མཛད་པ་པོ། ཆོས་རྗེ་ངག་དབང་ཡོན་ཏན་བཟང་པོ།
ཨོཾ་ཏཱ་རེ་ཡ་ན་མོ།།
ཆོས་དབྱིངས་ཡེ་ཤེས་འཁོར་འདུས་ཀུན་ཁྱབ་པ།།
སྐྱེ་འགགས་གནས་གསུམ་བྲལ་བ་རྟག་ཅིང་བརྟན།།
བླ་མ་ཡི་དམ་སྐུ་བཞི་རབ་འབྱམས་ཞིང་།།
ངོ་མཚར་དཔལ་ཡོན་དུ་མའི་རོལ་པ་འཛིན།།
རྣམ་སྤྲུལ་ལྷ་མོ་གདུལ་བྱའི་ཁམས་བཞིན་སྤྲོ།།
འཇིག་རྟེན་དབང་ཕྱུག་མཛེས་ཞལ་ལས་བསྐྲུན་པ།།
འཇིགས་ཀུན་ལེགས་སྐྱོབ་མྱུར་མ་དཔའ་མོ་ཡིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡
ཟླ་བ་འབུམ་ལྟར་དཀར་བའི་ཚངས་སྲས་མོ།།
ཀུན་མཁྱེན་ཟློས་གར་སྨྲ་དབང་སྐེད་མེད་མ།།
དབྱངས་ཅན་ངག་གི་དཔལ་སྟེར་ལྷ་མོ་ཡིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༢
རྨད་བྱུང་བསོད་ནམས་དབྱིག་གི་དཔལ་འབར་མ།།
གང་འཚམས་འདོད་པ་འཇོ་བའི་བྱུ་རུའི་མདོག།
རྗེ་བཙུན་བསོད་ནམས་དབང་ཕྱུག་སྟེར་མོ་ཡིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༣
འཆི་མེད་ཚེ་མཆོག་ཡེ་ཤེས་རྒྱ་མཚོའི་གཏེར།།
ཟླ་བ་ཆུ་ཤེལ་འབུམ་ལྟར་རབ་དཀར་མ།།
འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ཡིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༤
ཁམས་གསུམ་ཆེ་དགུའི་དབང་ཐང་མ་ལུས་པ།།
ཡིད་བཞིན་སྟེར་མཛད་དམར་གསལ་རཱ་གའི་མདངས།།
རིག་བྱེད་དབང་མོ་ལྷག་པའི་ལྷ་མོ་ཡིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༥
འཕྲིན་ལས་དགེ་མཚན་འབུམ་གྱི་དཔལ་མངའ་བ།།
འོད་དམར་སྣང་བས་སྲིད་གསུམ་ཁྱབ་མཛད་མ།།
འཇིགས་བྱེད་ཁྲོ་མོས་བདུད་སྡེ་འཇོམས་མཛད་མས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༦
མཐུ་སྟོབས་ཐོགས་མེད་འཕྲིན་ལས་རླབས་ཆེན་མོ།།
མཁའ་གཡུའི་མདོག་འོད་ཕྱོགས་བརྒྱར་རབ་སྤྲོ་བ།།
གཞན་གྱིས་མི་ཐུབ་དཔའ་མོ་མཆོག་གིས་ཀྱང་།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༧
མཛད་པ་རླབས་ཆེན་ཆད་མེད་སྐྱེ་དགུའི་མགོན།།
ལྗང་ནག་འོད་ཟེར་ཕུང་པོ་རབ་འབར་སྐུ།།
གཞན་ལས་རབ་རྒྱལ་འཕགས་མ་ལྷ་མོ་ཡིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༨
བརྩེ་བ་ཆེན་པོའི་གཏེར་མངའ་དཔལ་ལྷ་མོ།།
འོད་གསལ་དབྱིངས་ལས་ལེགས་བཞེངས་ལྗང་གསལ་མདོག།
སེང་ལྡེང་ནགས་ཀྱི་སྒྲོལ་མ་རབ་མཆོག་མས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༩
རྣམ་པར་རྒྱལ་བའི་མཛད་ཆེན་མཁའ་མཐར་སྤྲོ།།
ཀུན་ད་དུང་ཟླའི་དཔལ་འོད་སྣང་བའི་སྐུ།།
འཇིག་རྟེན་གསུམ་རྒྱལ་ལྷ་མོ་མཆོག་གིས་ཀྱང་།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༠
ཕན་བདེའི་དཔལ་ཁ་ཡོངས་སུ་འགྱེད་མཛད་མ།།
འཛམ་བུའི་ཆུ་གསེར་མདངས་འོད་ལྷམ་མེ་བ།།
ནོར་སྟེར་སྦྱིན་མཛད་འཕགས་མ་སྒྲོལ་མས་ཀྱང་།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༡
སྐྱེ་དགུའི་བདེ་སྐྱིད་མ་ལུས་ཆར་དུ་བསྙིལ།།
དམར་འོད་དྲི་མེད་འོད་བཟང་འབུམ་སྤྲོ་བ།།
བཀྲ་ཤིས་འགྲོ་དོན་རབ་མཛད་ཆེན་མོས་ཀྱང་།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༢
