རྩོམ་པ་པོ། དགེ་བཤེས་ཀུན་པོ།
ཚད་མའི་རིག་ལམ་དར་ཁྱབ་ཏུ་འགྲོ་བའི་སྐབས་སུ་རང་གིས་ཡང་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་དག་གི་མདུན་ནས་ཚད་མ་རིག་པའི་རྣམ་གཞག་ལ་སྦྱངས་པ་ཅུང་ཙམ་བྱས་པ་དང་དེའི་སྐབས་སུ་རིག་ལམ་གཏོང་སྟངས་འགའ་དོན་གྱི་ནོར་ཡོད་མེད་ལ་མ་ལྟོས་པར་རང་གིས་གོ་བ་ལེན་ཕྱོགས་འགའ་རེ་རང་དང་མཉམ་པ་ལ་ཕན་ཕྱིར་དང་རང་ལ་ཡང་མ་འོངས་པར་དྲན་གསོའི་ཆེད་དུ་ཡི་གེར་ཕབ་པ་ལ་དང་པོར་སློབ་དཔོན་དབང་ཕྱུག་སྡེ་སོགས་ཀྱིས་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་པ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་ལ་གཞན་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་དགོས་ན་མཐུན་ཕྱོགས་ལ་ལྟོས་ཏེ་ཀུན་མཁྱེན་ཡིན་པར་ཐལ་བ་དང་། ཚུར་མཐོང་གིས་ལྡོག་ཁྱབ་གྲུབ་པ་དཀའ་བར་འདོད་པ་ལ་དཔལ་ཆོས་ཀྱི་གྲགས་པས་ལུང་འགལ་དྲུག་གི་སྒོ་ནས་དགག་པ་ལ། ཐོག་མར་དེ་དག་སྟོན་བྱེད་ཀྱི་རྣམ་འགྲེལ་རྩ་བ་དང་འགལ་སའི་ལུང་རྣམས་ཕྱོགས་གཅིག་ཏུ་འགོད་པ་དང་། དོགས་པ་གཅོད་པ་གཉིས་ལས།
ལུང་འགལ་དང་པོ་སྟོན་བྱེད་ཀྱི་རྣམ་འགྲེལ་རྩ་བ། འཁྲུལ་བ་ཅན་གྱི་གཉེན་པོ་ནི། །མི་མཐུན་ཆོས་བརྗོད་གང་ཡིན་པ། །གལ་དེ་མ་མཐོང་འབྲས་ཅན་དེ། །དེ་མ་སྨོས་ཀྱང་རྟོགས་པར་འགྱུར། །མེད་ཅེས་བྱ་བའི་ཚིག་གིས་ཀྱང་། །དེ་མེད་ཁོ་ན་མིན་གལ་ཏེ། །ཇི་ལྟར་མེད་རིགས་དེ་བརྗོད་ན། །དེ་ཚེ་མེད་ཅེས་བྱ་བར་རྟོགས། །ཞེས་གསུངས། འགལ་སའི་ལུང་རིགས་སྒོ་ལས། རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོ་གཉིས་ཀ་བརྗོད་པ་གང་ཡིན་པ་འདི་ནི་རིགས་སོ། ཞེས་པ་དང་འགལ།
ལུང་འགལ་གཉིས་པ་སྟོན་བྱེད་ཀྱི་རྣམ་འགྲེལ་རྩ་བ་དང་འགལ་སའི་ལུང་། རྣམ་འགྲེལ་རྩ་བ་། །གལ་ཏེ་མ་མཐོང་བས་ལྡོག་འགྱུར། །ཅི་སྟེ་ལྷག་ལྡན་འཁྲུལ་ཅན་ཡིན། །ཞེས་གསུངས། །འགལ་སའི་ལུང་། ཀུན་བཏུས་སུ། གཟུགས་ལ་སོགས་པ་མཚུངས་པས་རོ་ལ་སོགས་པ་གདོན་མི་ཟ་བར་མཚུངས་པ་མ་ཡིན་ནོ། །ཞེས་པ་དང་འགལ།
ལུང་འགལ་གསུམ་པ་སྟོན་བྱེད་ཀྱི་རྣམ་འགྲེལ་རྩ་བ། ལྡོག་པ་ཅན་ཡང་གཏན་ཚིགས་འགྱུར། ཞེས་གསུངས། འགལ་སའི་ལུང་། ཚད་མ་མདོའི་རང་འགྲེལ་ལས། ལྷག་མ་ལྔ་བོ་དག་ནི་གཏན་ཚིགས་སམ་འགལ་བ་ཉིད་དུ་མ་ངེས་ཏེ་ཐེ་ཚོམ་གྱི་རྒྱུའོ། །ཞེས་པ་དང་འགལ།
ལུང་འགལ་བཞི་བ་སྟོན་བྱེད་རྣམ་འགྲེལ་རྩ་བ་། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་གསུངས། འགལ་སའི་ལུང་། ཚད་མ་མདོའི་རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང་། ཅི་རིགས་པར་བརྗོད་པར་བྱའོ། །ཞེས་པ་དེ་ཡིན།
