ཁོང་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། པཎྜི་ཏ་གྷ་ཡ་དྷ་ར། གཉོས་ལོ་ཙཱ་བ། ཁ་རག་སྒོམ་ཆུང་སོགས་སྐྱེས་ཆེན་མང་བོས་བྱིན་གྱིས་རླབས་ཤིང་། བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་ནང་ཚན་དབུས་གཙང་གཉིས་ཀྱི་མཚམས་ཁ་རག་ཁྱུང་བཙུན་གྱི་གནས་ཇོ་མོ་ཁ་རག་ཅེས་པའི་འདབས། ཆུ་བོ་ཆེན་པོ་ལོ་ཧི་ཏའི་ཉེ་འགྲམ་དུ་རྭ་ལོ་ཙཱ་བ་ཆེན་པོའི་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལ། ཤར་ནུབ་གཉིས་སུ་གྱེས་པ་ལས་ཤར་བ་ཀུན་དགའ་སེང་གེའི་གདུང་བརྒྱུད། སྔགས་འཆང་ཚུལ་ཁྲིམ་རྒྱ་མཚོའི་སྲས་རྣམ་རྒྱལ་ཕུན་ཚོགས་དང་། ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་བའི་ཤིང་ཕག་ཕྱི་ལོ་ ༡༥༧༥ ལོར་ངོ་མཚར་བའི་ལྟས་དང་བཅས་དང་སྐུ་འཁྲུངས་ཏེ་མེས་པོས་པད་མ་སྲི་གཅོད་རྡོ་རྗེ་ཞེས་མཚན་གསོལ། དགུང་ལོ་གཅིག་ཙམ་ནས་གསུང་བྱོན་ཏེ་ང་བླ་མ་ཀུན་དགའ་གྲོལ་མཆོག་ཡིན་ཞེས་ཞལ་གྱིས་བཞེས་པ་དང་། གཞན་ཡང་སྐུ་གོང་མའི་རྟེན་གསུམ་དང་སྦྱིན་བདག ཉེ་གནས་སོགས་ཀྱི་ལོ་རྒྱུས་གསལ་བ་མང་བོ་ཡང་ཡང་གསུངས།
དགུང་ལོ་བཞི་བར་ཇོ་ནང་མཁན་པོ་ལུང་རིགས་རྒྱ་མཚོས་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད་དེ་ཇོ་ནང་དགོན་དུ་བྱོན། དགུང་ལོ་དྲུག་པ་ནས་ཀློག་སློབ་པའི་འགོ་ཚུགས། དགུང་ལོ་བརྒྱད་པར་ཇོ་དགོན་ཆོས་ལུང་དུ་ཕེབས་ཏེ་མཁས་དབང་བྱམས་པ་ལྷུན་འགྲུབ་སློབ་དཔོན་དུ་བསྟེན། སྟག་ལུང་བ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་ལས་(སྤྱི་ལོ་ ༡༥༨༢ )རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས། དག་པའི་གཟིགས་སྣང་དུ་རྒྱ་གར་གྱི་པཎ་ཆེན་ཛྭ་ལ་ནཱ་ཐས་ཏཱ་ར་ནཱ་ཐ་ཞེས་པའི་མཚན་གསོལ།
དེ་ནས་ལོ་ངོ་བདུན་ལྷག་གི་རིང་ལ་མཁན་པོ་ལུང་རིགས་རྒྱ་མཚོ་དང་། སློབ་དཔོན་བྱམས་པ་ལྷུན་འགྲུབ། ཇོ་ནང་རྗེ་དྲུང་རྗེ་བཙུན་སྦས་པའི་སངས་རྒྱས། བདྡྷ་གུ་རུ་ནཱ་ཐ་སོགས་མཁས་གྲུབ་མང་བོ་ལས་མདོ་སྔགས་ཀྱི་གཞུང་ལུགས་མང་དུ་གསན། དགུང་ལོ་བཅུ་བདུན་པ་ལྕགས་ཡོས་(ཕྱི་ལོ་ ༡༥༩༡) ལོར་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ་དང་། སློབ་དཔོན་བྱམས་པ་ལྷུན་འགྲུབ་ཀྱིས་ལས་སློབ་མཛད་དེ། དགེ་འདུན་གྲངས་ཚང་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བླངས། དེ་ནས་ལོ་བཅུའི་རིང་སྟག་ལུང་དང་ཞྭ་དམར་སྤྲུལ་བའི་སྐུ་ལས་བཀའ་བརྒྱུད་པའི་ཆོས་སྐོར་དང་། གཞན་ས་སྐྱ་སོགས་ཀྱི་ཆོས་སྐོར་མང་དུ་གསན། རྗེ་དྲུང་རིན་པོ་ཆེ་སྐུ་གཤེགས་རྗེས་ཇོ་ནང་དུ་གདན་སར་བཞུགས། དགུང་ལོ་སོ་གཅིག་པར་ཇོ་ནང་དུ་བཤད་ཁྲིད་ཀྱི་དབུ་ཚུགས། རིས་མེད་ཀྱི་བླ་སློབ་མང་བོ་ལ་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་མཛད། དགུང་ལོ་ཞེ་གཅིག་པ་ཤིང་ཡོས་(ཕྱི་ལོ་ ༡༦༡༥) ལོར་གཙང་པ་སྡེ་སྲིད་ཀྱིས་སྦྱིན་བདག་བྱས་ནས་རྟག་བརྟན་དམ་ཆོས་གླིང་བཏབ། སྟོན་པའི་མཛད་བརྒྱ། རྒྱ་གར་ཆོས་འབྱུང་སོགས་པཎ་གྲུབ་མང་བོའི་རྣམ་ཐར་དང་། ཤེར་སྙིང་། བཟང་སྤྱོད་ཀྱི་འགྲེལ་བ་སོགས་མདོ་ཕྱོགས་སྤྱིའི་རྣམ་བཤད་དུ་མ་དང་། ཁྱད་པར་ཐེག་མཆོག་རྒྱས་པའི་དབུ་མ་སོགས་གཞན་སྟོང་གི་ལྟ་གྲུབ་སྐོར་དང་། དུས་འཁོར་བདེ་གསང་འཇིགས་གསུམ་སོགས་གསང་སྔགས་རྒྱུད་སྡེའི་ཆོ་ག་མང་བོ་དང་། དུས་འཁོར་བདེ་གསང་གི་བསྐྱེད་རྫོགས་ཀྱི་རྣམ་བཤད་སོགས་སྔགས་ཀྱི་གཞུང་འགྲེལ་མང་བོ་དང་ཐ་ན་བསྟོད་ཚོགས་སྨོན་ལམ་སོགས་ཀྱིས་མཚོན་གྲངས་ཡོངས་སྡོམ་པོ་ཏི་བཅུ་ཕྲག་བཞི་ལྷག་གི་གསུང་རབ་མཛད་པའི་སྒོ་ནས་མདོ་སྔགས་སྤྱི་དང་ཁྱད་པར་ངེས་དོན་དབུ་མ་ཆེན་མོ་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པའི་དགོངས་བཞེད་ལྟར་ལེགས་པར་གསལ་བར་བྱས་ཏེ་དར་རྒྱས་སུ་མཛད། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་གྲུབ་ནས་དགུང་གྲངས་རེ་གཅིག་པ་བཞེས་པ་རབ་བྱུང་བཅུ་གཅིག་པའི་ཤིང་ཕག་ (ཕྱི་ལོ་༡༦༣༥) ལ། རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་གདན་ས་འཇམ་དབྱངས་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་ལ་གཏད་དེ། ཆོས་ལུང་རྩེ་དང་ཇོ་མོ་ནང་དུ་དུས་འཁྲིད་ཕྱག་ལེན་རྒྱས་པ་གནང་ནས། ད་རེས་མ་གཏོགས་འདིར་ཆོས་མི་འཆད་གསུངས་ནས་བུ་སློབ་རྣམས་ལ་ཞལ་ཏ་མང་བོ་གནང་སྟེ། ཤིང་མོ་ཕག་གི་ལོའི་ནག་པ་ཟླ་བའི་ཚེས་ཉེར་བརྒྱད་ལ་ཞི་བར་གཤེགས་སོ།
སློབ་མ། སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ། མཁས་དབང་ཡེ་ཤེས་རྒྱ་མཚོ། མཁན་ཆེན་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། སྒམ་པོ་སྤྲུལ་སྐུ། ཆོས་རྗེ་ངག་དབང་བ། བླ་མ་ཆུ་བོ་ཆུང་བའི་སྐུ་སྐྱེས། མཁན་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན། སྤྲུལ་སྐུ་ངག་གི་དབང་བོ། ཏྲེ་བོ་སྤྲུལ་སྐུ། ཆོས་རྗེ་རིན་སྟེངས་པ། དུས་འཁོར་ཤར་ཆེན་པ། ཆོས་རྗེ་ལྷ་བོ་བ། དགེ་སློང་སྙིང་བོ་མཐའ་ཡས། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་བསོད་ནམས། མི་ཕམ་དཀོན་མཆོག་ལེགས་པ། ཀུན་དགའ་འཕྲིན་ལས་དབང་མོ། གཙང་གི་རྒྱལ་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་མང་བོ་བྱུང་ངོ་། །