དྲང་ངེས་ལ་མདོ་ཙམ་དཔྱད་པ།

དྲང་ངེས་ལ་མདོ་ཙམ་དཔྱད་པ།

རྩོམ་པ་པོ། མཁན་བསེ་ཀུན་ཆོས།

འཁོར་ལོ་གསུམ་གྱི་དགོངས་དོན་མ་ནོར་བ། །
ཇི་བཞིན་གཟིགས་པ་རྟོན་པ་བཞི་ལྡན་ཞེས། །
མདོ་རྒྱུད་ལུང་གིས་ལན་བརྒྱར་བསྔགས་པ་ཡི། །
ཀུན་མཁྱེན་དོལ་པོ་མཆོག་ལ་སྙིང་ནས་གུས། །

ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ་འདིར་གླེང་བར་བྱ་བ་ནི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་བའི་བཀའ་འཁོར་ལོ་དང་པོ་བར་མཐའ་གསུམ་དྲང་ངེས་གང་ཡིན་ལེགས་པར་རྣམ་པར་མདོ་བསྡུས་ཙམ་དཔྱད་ན་འདི་ལྟ་སྟེ། སྤྱིར་མཁས་པ་མང་བོའི་དྲང་ངེས་ཕྱེ་ཚུལ་མི་འདྲ་བ་མང་མོད་ཡིན་ནའང་ཇོ་ནང་ཀུན་མཁྱེན་རྟོན་པ་བཞི་ལྡན་མཆོག་གིས་མདོ་སྡེ་དགོངས་པ་ངེས་འགྲེལ་དང་བྱམས་ཆོས་སྡེ་ལྔ་དང་མངོན་པ་ཀུན་བཏུས་ཡུམ་གསུམ་གནོད་འཇོམས་སོགས་མདོ་དང་བསྟན་བཅོས་མང་བོ་ལ་བརྟེན་ནས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་གཉིས་ནི་དྲང་དོན་གྱི་མདོ་ཡིན་པ་དང་བཀའ་མཐའ་མ་དོན་དམ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་སཁོར་ངེས་དོན་གྱི་མདོ་ཡིན་པར་བཞད་པ་ཡིན། རྒྱུ་མཚན་དེས་ན་འདིའི་སྐབས་ཀྱི་དྲང་དོན་དང་ངེས་དོན་གཉིས་ཀྱི་དོན་ནམ་མཚན་ཉིད་ནི་དྲང་དོན་ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་དེ་དྲང་དོན་གྱི་མདོ་མཚན་ཉིད་དང་། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་དེ་ངེས་དོན་གྱི་མདོའི་མཚན་ཉིད་དོ།།
དེས་ན་བཀའ་འཁོར་ལོ་ཐོག་མཐའ་བར་གསུམ་ལས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནི་དྲང་དོན་དུ་བཞད་པ་ལུང་གིས་རོབ་ཙམ་སྒྲུབ་ན། རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཛད་པའི་མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་ལགས་ལ། ཞེས་དང་། འགྲེལ་ཆེན་ལས། ངོ་མཚར་རྨད་དུ་བྱུང་བའི་འཇིག་རྟེན་ཐམས་ཅད་ཀྱི་ལྷ་དང་མི་ལ་སོགས་པ་སུས་ཀྱང་སྔོན་ཆོས་དང་མཐུན་པར་མ་བསྐོར་བ་ལགས་མོད་ཀྱི། དེའི་ཚེ་ཡོངས་སུ་བསྐོར་བའི་འཁོར་ལོ་དེ་ནི་བླ་ན་མཆིས་པ་སྐབས་མཆིས་པ དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་ལགས་སོ་ཞེས་དང་། ཉ་ཊཱིཀ་ལས། དང་པོ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་ཀོའུ་དི་ལ་སོགས་པ་ལ་བདེན་པ་བཞིའི་ཆོས་འཁོར་བསྐོར་ཏེ་འདི་ནི་དམན་པའི་ཆོས་འཁོར་རོ།། ཞེས་དང་། ཚུལ་གཉིས་རྣམ་འབྱེད་ལས་གཞན་སྟོང་སྨྲ་བ་རྣམས་ནི་དང་པོ་དྲང་དོན་དང་ཞེས་དང་།
གཉིས་པ་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་དྲང་དོན་ཡིན་པར་ལུང་གི་སྒོ་ནས་སྒྲུབ་ཚུལ་ཞུས་ན་འདི་ལྟ་སྟེ། མདོ་སྡེ་དགོངས་བ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་བ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མ་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་ལགས་ལ། ཞེས་དང་། ཚུལ་གཉིས་རྣམ་འབྱེད་ལས། དང་པོ་དང་བར་བ་གཉིས་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་དང་། ཉ་ཊཱིཀ་ལས། དེ་ནས་རྒྱལ་བོའི་ཁབ་བྱ་རྒོད་ཕུང་བོའི་རི་ལ་སྙིང་བོ་དང་མངོན་པར་རྟོགས་པའི་དོན་སྟོན་པའི་མཚན་ཉིད་མེད་པའི་ཆོས་འཁོར་ཞེས་སོགས་ཀྱིས་གྲུབ་བོ།།
གསུམ་པ་དོན་དམ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ནི་ངེས་དོན་གྱི་མདོ་ཡིན་པར་ལུང་གིས་སྒྲུབ་ཚུལ་ནི། མདོ་སྡེ་དགོངས་བ་ངེས་འགྲེལ་ལས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་བ་མ་ལགས་སོ།། ཞེས་དང་། ཚུལ་གཉིས་རྣམ་འབྱེད་ལས། ཐ་མ་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་རྩོད་པའི་གཞི་མ་ཡིན་པ་དང་། ཞེས་སོགས་གསུངས་པའོ།།
གོང་གི་དྲང་ངེས་ཀྱི་སྐོར་ལ་མཐའ་རོབ་ཙམ་དཔྱད་ན། འོ་ན་ངེས་དོན་གྱི་མདོ་ཡིན་ན་ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་ཡིན་པའི་ཁྱབ་པ་ཐལ། མཚན་ཉིད་འཇོག་ཚུལ་འཐད་པའི་ཕྱིར། འདོད་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་ཡིན་པ་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། ཁྱབ་པ་གོང་གི་མཚན་གྱིས་གྲུབ། རྟགས་མ་གྲུབ་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པ་ཐལ། ངེས་དོན་མདོ་ལྔ་བོ་གང་རུང་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན། ངེས་དོན་གྱི་མདོ་ལྔ་བོ་གང་རུང་ཡིན་པ་ཐལ། ངེས་དོན་གྱི་མདོ་ལྔ་བོ་གྲངས་འདྲེན་པའི་ཚེ་ཁྱོད་གཅིག་ཏུ་འདྲེན་དགོས་པ་ཡིན་ཕྱིར། རྟགས་མ་གྲུབ། དེ་དགོས་པར་ཐལ། དགོས་པ་དེ་ཡང་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་དགོངས་པ་ཡིན་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ཞུ་དོན་གནང་བ་ལས། ཡང་ངེས་དོན་མདོ་ལྔ་ནི། ཤེར་ཕྱིན་ལྔ་བརྒྱ་བ། བྱང་ཆུབ་སེམས་དཔའི་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་ཆ་བཅུ་གཉིས་བྱམས་ཞུས་སུའང་གྲགས་པ་གཉིས་གཅིག་ཏུ་བསྡུས་པ། རྒྱན་སྟུག་པོ་བཀོད་པའི་མདོ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་གྱི་མདོ། དཀོན་མཆོག་སྤྲིན་རྣམས་སོ།། ཞེས་གསུངས་བའི་ཕྱིར། འདོད་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན། ངེས་དོན་གྱི་མདོ་ཡིན་པ་ཐལ། ལུང་དོན་གྲུབ་བའི་ཕྱིར། འདོད་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་ཡིན་ཐལ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ཆོས་ཅན། ངེས་དོན་དོན་དམ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་མ་ཡིན་པ་ཐལ། དྲང་དོན་ཀུན་རྫོབ་བདེན་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོའི་སྡེར་གཏོགས་པའི་མདོ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། དེ་ཡིན་པ་ཐལ། རང་གཏོགས་པའི་མདོ་དེ་ལ་འཁོར་ལོ་བར་བ་འཇོག་དགོས་པ་གང་ཞིག འཁོར་ལོ་བར་བ་ལ་དྲང་དོན་གྱི་མདོའི་ཁྱབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གཞན་སྟོང་དབུ་མའི་རྒྱན་ལས། བར་བ་དོན་དམ་དབྱིངས་སོགས་འགོག་ན་ནི།། བྱམས་ཞུས་སོགས་དང་ནང་འགལ་ཡོད་པར་འགྱུར། །ཞེས་གསུངས་བའི་ཕྱིར། རྟགས་གཉིས་པ་གོང་གི་ལུང་དེ་དག་གིས་གྲུབ་ཟིན་ཏོ། །དེ་ལྟར་ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་སོགས་ལས་འཕྲོས་ཏེ་དྲང་ངེས་ཀྱི་སྐོར་ལ་བློ་ལྡན་རྣམས་ཀྱིས་དཔྱད་པ་མུ་མཐུད་དུ་གཏོང་བར་ཞུ།
འདི་བྲིས་དགེ་བའི་རྣམ་དཀར་གང་ཡོད་པས། །
རྒྱལ་བསྟན་རིན་ཆེན་ཞིང་ཀུན་དར་བ་དང་། །
འགྲོ་ཀུན་མ་ལུས་མཐར་ཐུག་སངས་རྒྱས་ཀྱི། །
གོ་འཕང་མཆོག་དེ་མྱུར་དུ་འཐོབ་པར་ཤོག །

ཞེས་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་སྡུད་ཚུལ་བསྟན་ནས་ལོ་འཁོར་དྲུག་བརྒྱ་དྲུག་ཅུ་འཁོར་བ་ལ་ངེས་དོན་རྟག་བརྟན་འོད་སྣང་རྗེས་དྲན་གྱི་སྟེང་དུ་བསེ་དགོན་མཁན་ཀུན་དགའ་ཆོས་འཕེལ་གྱིས་གུས་ཕུལ།

ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།