ལུང་འགལ་ལྔ་བ་སྟོན་བྱེད་རྣམ་འགྲེལ་རྩ་བ། ཁྱད་པར་རྣམ་པར་གཅོད་པ་ཡི། །གཏན་ཚིགས་སུ་འགྱུར་མ་མཐོང་ཕྱིར། །ཚད་མ་གཞན་གྱིས་གནོད་ཅེ་ན། །ད་ནི་མ་མཐོང་ལས་མེད་མིན། །དེ་བཞིན་དུ་ནི་གཞན་ལ་ཡང་། །ཚད་མ་གཞན་གྱིས་གནོད་པ་སྲིད། ཅེས་གསུངས། འགལ་སའི་ལུང་། སློབ་དཔོན་གྱིས་མཉན་པར་བྱ་བ་ཉིད་ནི་ཇི་ལྟར་ཡང་རྣམ་པར་གཅོད་པའི་གཏན་ཚིགས་མ་ཡིན་ནོ་ཞེས་པ་དང་འགལ།
ལུང་འགལ་དྲུག་པ་སྟོན་བྱེད་རྣམ་འགྲེལ་རྩ་བ། མ་མཐོང་ཕྱིར་རེག་མཐོང་བ་ལ། །མི་ལྡན་འཁྲུལ་བ་མེད་པ་ཅན། །ཞེས་གསུངས། འགལ་སའི་ལུང་། རླུང་གིས་རབ་བྱེད་ལས། གང་ཡང་གལ་ཏེ་མ་མཐོང་བ་ཙམ་གྱིས་མཐོང་བ་དག་ལ་འགོག་པར་བྱེད་ན་དེ་ཡང་རིགས་པ་མ་ཡིན་ནོ། །ཞེས་པ་དང་འགལ། འདི་དག་གི་ཚིག་འགྲེལ་མང་དོགས་ནས་སྐབས་འདིར་མ་བརྗོད་པས་གཞན་ལས་ཤེས་པར་བྱའོ། །
དོགས་པ་དང་པོ།
སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་རྟགས་མི་མཐུན་ཕྱོགས་ལ་མེད་པར་ངེས་ན་མི་མཐུན་ཕྱོགས་གང་ཡང་རུང་བ་ཞིག་ལ་ངེས་པས་མི་ཆོག་པར་མི་མཐུན་ཕྱོགས་མཐའ་དག་ལ་ངེས་དགོས། དེ་ལྟར་ན་མི་མཐུན་ཕྱོགས་མཐའ་དག་ངེས་འགྲོ་པའི་རྒྱུ་མཚན་གྱིས་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པ་ཡིན་ན་སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་སྒྲ་བྱས་པར་ངེས་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་ངེས་པར་འགྱུར་དེ་སྒྲ་བྱས་པར་ངེས་ན་སྒྲ་མ་བྱས་པ་ལ་མེད་པར་ངེས་དགོས་སྒྲ་མ་བྱས་པ་ལ་མེད་པར་ངེས་ན་མ་བྱས་པ་གང་རུང་ཅིག་ལ་མེད་པར་ངེས་པའི་མི་ཆོག་པར་མ་བྱས་པ་མཐའ་དག་ལ་མེད་པར་ངེས་དགོས། དེ་ལྟར་ན་མ་བྱས་པ་མཐའ་དག་ངེས་པར་འགྱུར་བས་སྒྲ་རྟག་སྟོང་ཡང་ངེས་དགོས་ལ་སྒྲ་རྟག་སྟོང་ངེས་ན་སྒྲ་མི་རྟག་པ་ངེས་དགོས་པར་མི་འགྱུར་རམ་དཔྱོད་ལྡན་རྣམས་ཀྱིས་ལེགས་པར་དཔྱོད་ཅིག
དོགས་པ་གཉིས་པ།
རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོ་གཉིས་ཀ་བརྗོད་པ་རིགས་སོ། །ཞེས་པའི་སྐབས་སུ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་དང་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གཉིས་པོ་གཙོ་ཆེར་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་འགལ་རྟགས་ཀྱི་གཉེན་པོ་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་མ་ངེས་པའི་གཉེན་པོར་གསུངས་འདུག་ལ། དེ་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གིས་རྟགས་མཐུན་ཕྱོགས་ལ་ཡོད་པར་དངོས་སུ་བརྗོད་པ་དང་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གིས་རྟགས་མི་མཐུན་ཕྱོགས་ལ་ཡོད་པར་དངོས་སུ་བརྗོད་པའི་རྒྱུ་མཚན་གྱིས་ཡིན་དགོས་ལ། དེ་ལྟར་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གིས་རྟག་པ་མ་བྱས་པ་ལ་ཡོད་པར་དངོས་སུ་བརྗོད་ཀྱང་བྱས་པ་རྟག་པ་ལ་མེད་པར་དངོས་སུ་མ་བརྗོད་པར་འདྲ་བས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གིས་དེ་སྒྲུབ་ཀྱི་ལྡོག་ཁྱབ་དངོས་སུ་བརྗོད་ཚུལ་གང་ཡིན། དེ་སྒྲུབ་ཀྱི་ལྡོག་ཁྱབ་དངོས་སུ་བརྗོད་པ་ལ་རྟགས་ཀྱི་མཚན་གཞི་བྱས་པ་ལྟ་བུ་གཞིར་བཟུང་ནས། དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་པར་དངོས་སུ་བརྗོད་དགོས་མིན་དགོས་ན་གང་རྟག་ན་མ་བྱས་པས་ཁྱབ། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་བཞིན། སྒྲ་ཡང་བྱས་སོ། །ཞེས་པའི་ངག་དེས་བྱས་པ་མི་རྟག་པ་ལ་ཡོད་པར་དངོས་སུ་བརྗོད་ཚུལ་གང་ལྟར་ཡིན་དཔྱད་པར་བྱའོ། །
དོགས་པ་གསུམ་པ།
ཤིང་སྡོང་གཅིག་ལས་སྐྱེས་པ་དང་གཟུགས་སྨུག་པོ་ལ་སོགས་པ་མཚུངས་པའི་ཤིང་ཏོག་ལྷག་མ་རྣམས་ཆོས་ཅན། རོ་མངར་བ་ཡིན་ཏེ། སྔར་ཟོས་པའི་ཤིང་ཏོག་དང་གཟུགས་སྨུག་པོ་ལ་སོགས་པ་མཚུངས་པའི་ཕྱིར་ཟེར་ན། གཏན་ཚིགས་དེ་སྦྱོར་བ་དེ་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་ཚིགས་སུ་ཆགས་འདུག་ལ། དེ་ལྟར་ན་ཡང་དག་ལྷག་ལྡན་ལ་རྟགས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་མཐོང་ནས་མི་མཐུན་ཕྱོགས་ལ་ཡོད་མེད་ཐེ་ཚོམ་ལས་མ་འདས་པ་ཞིག་དགོས་ལ་སྐབས་ཀྱི་རྒོལ་བས་རྟགས་མཐུན་ཕྱོགས་ལ་ངེས་ན་རྟགས་དང་མཐུན་ཕྱོགས་གཉིས་ཀྱི་གཞི་མཐུན་ངེས་སམ། ངེས་ན་དེ་སྔར་ཟོས་པའི་ཤིང་ཏོག་གི་སྟེང་དུ་ངེས་སམ་མ་ཟོས་པའི་ཤིང་ཏོག་ཅིག་གི་སྟེང་དུ་ངེས། སྔར་ཟོས་པའི་ཤིང་ཏོག་གི་སྟེང་དུ་ངེས་ན་སྔར་ཟོས་པའི་ཤིང་ཏོག་སྔར་ཟོས་པའི་ཤིང་ཏོག་དང་གཟུགས་སྨིག་པོར་མཚུངས་དགོས། དེ་མི་འཐད། མ་ཟོས་པའི་ཤིང་ཏོག་ཅིག་གི་སྟེང་དུ་འཇོག་ན་དེ་རོ་མངར་བ་མཐོང་པར་འཇོག་དགོས་པས་མི་འཐད་དམ་དཔྱད་པར་བྱའོ། །
དོགས་པ་བཞི་པ།
མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་འདོད་པ་དག་ལ་དོགས་པ་གཅོད་ཚུལ། སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་ངེས་པའི་གང་ཟག་ཡིན་ན་ངེས་པ་ཡོད་པ་གཞིར་བཞག་ལ་མཉན་བྱ་གཞི་དེ་ཡིན་པ་ངེས་ན་སྒྲ་གཞི་དེ་ཡིན་པར་ངེས་པ་དགོས་པར་འདོད་ལ། དེ་ལྟར་ན་མི་རྟག་པ་དང་སྐད་ཅིག་མ་གཉིས་ཀྱི་མིང་དོན་གྱི་འབྲེལ་བ་ངེས་པའི་གང་ཟག་ཡིན་ན་ངེས་པ་ཡོད་པ་གཞིར་བཞག་ལ་གཞི་དེ་སྐད་ཅིག་མ་ཡིན་པར་ངེས་ན་གཞི་དེ་མི་རྟག་པ་ཡིན་པར་ངེས་དགོས་མིན། མི་དགོས་ན་དེ་གཉིས་མི་མཚུངས་པའི་རྒྱུ་མཚན། དགོས་ན་སྐད་ཅིག་མ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་འགྱུར་ཏེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ངེས་ན་བསྒྲུབ་བྱ་ངེས་དགོས་པས་དཔྱད་པར་བྱའོ། །ཡང་མིང་དོན་གྱི་འབྲེལ་བ་ངེས་པའི་གང་ཟག་གིས་ངེས་པ་ཡོད་པ་གཞིར་བཞག་ལ་གཞི་དེ་མཉན་བྱ་གཞི་དེ་ཡིན་པར་ངེས་ན་སྒྲ་གཞི་དེ་ཡིན་པར་ངེས་དགོས་ན་མཉན་བྱ་མཚན་ཉིད་དང་མི་རྟག་པར་གང་རུང་ཡིན་པར་ངེས་ན་སྒྲ་མཚན་ཉིད་དང་མི་རྟག་པར་གང་རུང་ཡིན་པར་ངེས་དགོས་ལ་དེ་ལྟར་ན་མཉན་བྱ་མཚན་ཉིད་ཡིན་པར་ངེས་ན་སྒྲ་མི་རྟག་པར་ཡིན་པར་ངེས་དགོས་པས་འཐད་མིན་དཔྱོད།
དོགས་པ་ལྔ་པ།
སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་ངེས་པའི་གང་ཟག་གིས་ངེས་པ་ཡོད་པ་གཞིར་བཞག་ལ་མཉན་བྱ་གཞི་དེ་ཡིན་པར་ངེས་ན་སྒྲ་གཞི་དེ་ཡིན་པར་ངེས་དགོས་ལ། དེ་ལྟར་ན་མཉན་བྱ་སེ་གོལ་མཉན་བྱའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ངེས་ན་སྒྲ་སེ་གོལ་གྱི་མཉན་བྱའི་སྟེང་དུ་འགོད་ཚུལ་དང་མཐུན་པར་ངེས་དགོས་ལ་དགོས་ན་མཉན་བྱའི་རྟགས་ཀྱིས་སེ་གོལ་གྱི་མཉན་བྱ་སྒྲ་ཡིན་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་མེད་པར་འགྱུར་ཏེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ངེས་ན་མཉན་བྱ་སེ་གོལ་གྱི་མཉན་བྱའི་སྟེང་དུ་ངེས་དགོས་ལ་དེ་ངེས་ན་སྒྲ་སེ་གོལ་གྱི་མཉན་བྱའི་སྟེང་དུ་འགོད་ཚུལ་དང་མཐུས་པར་ངེས་དགོས་སྒྲ་སེ་གོལ་གྱི་མཉན་བྱའི་སྟེང་དུ་འགོལ་ཚུལ་དང་མཐུན་པར་ངེས་ན་འགོད་ཚུལ་དང་མཐུན་པའི་དོན་ངེས་དགོས། དེ་ངེས་ན་སེ་གོལ་གྱི་མཉན་བྱ་སྒྲ་ཡིན་པར་ངེས་དགོས་མིན་དཔྱད་པར་བྱའོ།
འདིས་ཀྱང་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་གནས་པ་ལ་གྲོགས་བྱེད་པར་གྱུར་ཅིག་གུ། ༢༠༢༡ལོའི་ཟླ༩ཚེས༢༡ལ་གངས་ལྗོངས་རིས་མེད་མཐོ་སློབ་ནས་མཇུག་རྫོགས་པའོ། །
ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།