པ་ལ་སྤྲོ་སྣང་འདྲེན་པའི་གབ་ཚིག་བཤད་དེ། བྱིས་པས་དཔྱད་པ་བཏང་ནས་གབ་ལན་ཨེ་ཁེད་ལྟ་ཞིང་། གབ་ལན་ཁེད་ན་བྱིས་པར་མཐེ་བོང་བསྒྲེངས་ནས་བསྟོད་བསྔགས་བྱེད་པ་ཡིན། སྤྱིར་གབ་ཚིག་ནི་བརྗོད་བྱའི་དོན་ཐད་ཀར་རྟོགས་མི་ནུས་པར་ཚིག་སྦྱོར་གཞན་གྱིས་གབ་ནས་རྗོད་དེ་ཕ་རོལ་བོ་རྨོངས་པར་བྱེད་པའི་རིག་པའི་རྩེད་མོ་ཞིག་ཡིན་པས། གབ་ཚིག་གི་རྩེད་མོའི་ཁྲོད་ནས་བྱིས་པའི་ཤེས་རབ་ཀྱི་རྩལ་ནུས་མཐོར་འདེགས་གཏོང་བ་ནི་ང་ཚོས་ཐུན་མིན་སྲོལ་རྒྱུན་གྱི་སློབ་གསོའི་ཁྱད་ཆོས་ཤིག་ཡིན།

གསུམ། ཨ་མྱེ་དང་ཨ་ཕྱི་ཚོར་མཚོན་ན་རང་གི་ཚ་བོ་ཚ་མོར་འདང་ཆེ་ཞིང་གཅེས་ལང་དུ་བཏང་ན་འདོད་མོད་དེ་ཡང་གཅེས་ཤེས་དགོས་པ་ཡིན། དཔེར་ན། བྱིས་པས་འདི་མཁོ་གན་དགོས་ཟེར་ཚད་ཚང་མ་ཁྱིམ་ཚང་གི་དཔལ་འབྱོར་ལ་མི་བལྟ་བར་ཉོ་བ་དང་། བྱིས་པས་གང་དྲན་དྲན་དུ་ཁྱིམ་གྱི་མཁོ་དངོས་བཅག་བཅོམ་སོགས་བྱ་བ་ངན་པ་ཅི་འདྲ་ལས་ཀྱང་བཀག་འགོག་དང་སློབ་གསོ་མི་གཏོང་བ། ཐ་ན་བྱིས་པའི་ཕ་མས་སློབ་གསོ་གཏོང་དུས་ཡང་། བྱིས་པའི་རྒྱབ་རྩར་ལངས་ནས་དེ་ལ་ཁ་བཀག་ལག་བཀག་བྱས་ནས་བྱིས་པ་རྒྱ་ཡན་དུ་གཏོང་བ་ནི། བྱིས་པར་གཅེས་མ་ཤེས་པ་ཡིན་ལ། དོན་ལ་ཁྱོད་ཀྱིས་བྱིས་པ་གཅེས་ལང་དུ་གཏོང་ཚུལ་དེས་བྱིས་པར་ཕན་པ་ལས་གནོད་པ་ཆེ། འདི་འདྲའི་འོག་ནས་འཚར་ལོངས་བྱུང་བའི་བྱིས་པ་ནི་རང་ཤེད་ཚ་བ་དང་སྒེར་སེམས་ཆེ་བས། ཁོས་འདོད་པ་བཞིན་མ་སྒྲུབ་ན་ཕ་མ་ལ་ཁ་ལན་ཚིག་ལན་དང་རྡུང་རྡེག་བྱེད་པ། ཁྱིམ་གྱི་མཁོ་དངོས་ཡོད་ཚད་ས་རྒྱག་རྡོ་རྒྱག་བྱེད་ཀྱང་མི་གཞན་གྱིས་བལྟས་ཚེ་གཤེད་ཀྱིས་བཟུང་བ་ལྟ་བའི་རྣམ་པ་ཞིག་མངོན་པར་བྱེད། ནམ་ཞིག་བྱིས་པ་སློབ་ལོ་རན་ནས་མི་གཞི་ཀུན་སྤྱོད་དང་སློབ་སྦྱོང་གི་དུས་ཚོད། ཐ་ན་ཟ་འཐུང་གཉིད་གསུམ་ལའང་དུས་ཚོད་དང་སྒྲིག་ལམ་ཡོད་པའི་སློབ་གླིང་ཞིག་ལ་ཐོན་ན། ཁོར་སྔོན་ནས་རྒྱུན་གོམས་