མགོ་ལོག་གཅིག་སྒྲིལ་ཁང་སར་ཇོ་ནང་དགོན་དཔལ་ངེས་དོན་ཐེག་མཆོག་ཆོས་འཁོར་གླིང་འདི་ནི། ཤར་གཉན་པོ་གཡུ་རྩེའི་ཉེ་འདབས་སུ། །དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་སྡེ་འབྱུང་། ། ཞེས་ལུང་བསྟན་པ་བཞིན། བོད་རབ་བྱུང་བཅུ་བཞི་བའི་བགྲང་བྱ་ང་དགུ་བ་སྟེ་སྤྱི་ལོ་༼༡༨༦༥༽ལོར་མགོ་ལོག་བླ་མ་བློ་བཟང་རྒྱ་མཚོ་མཆོག་གིས་ཡུལ་དགའ་མདོ་བཀྲ་ཤིས་ཐང་དུ་ཕྱག་བཏབ་གནང་། དེ་ནས་བླ་སྤྲུལ་མཁན་གསུམ་རིམ་བྱོན་གྱིས་བཤད་སྒྲུབ་གཉིས་ཆར་ནས་དགོན་འདི་བསྐྱངས། དེ་ནས་དུས་དབང་གིས་དགོན་འདིར་ཡང་ཆགས་འཇིག་ཆེན་པོ་བྱུང་། དེ་ནས་རིམ་བཞིན་བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ང་དྲུག་པ་ཆུ་མོ་ཕག་སྟེ་ཕྱི་ལོ་༼༡༩༨༢༽ལོར་ཁང་སར་ཉིན་ཡུལ་ཞེས་པའི་ད་ལྟའི་ས་གནས་འདིར་བསྐྱར་བཞེངས་བྱེད་པའི་འགོ་བརྩམས་ཏེ། བླ་མ་གཙང་བའི་མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་དང་། སྐྱབས་རྗེ་ངག་དབང་ཤེས་རབ་བཟང་བོ། མཆོག་སྤྲུལ་རྡོ་རྗེ་འཆང་༧ངག་དབང་འགྱུར་མེད་རྒྱ་མཚོ་སོགས་ཀྱིས་ད་བར་དུ་ཆོས་སྲིད་གཉིས་ཆར་ནས་བཀའ་དྲིན་བླ་ན་མེད་པས་བསྐྱངས་དང་སྐྱོང་བཞིན་ཡོད། སངས་རྒྱས་བསྟན་པའི་གཞི་རྩ་འདུལ་བ་གཞི་གསུམ་གྱི་ལག་ལེན་གཙོ་བོར་བཟུང་ནས་ཐོས་བསམ་སྒོམ་གསུམ་ལ་འབད་པ་དང་། བསྟན་པ་དང་འགྲོ་བའི་བདེ་སྐྱིད་ལ་དམིགས་ནས་རྒྱུད་སྡེ་དུ་མའི་སྒྲུབ་མཆོད་དང་། སྤྱིའི་རིམ་གྲོ་འཚོགས་པ་སོགས་མང་ཚོགས་ཀྱིས་རེ་བ་སྐོང་ཅི་ཐུབ་བྱེད་བཞིན་ཡོད།
དགོན་འདི་གཙོ་བོ་ཆོས་གྲྭ་གསུམ་གྱིས་གྲུབ་པ་སྟེ། སྒྲུབ་གྲྭ་གསང་སྔགས་བདེ་ཆེན་འོད་གསལ་གླིང་ནས་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་སོགས་དང་། བཤད་གྲྭ་མདོ་སྔགས་ཐོས་བསམ་གླིང་ནས་མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ཆེན་མོ་དག་དང་། ཁྱད་པར་དུ་རིང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱི་ཡིག་ཆ་ལ་ཐོས་བསམ་དང་། སློབ་གྲྭ་འཇིགས་མེད་ཤེས་རིག་དར་རྒྱས་སློབ་གླིང་ནས། སྦྱང་བྱ་གཙོ་བོ་ཆོ་ག་ཆོས་སྤྱོད་དང་། རྡུང་ཕྱག་ལེན། བཅའ་འབུད་གར་ཐིག སུམ་རྟགས་དག་གསུམ། ཡིག་གཟུགས་སྣ་ཚོགས། བསྡུས་གྲྭ། སྙན་ངག རྩིས་དཀར་ནག རྒྱ་ཡིག་སོགས་ཡིན་ལ། སྤྱི་ལོ་༼༢༠༡༠༽ལོ་ནས་མགོ་ལོག་ཁང་སར་ཡུལ་གྱི་གསར་རྙིང་ཇོ་གསུམ་གྱི་དགོན་ཁག་གསུམ་མཉམ་འབྲེལ་གྱིས་སློབ་གྲྭ་གསུམ་གྱི་སྦྱང་གཞི་གཅིག་གྱུར་དང་། ལོ་མཇུག་གི་རྒྱུགས་ཆེན་སོགས་གཅིག་མཐུན་ཏུ་ལེན་རྒྱུའི་སྲོལ་བཟང་བོ་ཚུགས་ཏེ། མཐུན་གསུམ་བྱང་ཆུབ་ལོ་མ་ཞེས་མིང་བཏགས་པ་བཞིན་དོན་དང་མཐུན་པའི་འཕེལ་རྒྱས་ལ་འགྲོ་བཞིན་ཡོད།
ནང་དོན་ཡོངས་ཁུངས། བློ་ཤེས་རིག་གནས་རྒྱུ་རྩལ་གླིང་གི་འཕྲིན་སྟེགས།