Tibetan Web Featured

༄༅། །དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རང་ལུགས་ལ་བདེན་གཉིས་འཇོག་ཚུལ་དང་དེ་ལས་འཕྲོས་པའི་དཔྱད་བརྗོད་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །

རྩོམ་པ་པོ། ངག་དབང་འཇམ་དཔལ་བཟང་བོ།

དེ་ལ་འདིར་ཀླད་དོན་གཞུང་དོན་མཇུག་དོན་གསུམ་ལས།


དང་པོ་མཆོད་པར་བརྗོད་པ་དང་། རྩོམ་པར་དམ་བཅའ་བ་གཉིས་ལས།
དང་པོ་མཆོད་པར་བརྗོད་པ།

ཆོས་ཅན་བདེན་མིན་བརྡར་བའི་རྙེད་མཐའ་རུ།།
དོན་དམ་གདོན་མའི་མགོན་པོ་འཕོ་འགྱུར་བྲལ།།
དེ་ཉིད་སྟོན་ལ་འཇམ་དབྱངས་དབྱེར་མ་མཆིས།།
རྒྱལ་ཀུན་གཅིག་འདུས་དཔལ་ལྡན་བླ་མར་འདུད།།

གཉིས་པ་རྩོམ་པར་དམ་བཅའ་བ།


ཕར་ཕྱིན་སྤྱི་དོན་ལུང་རིགས་གཏེར་མཛོད་ལ།།
ཐོས་བསམ་སྐལ་བཟང་ཤར་བའི་དད་རྟེན་དང་།།
དཔལ་ལྡན་བླ་མར་དགྱེས་པའི་མཆོད་རྫས་ཙམ།།
བདེན་གཉིས་ཚུལ་ལ་དཔྱད་བརྗོད་བསྙད་པར་བྱ།།

གཉིས་པ་གཞུང་དོན་དངོས་ལ་བཤད་པ་ལ།

བདེན་གཉིས་ཀྱི་མཚན་ཉིད་འཇོག་ཚུལ་དང་། དབྱེ་བ་འཇོག་ཚུལ། བདེན་གཉིས་ཀྱི་ངོ་བོ་གཅིག་ཐ་དད་གང་ཡིན་གྱི་སྐོར་དཔྱད་པ་དང་གསུམ་ལས།

དང་པོ་བདེན་གཉིས་ཀྱི་མཚན་ཉིད་རེ་རེ་ནས་བཤད་པ་ལ་གཉིས་ལས།

དང་པོ་ལ་སྤྱི་དོན་དང་མཐའ་བརྟག་པ་གཉིས་ལས། དང་པོ་ལ། དོན་དམ་བདེན་པའི་མཚན་ཉིད། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་དུ་གྱུར་བའི་གཤིས་ལ་རང་གི་ངོ་བདེན་པའི་མི་སྟོང་བ་དེ་ཡིན་ཏེ། དེ་ཡང་རྒྱ་གཞུང་སྐོར་ཅུང་ཙམ་སྤྲོས་ན། ལང་གཤེགས་ལས། ཡེ་ཤེས་དམ་པ་བདག་མེད་པ།། སྣང་བ་མེད་ལ་མི་གཟིགས་སོ།། ཞེས་དང་། བློ་གྲོས་མི་ཟད་པའི་མདོ་ལས། དོན་དམ་པའི་བདེན་པ་ནི་གང་ན་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་དང་། རྒྱལ་བའི་ཡུམ་ལ་བསྟོད་པ་ལས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། ཞེས་དང་། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔས་དེ་བསལ་ནས།། ཡང་དག་ཉིད་ནི་ཀུན་ཏུ་སྣང་།། ཞེས་དང་། རྩ་ཤེས་ལས། གཞན་ལས་ཤེས་མིན་ཞི་བ་དང་།། སྤྲོས་པ་རྣམས་ཀྱི་མ་སྤྲོས་པ།། རྣམ་རྟོག་མེད་དོན་ཐ་དད་མིན།། དེ་དེ་ཁོ་ནའི་མཚན་ཉིད་དོ།། ཞེས་དང་། བདེན་གཉིས་ལས། གཞན་ནི་ཅིག་ཤོས་ཡིན།། ཞེས་དང་། དབུ་མ་འཇུག་པ་ལས། ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ།། ཞེས་སོགས་རྒྱ་གཞུང་མཐའ་ཡས་ལས་རྒྱས་པར་མ་སྤྲོས་སོ།། རང་གཞུང་སྐོར་ཅུང་ཙམ་སྤྲོས་ནས། དབུ་མའི་མན་ངག་ཁྱད་འཕགས་ལས། རང་གི་ངོ་བོ་བདེན་གྲུབ་འཕགས་པ་ཡི།། ཡེ་ཤེས་སྤྱོད་ཡུལ་དོན་དམ་བདེན་པར་གསུངས།། ཞེས་དང་། བདེན་གཉིས་གསལ་བའི་ཉི་མ་ལས། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་ནི་ཞེས་དང་། ཉ་ཊཱིཀ་ལས། ཆོས་རྣམས་ཀྱི་རང་བཞིན་སྤྲོས་བྲལ་གང་ཞིག གཉིས་མེད་ཡེ་ཤེས་ཀྱིས་སོ་སོ་རང་རིག་པས་ཤེས་ཀྱི་སྒྲ་རྟོག་སོགས་ཀྱི་དངོས་ཡུལ་ལས་འདས་པ་སྟེ། ཞེས་དང་། ཐེག་མཆོག་དབུ་མ་ལས། རང་གི་ངོ་བོ་བདེན་གྲུབ་འཕགས་པ་ཡི།། ཡེ་ཤེས་སྤྱོད་ཡུལ་དོན་བདེན་པར་འདོད།། ཞེས་དང་། ཕར་ཕྱིན་སྤྱི་དོན་མཐའ་དཔྱོད་ལུང་རིགས་གཏེར་མཛོད་ལས། གཤིས་ལ་རང་གི་ངོ་བོ་བདེན་པའི་མི་སྟོང་བའི་འཕགས་པའི་ཡེ་ཤེས་དམ་པའི་ཡུལ་དེ། ཞེས་སོགས་ལས་ལུང་མཐའ་པས་རྒྱས་པར་ཡི་གེ་མང་དོགས་པས་སོ།།