མ་རུངས་ཉེར་འཚེའི་བདུད་སྡེ་ཀུན་བརླག་མ།།
མཐིང་ནག་འཇིགས་ཉམས་འབུམ་གྱིས་རབ་བརྗིད་མ།།
ཉོན་མོངས་དགྲ་དཔུང་འཇོམས་མཛད་ལྷ་མོས་ཀྱང་།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༣
བགེགས་རིགས་མ་ལུས་འཇོམས་པའི་སྟོབས་འབར་བ།།
མཐིང་ནག་འཇིགས་པའི་གཟི་བརྗིད་རབ་ལྡན་མ།།
ཁྲོ་གཉེར་ངོམས་མཛད་རབ་ཁྲོས་ཞལ་ལྡན་མས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༤
དྲི་བྲལ་ཆོས་དབྱིངས་འོད་གསལ་གནས་ལུགས་མདངས་།།
དཀར་གསལ་རབ་དྭངས་འོད་བཟང་མཁའ་མཐར་ཁྱབ།།
ཞི་ཞིང་ལེགས་པའི་་ལྷ་མོ་མཆོག་གིས་ཀྱང་།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༥
དྲི་མེད་བེེཌཱུར་གསར་བའི་དཔལ་འཛིན་མ།།
མཛེས་སྡུག་འོད་ཟེར་ཕྲེང་བའི་སྙིང་རྗེའི་ཀློང་།།
འབར་འོད་ཕྲེང་མོ་འཕགས་མ་རབ་མཛེས་མས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༦
འཇིག་རྟེན་དྲེགས་ལྡན་མ་ལུས་ཟིལ་གྱིས་གནོན།།
དམར་གསལ་འོད་བཟང་ཕྱོགས་བརྒྱར་འགྱེད་མཛད་མཆོག།
དཔག་མེད་སྟོབས་ཀྱིས་གནོན་མ་འཕགས་ལྷ་མོས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༧
བརྟན་དང་གཡོ་བའི་དུག་རིགས་ཀུན་གཞིལ་མཛད།།
ལྗང་གསལ་གཡུ་ལྗོན་མདངས་འོད་འབྱིན་པའི་དཔལ།།
རྨ་བྱ་ཆེན་མོ་སྤྲུལ་པའི་ལྷ་མོས་ཀྱང་།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༨
ཕ་རོལ་དགྲ་བོ་ཀུན་ནས་འཇོམས་ལ་དཔའ།།
དཀར་གསལ་འོད་ཟེར་ཕུང་པོ་མཛེས་སྡུག་འབར།།
མི་ཕམ་རྒྱལ་མོ་རྗེ་བཙུན་འཕགས་མ་ཡིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༡༩
འགྲོ་ལ་འཚེ་བའི་རིམས་ཡམས་མཐའ་དག་གཞོམ།།
པདྨ་རཱ་གའི་མདངས་འོད་ཆེར་འཕྲོ་བ།།
རི་ཁྲོད་ལྷ་མོ་ལོ་མ་གྱོན་མ་ཡིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༢༠
ཇག་ཆོམ་རྐུན་པོ་འཇོམས་ལ་དཔའ་མོའི་གར།།
ཅི་འདོད་སྤྲུལ་བའི་འཕགས་མ་གསེར་གྱི་མདོག།
འོད་ཟེར་ཅན་མ་བཅོམ་ལྡན་འདས་མ་ཡིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
༢༡
བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཚོགས།།
དཔའ་བོ་མཁའ་འགྲོ་ཆོས་སྲུང་མ་ལུས་བཅས།།
རྣམ་སྤྲུལ་དཔག་ཡས་མཛད་འཕྲིན་རླབས་ཆེན་གྱིས།།
ཆོས་མཐུན་ཀུན་འགྲིགས་བར་ཆད་མཐའ་དག་སོལ།།
དེ་ལྟར་རྩེ་གཅིག་གུས་པའི་རེ་སྨོན་འདི།།
མཆོག་གསུམ་བླ་མ་ཡི་དམ་བདེན་མཐུ་ཡིས།།
རེ་འབྲས་བསམ་དོན་ཆོས་བཞིན་འགྲུབ་པ་དང་།།
ནམ་ཡང་གཡེལ་མེད་དུས་སུ་མྱུར་འགྲུབ་མཛོད།།
ཅེས་རྗེ་བཙུན་འཕགས་མ་ཉེར་གཅིག་གི་སྒོ་ནས་བར་ཆད་ལམ་སེལ་ཆོས་མཐུན་མྱུར་སྩོལ་ཞེས་བྱ་བ་འདི་ཡང་ལྷ་བཙན་ཡས་ཏྭ་ཚ་ངག་དབང་རྡོ་རྗེ་བཟང་པོས་ཡང་ཡང་བསྐུལ་ངོར་།། ཤཱཀྱའི་དགེ་སློང་བློ་བཟང་ཆོས་འཕེལ་ནས་༡༩༩༩ལོའི་ཟླ་༡༢ཚེས་༢༣ལ་བྲིས་པ་འདིས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གསང་བའི་བར་ཆད་མཐའ་དག་ཞི་བའི་རྒྱུར་གྱུར་ཅིག དགེ་ལེགས་འཕེལ།།
ནང་དོན་ཡོངས་ཁུངས། ཛཾ་བྷ་ལའི་རིག་གནས་འཕྲིན་སྟེགས།