སུ་ལོབས་པའི་རང་སྣང་གང་དྲན་དང་རང་ཤེད་ཁེངས་དྲེགས་ཀྱི་གཤིས་ཀ་འདིས་སློབ་མའི་ཀུན་སྤྱོད་དང་སློབ་གྲྭའི་སྒྲིག་ལམ་ལ་འགལ་བ་ཅི་འདྲའི་མང་ཡང་། ནམ་ཡིན་ཡང་དགེ་རྒན་གྱི་བཀའ་བཀྱོན་དང་སློབ་གྲོགས་ཚོའི་འཕྱ་སྨོད་ལ་ཁོའི་སེམས་ནས་བཟོད་མི་ཐུབ་པའི་ཁོང་ཁྲོ་ཇི་ལྟར་ཚ་ཡང་། གནས་འདི་ཁོའི་ཁྱིམ་མིན་པས་ཡོད་ཚད་རང་གི་འདོད་མོས་བཞིན་བྱེད་ག་ལ་ཆོགམི་འདི་དག་ཁོའི་ཕ་མ་མིན་པས་ང་རྒྱལ་དང་ཞེ་སྡང་ཡོད་ཚད་ཁོ་ཚོའི་སྟེང་དུ་བཀོལ་ག་ལ་ཆོག གནས་འདི་ན་ཨ་མྱེ་དང་ཨ་ཕྱི་ལྟ་བུའི་རྒྱབ་རྟེན་མེད་པས་ཡོད་ཚད་ཁོས་བསམ་པ་དང་ཁོས་བཤད་པ་ལྟར་དུ་ག་ལ་འགྲོ། ཁོའི་མཐུན་སྒྲིལ་དང་གོང་བཀུར་མེད་པའི་མི་གཞི་ཀུན་སྤྱོད་འདིས་ཁོ་ནི་ཅི་འདྲའི་ཚང་མའི་བློར་མི་འབབ་ཀྱང་མིག་ལ་མི་རན་པའི་མི་ཞིག་རེདའང་།

ད་དུང་བྱིས་པ་འདིའི་རིགས་ནི་ལས་ལ་བརྩོན་པའི་སྙིང་རུས་མེད་པ། སྐྱིད་ལ་རྔམ་པའི་སྲེད་པ་ཆེ་བ། ནམ་ཡང་བྱ་བ་ཐམས་ཅད་སྒྱིད་ལུག་དང་ལེ་ལོའི་དབང་དུ་གཏོང་བར་དགའ་བ་ཡིན། འདི་ལྟར་སྒྲིག་ལམ་གྱི་འོག་ནས་འཚོ་མ་མྱོང་བར་རང་སྣང་གང་ཤར་ལ་གོམས་པའི་བྱིས་པ་འདིའི་རིགས། རང་གིས་མི་འདོད་བཞིན་དུ་སྒྲིག་ལམ་ལ་མི་གནས་ཐབས་མེད་ཀྱི་སེམས་ཀྱི་དཀའ་སྡུག་དེ་ཅི་འདྲའི་ཆེ་ཨང་། ཐམས་ཅད་ཁོ་དང་མི་མཐུན་པར་ཁོ་ལ་སྡང་བས་རང་ཉིད་ཁེར་རྐྱང་གི་སྣང་བ་འདི་ཅི་འདྲའི་སྡུག་ཨང་། དོན་ངོ་མས་བྱིས་པའི་དཀའ་སྡུག་འདི་ཐམས་ཅད་ཨ་མྱེ་དང་ཨ་ཕྱི། ཡང་ན་བྱིས་པའི་ཕ་མ་རྣམས་ཀྱིས། འཇིག་རྟེན་ཁ་དཔེར། གཅེས་མ་ཤེས་གཅེས་ཕྲུག་གཅེར་བུར་ཕུད་ཞེས་པའི་དཔེ་ལྟར། བྱིས་པ་ཆུང་དུས་སུ་ལེགས་པའི་སློབ་གསོའི་མ་བསྐྱངས་པར་རྒྱ་ཡན་དུ་བཏང་བའི་ལན་པ་ཡིན་པས། བྱིས་པ་ཆུང་ངུའི་དུས་སུ་ཡོད་ཚད་བསམ་བློ་མ་སྨིན་པའི་བྱིས་པའི་འདོད་ཚུལ་ལ་མི་བརྟེན་པར་བྱ་ངན་སྤྱོད་ངན་ལ་བཀག་འགོག་དང་མི་གཞི་ཀུན་སྤྱོད་བཟང་པོ་ཆགས་པའི་སློབ་གསོ་གཏོང་དགོས། ང་ཚོས་ནམ་ཡིན་ཡང་བྱིས་པའི་རྣ་ལམ་དུ། ཁྱོད་ལོ་ཆུང་བས་མི་ནུས་མི་འཇོན་ཟེར་བའི་སྐད་ཆ་མང་བོ་བཤད་པ་ལ་གཟབ་དགོས། སྐད་ཆ་འདི་བྱིས་པའི་རྣ་ལམ་དུ་རྒྱུན་པར་བཤད་ན། བྱིས་པའི་རང་གཅུན་དང་རང་བརྩིའི་སྤུས་ཚད་ཉམས་རྒུད་དུ་སོང་ནས་ནམ་ཞིག་རང་ལ་ཤེས་ནུས་འཇོན་གསུམ་ཅི་འདྲ་ཡོད་ཀྱང་མི་མང་འཚོགས་དབུས་སུ་སྨྲ་བའི་སྤོབས་པ་མེད་ལ་སྒྲུབ་པའི་སྙིང་སྟོབས་ཀྱང་མེད་པ་ཞིག་ཏུ་འགྱུར་ཉེན་ཆེ། ང་ཚོའི་བྱིས་པ་མང་པོ་ཞིག་རང་གིས་ནུས་པའི་བྱ་བ་ཞིག་ལ་ཐུག་ནའང་། སྡར་མའི་བཟོ་ལྟས་ངས་བྱ་བ་འདི་སྒྲུབ་ཨེ་ནུས་སྙམ་པའི་རང་ཉིད་རང་ལ་ཡིད་ཆེས་ཀྱི་སྙིང་སྟོབས་མེད་ཀྱང་། སེམས་ཞུམ་ནས་རང་གིས་འཇོན་པའི་བྱ་བ་ལེགས་འགྲུབ་ཀྱི་ཆ་ལའང་གནོད་པ་འབྱུང་གིན་ཡོད་པ་འདི་ནི། ཕ་མ་ཚོས་ནམ་རྒྱུན་བྱིས་པའི་རང་རྩིས་སྙིང་སྟོབས་བསྐྱེད་བསྲིང་མི་བྱེད་པར་བྱིས་པ་ལོ་ཆུང་བ་དང་བསམ་མེད་ཡིན་པ་སོགས་མང་པོ་ཞིག་ལ་ཁག་བཀལ་ནས་མི་ནུས་དང་མི་ཐུབ་སོགས་སྐད་ཆ་མང་པོ་ཞིག་གིས་བྱིས་པའི་བྱ་བ་སྒྲུབ་པའི་ནུས་པ་དང་སྙིང་སྟོབས་བག་ལ་ཞ་རུ་བཅུག་པའི་ལན་པ་ཡིན།

བྱིས་པ་ལོ་ཆུང་ཡང་ཁོ་ལ་འོས་འཚམས་ཀྱི་ལས་ཀ་བཀོད་སྒྲིག་བྱས་ཏེ་ཕ་མ་ལ་རོགས་རམ་བྱེད་པའི་ལས་ལ་གོམས་སུ་འཇུག་དགོས། ཁྱིམ་གྱི་གད་བདར་དང་གོན་པ་འཁྲུད་བཀྲུ་ནས་བཟུང་ཟ་མ་གཡོས་སྦྱོར་གྱི་བར་ཁྱིམ་ལས་སྒྲུབ་ཏུ་བཅུག་ནས། ཁྱིམ་ལ་གད་བདར་བྱས་པ་སོགས་གྲ་དག་གཙང་དག་ཡིན་ན་བསྟོད་བསྔགས་དང་གྲ་དག་གཙང་དག་མིན་ན་ཡང་བསྐྱར་གཙང་སྦྲ་བྱེད་པར་བསྐུལ་དགོས། བྱ་བ་འདི་འདྲའི་སྟེང་ནས་ཀྱང་ཕ་མས་རང་གི་བྱིས་པ་བྱ་བ་སྒྲུབ་པའི་ཀུན་སྤྱོད་རྩིང་པོ་ཡིན་མིན་ལ་ཉམས་ཞིབ་བྱེད་དགོས་པ་མ་ཟད་མ་འོངས་པར་བྱ་བ་ལ་ནན་ཏན་དང་བློ་རྩེ་གཅིག་པ་ཞིག་འཁྱོངས་པར་སྐུལ་འདེད་གཏོང་དགོས། བྱིས་པས་ཕ་མ་ལ་