ཇོ་ནང་ཏཱ་ར་ནཱ་ཐས་མཛད།
གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་པ་དེ་ཕྱིན་ཆད་ལྷ་དང་མི་རྣམས་སངས་རྒྱས་གྱི་བསྟན་པ་ཁོ་ན་ལ་མངོན་པར་དད་དོ། །དེར་དགེ་སློང་རྣམས་རྙེད་བཀུར་མང་ཞིང་ཆེས་མང་བས། སོ་སོ་སྐྱེ་བོ་རྣམས་ཀྱི་སྤོང་བ་ལ་བར་དུ་གཅོད་པར་གྱུར་པ་གཟིགས་ནས། འབྱོར་བ་དང་རྙེད་བཀུར་མང་ཆེས་པ་དེ་ཉིད་རྒྱུན་བཅད་པའི་ཕྱིར་དང༌། ཡུམ་ལྷའི་གནས་སུ་སྐྱེ་བ་བཞེས་པ་དེ་ཉིད་བདེན་པ་ལ་འགོད་པའི་ཕྱིར་དུ། བཅོམ་ལྡན་འདས་འཁོར་དང་བཅས་པ་རི་རབ་ཀྱི་རྩེ་མོ་ལྷའི་གནས་སུམ་ཅུ་རྩ་གསུམ་དུ་གཤེགས་སོ། །དེར་ཤིང་ཡོངས་འདུས་བརྟོལ་དང་ཉེ་བ་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཏུ་བཞུགས་ཏེ་ཡུམ་ལ་སོགས་པ་ལྷ་རྣམས་ལ་ཆོས་སྟོན་པར་མཛད་དོ། །འཕགས་པ་མཽང་གལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་རབ་ཏུ་མང་པོ་དག་མཉན་ཡོད་དུ་དབྱར་གནས་པར་མཛད་པ་ན། དེར་དགེ་སློང་རྣམས་ཀྱིས་མཽང་གལ་གྱི་བུ་ཆེན་པོ་ལ། དེར་དེ་བཞིན་གཤེགས་པ་ཕྱོགས་གང་དུ་དབྱར་གནས་པར་མཛད་ཅེས་དྲིས་པ་ལ་སུམ་ཅུ་རྩ་གསུམ་གྱི་གནས་སུ་མཛད་དོ་ཞེས་བཤད་དོ། །དེ་ནས་ཟླ་བ་གསུམ་འདས་པ་ན། འཁོར་རྣམ་པ་བཞིའི་ཚོགས་རྣམས་མཽང་གལ་གྱི་བུ་ཆེན་པོའི་དྲུང་དུ་ལྷགས་ནས། བདག་ཅག་གིས་བཅོམ་ལྡན་འདས་མ་མཐོང་ནས་ཡུན་རིང་ལོན་ཏེ་ཤིན་ཏུ་གདུང་པར་གྱུར་གྱི། འཕགས་པ་བཞུད་ལ། བདག་ཅག་ལ་ནི་དེར་འོང་པའི་རྫུ་འཕྲུལ་མེད། ལྷ་རྣམས་ལ་ནི་ཛམྦུའི་གླིང་འདིར་འོང་བ་ལ་དཀའ་བ་མེད་པའི་ཕྱིར་ཛམྦུའི་གླིང་དུ་གཞེགས་པར་ཞུས་ཤིག དེ་ནས་འཕགས་པས་རྫུ་འཕྲུལ་གྱིས་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་མཐའ་ཅིག་ཏུ་འདུག་ནས་འདི་སྐད་ཅེས། ལྷའི་འཁོར་འདི་དག་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་པས་འདིར་སྐྱེས་སོ། །ཞེས་ཞུས། སྟོན་པས་ཀྱང་དེ་བཞིན་ནོ་ཞེས་བསྔགས་སོ། །དེ་ནས་ལྷ་རྣམས་སྟོན་པའི་དྲུང་ནས་སོང་བའི་འོག་ཏུ། འཕགས་པ་མཽང་གལ་གྱི་བུས་འཁོར་རྣམ་པ་བཞིའི་འཕྲིན་གསོལ་བས། ཁྱོད་སོང་ལ། ཞག་བདུན་ནས་གྲོང་ཁྱེར་སཾ་ཀཱ་ཤིའི་ཨ་པ་ཛ་རའི་ནགས་ཨུ་དུམ་ཝ་རའི་ཤིང་དྲུང་དུ་གཤེགས་པར་འགྱུར་རོ་ཞེས་སྒོས་ཤིག །དེས་སྐད་ཅིག་ལ་ཛམྦུ་གླིང་དུ་འོངས་ནས་འཁོར་རྣམ་པ་བཞི་ལ་བཤད་པས། དེ་རྣམས་ཀྱིས་ས་ཕྱོགས་དེ་བྱི་དོར་བྱས་ཤིང་མཆོད་པ་སྣ་ཚོགས་པ་བཤམས་སོ། །དེ་ལྟ་བུའི་བར་སྐབས་ཞག་བདུན་གྱི་རིང་ལ། བཅོམ་ལྡན་འདས་ཀྱིས་འཐབ་བྲལ་ནས་འོག་མིན་གྱི་བར་དུ་གཤེགས་ཏེ། ས་ཕྱོགས་གཞན་དུ་འགྲོ་བར་མི་སྤྱོད་ལ་གདུལ་བྱར་ནི་གྱུར་པ་དཔག་ཏུ་མེད་པ་ཡོད་དེ། དེ་འདྲ་མཐའ་དག་ལ་ཆོས་བསྟན་ཏོ། །དེ་ལྟར་ན་ལྷའི་འགྲོ་བ་གྲངས་མེད་ཚད་མེད་པ་སྨིན་ཞིང་གྲོལ་བ་ལ་བཀོད་ནས། སླར་ཡང་ཡུལ་སུམ་ཅུ་རྩ་གསུམ་དུ་བྱོན་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཛམྦུའི་གླིང་དུ་གཤེགས་པར་བཞེད་དམ། ཞེས་ཞུས་པ་ལ་དེ་ལྟར་རོ་ཞེས་བཀའ་སྩལ་ཏེ་དེས་བཟོ་བོ་ལས་ཐམས་ཅད་པ་ལ་བཀའ་བསྒོས་ནས། སུམ་ཅུ་རྩ་གསུམ་ནས་ཛམྦུའི་གླིང་གི་བར་ལ་དབུས་སུ་བཻ་ཌཱུརྱའི་སྐས་དང༌། གཡས་སུ་གསེར་དང༌། གཡོན་དུ་ཤེལ་གྱི་སྐས་བྱས། དེའི་ཚེ་ལྟ་ཚངས་པ་གསེར་གྱི་སྐས་ལ་འབབ་ཅིང་གཟུགས་ཁམས་ཀྱི་ལྷ་དང་ལྷན་ཅིག་ཏུ་སྐུའི་གཡས་ནས་འགྲོ། བརྒྱ་བྱིན་ནི་གདུགས་རྩིབས་མ་སྟོང་དང་ལྡན་པ་འཛིན་ཞིང་ཤེལ་གྱི་སྐས་ལས་འབབ་བཞིན་དུ་འདོད་ཁམས་ཀྱི་ལྷ་དུ་མས་བསྐོར་ཏེ་སྐུའི་གཡོན་ཕྱོགས་ནས་འགྲོ། བཅོམ་ལྡན་འདས་ནི་དབུས་ཀྱི་བཻ་ཌཱུརྱའི་སྐས་ལ་གཤེགས་ཏེ། གལ་ཏེ་ཞབས་ཁོ་ནས་བྱོན་ན་ནི་མུ་སྟེགས་དག་ན་རེ། དགེ་སྦྱོང་གཽ་ཏ་མ་ལྷའི་འདོད་ཡོན་དང་བཟང་མོ་དག་མཐོང་བས་རྫུ་འཕྲུལ་ཉམས་སོ་ཞེས་འཕྱ་བར་འགྱུར་ལ། རྫུ་འཕྲུལ་ཁོ་ནས་གཤེགས་ན་ནི་ལྷ་རྣམས་ཀྱི་སྐས་བཙུགས་པ་དོན་མེད་ཅིང་བསོད་ནམས་མི་འཕེལ་བར་གཟིགས་ནས། བར་འགའ་ནི་རྫུ་འཕྲུལ་གྱིས་བྱོན། རེས་འགའ་ནི་ཞབས་ཀྱིས་གཤེགས་སོ། །མིའི་འགྲོ་བའི་དྲི་མི་ཞིམ་པ་ནི་ལྷ་རྣམས་ཀྱིས་མི་བཟོད་པ་ལ། སྟོན་པས་ཙནྡན་ས་མཆོག་གི་དྲིར་བྱིན་གྱིས་བརླབས་སོ། །དེའི་སྐབས་སུ་ཚེ་དང་ལྡན་པ་རབ་འབྱོར་ཤིང་དྲུང་ན་འདུག་པས་མཐོང་སྟེ། ཀྱེ་མ་འོ་ལྷ་འདི་དག་ཀྱང་དེང་ཉིད་རང་གི་གནས་སུ་འགྱེས། མི་འདི་དག་ཐམས་ཅད་ཀྱང་ལོ་བརྒྱ་ཚུན་ཆད་ལ་འཆི། དེ་བཞིན་གཤེགས་པ་ཡང་མྱུར་དུ་མྱ་ངན་ལས་བཟླའོ་སྙམ་ཡིད་འབྱུང་བས་རྐྱེན་བྱས་ཏེ་བདེན་པ་ཡང་མཐོང༌། མི་རིང་བར་དགྲ་བཅོམ་པ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ས་ལ་བྱོན་ཏེ་བཞུགས་ཁྲི་བཤམས་པ་ལ་བཞུགས་སོ། །ས་ཕྱོགས་ཐམས་ཅད་འཁོར་རྣམ་པ་བཞི་དང༌། རྒྱལ་པོ་དང༌། བློན་པོ་དང༌། བྲམ་ཟེ་དང༌། ཁྱིམ་བདག་ལ་སོགས་པ་སྐྱེ་བོའི་ཚོགས་མཐའ་ཡས་པས་ཡོངས་སུ་བསྐོར་ཏེ་ཆོས་ཀྱི་སྒོ་དུ་མ་དག་འབྱེད་པར་མཛད་དོ། །དེའི་ཚེ་འཕགས་མ་ཨུཏྤ་ལའི་མདོག་བདག་དགེ་སློང་མའི་གཟུགས་ཀྱིས་ཕྱིན་ན་སྟོན་པའི་སྤྱན་སྔར་མི་གཏོང་ངོ་སྙམ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པར་སྤྲུལ་ཏེ་སོང་བ་ན། འཁོར་རྣམས་ཡ་མཚན་དུ་གྱུར་ཞིང་རྟོག་པ་སྣ་ཚོགས་དང་བཅས་པས་ལམ་ཕྱེའོ། །དེ་འཕགས་མ་ཨུཏྤ་ལའི་མདོག་ཡིན་པར་ཚེ་དང་ལྡན་པ་འཆར་ཀས་དྲི་བསུང་ལས་རྟོགས་སོ། །དེར་འཁོར་ལོས་བསྒྱུར་བའི་རྣམ་པ་མཐོང་བས། འཁོར་ཁ་ཅིག་ནི་ལྷའི་སྲིད་པ་ལ་ཆགས། འགའ་ཞིག་ནི་མིའི་སྲིད་པ་ལ་ཆགས་པ་ལས། དེ་བཟློག་པའི་ཕྱིར་ཆོས་གསུངས་པས་འབྲས་བུ་བཞི་ཐོབ་པ་དང༌། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་དཔག་ཏུ་མེད་དོ། །བཀའ་སྩལ་པ། ས་རྣམས་གཅིག་གིས་ཐོབ་པ་དང༌། །ལྷ་རྣམས་སུ་ཡང་འགྲོ་བ་དང༌། །ཡང་ན་ཏིང་འཛིན་ཐོབ་པ་བས། །རྒྱུན་དུ་ཞུགས་པའི་འབྲས་བུ་མཆོག །ཅེས་སོགས་གསུངས་སོ། །དེ་དག་ནི་ལྷ་ལས་བབས་པའི་མཛད་པ་སྟེ་ཆོ་འཕྲུལ་ཆུང་བའམ། ཆོ་འཕྲུལ་གཉིས་པའམ། ཆོ་འཕྲུལ་ཕྱི་མར་ཡང་གྲགས་སྐད་དོ།
ནང་དོན་ཡོངས་ཁུངས། Light Of World སྤྱི་སྟེགས།