སྒོར་མོ་སློང་དུས་ཕ་མས་གང་འདོད་དུ་མི་སྟེར་བར་སྒོར་མོ་ནི་དཀའ་སྡུག་རྔུལ་ཆུར་བརྗེས་ནས་ཐོབ་པ་ལས་རང་གར་ནམ་མཁའ་ལས་བབས་པ་དང་ས་ལས་སྐྱེས་པ་ཞིག་མ་ཡིན་པ་རྟོགས་སུ་འཇུག་དགོས། དེ་ཡང་ཨ་རིའི་རྡོ་སྣུམ་རྒྱལ་བོར་འབོད་པའི་ཕྱུག་བདག་གྲགས་ཅན་རོ་ཁི་ཧྥེ་ལེར་གྱིས། རང་གི་ཁྱིམ་ཚང་ནང་དུ་ཚོང་ལས་རྣམ་པ་ཅན་གྱི་བཟོ་གྲྭ་ཞིག་བཙུགས་ནས། རང་ཉིད་ནི་བཟོ་གྲྭའི་མ་རྩ་གཏོང་མཁན་དང་། ཆུང་མ་ནི་བཟོ་གྲྭའི་འགན་འཛིན་པ། བུ་ཕྲུག་ཚོ་བཟོ་གྲྭའི་ལས་བཟོ་བ་བྱས། བཟོ་གྲྭའི་ལས་ཀ་ནི་ཁྱིམ་ལས་ཀྱི་བྱ་བ་ཙག་ཙིག་སྟེ། དཀར་ཡོལ་དང་སྡེར་མ་བཀྲུ་བ། ལྭ་བ་བཀྲུ་བ། ཁྱིམ་ཆས་ལ་གད་བདར་བྱེད་པ་སོགས་ཡིན་ལ། ལས་ཀ་རེ་རེ་ལ་གླ་ཆ་མི་འདྲ་བར་གཏན་ཁེལ་བྱས་ཏེ། བྱིས་པ་སུ་ལ་སྒོར་མོ་མཁོ་ཚེ་ཁྱིམ་གྱི་ལས་ཀ་གང་རུང་ཞིག་སྒྲུབ་ནས་གླ་ཆ་ལེན་པ་ལས་གང་འདོད་དུ་ཕ་མས་སྒོར་མོ་མི་སྟེར་བ་ཡིན། གློག་དང་བུད་ཤིང་། ཤ་ཕྱེ་སྣུམ་ཚལ་སོགས་འཆར་རྩིས་ལས་འགོངས་ན་ཆད་གསབ་དང་འཆར་རྩིས་ལས་ལྷག་ན་འཕྲོ་ཆ་ཐམས་ཅད་སོ་སོར་བྱ་དགར་བྱིན་པས། བུ་ཕྲུག་དག་ལས་ལ་བརྩོན་སེམས་ཆེ་བ་དང་། ཚོང་ལས་འདུ་ཤེས་མཐོ་བ། རྒྱུ་ནོར་འཕྲོ་ལྷག་ཏུ་མི་གཏོང་བ། ཡོང་སྒོ་དང་གཏོང་སྒོ། གསོག་འཇོག་སོགས་ཀྱི་ཐད་ལ་རྩིས་གྲངས་ཞིབ་པའི་ཕན་འབྲས་ངེས་ཅན་ཐོབ་པར་བཤད།

ཡང་ཡ་ཧུ་དཱ་པའི་ཨ་མ་ཞིག་གིས་རང་གི་ཕྲུ་གུས་རིན་གོང་ཨ་སྒོར་བརྒྱད་ཅུ་ཡིན་པའི་སྤོ་ལོ་ཞིག་ཉོ་འདོད་པའི་རེ་བ་བཏོན་པ་ལ། ཨ་སྒོར་བཞི་བཅུ་སྤྲད་དེ་འཕྲོས་རྣམས་ཕྲུ་གུ་རང་ཉིད་ཀྱིས་ཐབས་ཤེས་གཏོང་དགོས་ཟེར། ཕྲུ་གུ་དེས་ཁྱིམ་མཚེས་ཀྱི་ནང་དུ་ལས་ཀ་བྱེད་དུ་ཕྱིན་པས་གཟའ་འཁོར་གཉིས་ཀྱི་ནང་དུ་དངུལ་དེ་རག་ཐུབ་པ་བྱུང་། ཁོའི་སེམས་པ་སྤོབས་པས་ཁེངས་པ་མ་ཟད། དཀའ་ལས་བརྒྱབ་ནས་ཉོས་པའི་སྤོ་ལོ་དེ་ཁོའི་སེམས་ཀྱི་གཅེས་ནོར་དུ་གྱུར་ཟེར་བས། ང་ཚོས་བྱིས་པར་སྒོར་མོ་དང་མཁོ་དངོས་གང་འདོད་དུ་སྟེར་རྐྱང་དང་ལེན་རྐྱང་བྱས་ན། བྱིས་པས་རང་ཚུགས་རང་ཐུབ་ཀྱི་ཧུར་བརྩོན་ལ་བརྟེན་ནས་རང་ལ་ཐོབ་འདོད་ཀྱི་དོན་བྱ་བརྩོན་ལེན་བྱེད་པའི་ནུས་པ་ཉམས་ནས། མ་འོངས་པར་ཡང་ཡོད་ཚད་གཞན་ལ་བརྟེན་ནས་འཚོ་བ་རོལ་བ་ལས་རང་སྟོབས་རང་སྤེལ་གྱི་ནུས་པ་མེད་པ་ཞིག་ཏུ་འགྱུར་སྲིད། ཡང་གཅིག་བཤད་ན་བྱིས་པ་ཚོར་སྒོར་མོ་བྱིན་གྱིན་བྱིན་གྱིན་ཁོ་ཚོ་སྒོར་མོ་བྱིན་པ་ལ་མི་སྤྲོ་བར། ད་དུང་ང་ཚོས་བྱིན་པའི་སྒོར་མོའི་ཁ་གྲངས་ཉུང་བར་འཁང་ར་བྱེད་སྲིད། དེ་བས་བྱིས་པ་རང་གི་ནུས་པ་ལ་བརྟེན་ནས་ཐོབ་པའི་སྒོར་མོ་ནི་ཁ་གྲངས་ལ་རག་མ་ལུས་པར། རང་ལ་ཐོབ་འདོད་ཀྱི་བྱ་བ་རང་གིས་འགྲུབ་པས་སེམས་ལ་སྤྲོ་སྣང་ཆེ་བ་མ་ཟད། བྱིས་པའི་རང་ཚུགས་རང་ཐུབ་ཀྱི་འདུ་ཤེས་མཐོར་འདེགས་བྱེད་པ་དང་། སྒོར་མོ་བརླགས་རྒྱུ་སླ་ཡང་ལག་སོན་དཀའ་བའི་གནས་ལུགས་ཀྱང་རྟོགས་སྲིད། ནམ་རྒྱུན་ང་ཚོས་བྱིས་པའི་ཀུན་སྤྱོད་ཐ་ཤལ་དང་། བློ་རིག་རྟུལ་བོ། སྦྱངས་འབྲས་ཉམས་ཞན་ཡིན་པ་ཡོད་ཚད་བྱིས་པ་དང་དགེ་རྒན་ལ་ཁག་འགེལ་ཞིང་འཁང་ར་མི་བྱེད་པར། འདི་དག་གི་འབྱུང་རྐྱེན་ང་ཚོས་ཁྱིམ་གྱི་སློབ་གསོའི་རྨང་གཞིས་མ་འཇོན་པ་ཤེས་དགོས། བྱིས་པ་ལ་ཁྱིམ་གྱི་སློབ་གསོའི་རྨང་གཞི་ལེགས་པོ་ཞིག་ཡོད་ན། ད་གཟོད་སློབ་གྲྭའི་སློབ་གསོའི་ཤེས་རིག་གི་བདུད་རྩི་ལེན་པའི་ནུས་རྩལ་བཟང་ལ། སློབ་གྲྭའི་སློབ་གསོའི་རིག་གཞུང་གི་ནུས་རྩལ་འབྱོར་ན་ད་གཟོད་མི་རིགས་དང་རྒྱལ་ཁབ་གྱི་འཕེལ་རྒྱས་ལ་འཇོན་པའི་མི་ཞིག་འཁྱོངས་ངེས་པས། ང་ཚོ་ཚང་མས་བྱིས་པར་ཁྱིམ་གྱི་སློབ་གསོ་ལེགས་པོ་ཞིག་ཐོབ་རྒྱུར་ཧུར་བརྩོན་གནང་རྒྱུ་གལ་ཆེའོ།།

ནང་དོན་ཡོངས་ཁུངས། བོད་ཀྱི་སློབ་གསོའི་འཕྲིན་སྟེགས། སྲིན་འབུ་མེ་ཁྱེར།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།