གཉིས་མཐའ་བརྟག་པ་ལ་མཐའ་ཅུད་ཟད་དཔྱད་ཚུལ་དང་དེའི་གྲུབ་དོན་གཉིས་ལས།

དང་པོ་མཐའ་དཔྱད་ཚུལ་ནི། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བ་དེ་དོན་དམ་བདེན་པ་ཡིན་མིན་ཡིན་ན་དེ་དོན་དམ་བདེན་པའི་མཚན་ཉིད་མ་ཡིན་པར་ཐལ། དེ་རྟོགས་ན་དོན་དམ་བདེན་པ་རྟོགས་དགོས་ཏེ་ཁྱོད་དོན་དམ་བདེན་པ་ཡིན་པའི་ཕྱིར། མ་ཁྱབ་ཅེ་ན། ཁྱབ་སྟེ། ཁྱོད་དོན་དམ་བདེན་པ་ཡིན་ན་ཁྱོད་རྟོགས་ན་དོན་བདེན་པ་རྟོགས་དགོས་ཏེ། ཁྱོད་དོན་དམ་བདེན་པ་དང་གཅིག་དགོས་པའི་ཕྱིར། ཁྱབ་པ་སླ། རྟགས་གྲུབ་སྟེ། མདོ་ལས། འཇམ་དཔལ་ཆོས་ཀྱི་དབྱིངས་གཅིག་ཡང་དག་པའི་མཐའ་གཅིག་ཡིན་ན་སྣོད་དང་སྣོད་མིན་པར་ཇི་ལྟར་བརྟགས་ཞེས་དང་། དབུ་མ་བཞི་བརྒྱ་ལས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ།། དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་།། ཞེས་དང་། ཉ་ཊཱིཀ་ལས། ཆོས་ཐམས་ཅད་ཀྱི་ཆོས་དབྱིངས་གཅིག་ཉིད་ཡིན་པའི་ཕྱིར་ཏེ། ཞེས་གསུངས་སོ་ཞེས་ནས་ཆོས་རྣམས་ཀྱི་ཆོས་དབྱིངས་ཉིད་གཅིག་ཡིན་ཞེ་ན། དཔྱད་པ་འདི་ཡོད་དེ་འོད་གསལ་རྟགས་བཅུ་རིམ་གྱིས་འཆར་ཚུལ་དང་ཆོས་ཉིད་བདེན་གྲུབ་ཡིན་པར་སྒྲུབ་བྱེད་ཀྱི་རྟགས་སྦྱོར་ཡང་དག་ཡོད་མེད་དང་དོན་དམ་བདེན་པའི་མཚན་གཞི་ཡོད་མེད་སོགས་ལས་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་དཔྱད་པ་མངས་སོ།།

གཉིས་པ་དེའི་གྲུབ་དོན་ནི། དེས་ན་གྲུབ་དོན་ཙམ་དུ་རང་གི་རྣམ་རྟོག་འཆར་ཚུལ་དང་བསྟུན་ནས་བཤད་ན་ཆོས་ཉིད་ལ་མངོན་སུམ་རྟོགས་ཚུལ་གྱིས་སྒོ་ཙམ་ཁྱད་པར་མེད་ཀྱང་རྗེས་ཐོབ་དང་རྟོག་བཅས་བློས་གཅིག་རྟོགས་ལ་གཅིག་མ་རྟོགས་པའི་རྣམ་བཞག་བྱས་ན་ལེགས་སྙམ་མོ།། དཔེར་ན་རྗེས་ཐོབ་ཀྱི་སྐབས་སུ་ཀ་བའི་ཆོས་ཉིད་རྟོགས་ལ་བུམ་པའི་དེ་བཞིན་ཉིད་མ་རྟོགས་པ་ཡོད་པ་དེ་ཡང་མིང་ཐ་དད་དང་ལྡོག་ཆ་ཐ་དད་པའི་རྣམ་བཞག་ཕྱེ་ཚུལ་ཡོད་སྙམ་སྟེ། ཉ་ཊཱིཀ་ལས། མཉམ་བཞག་ཏུ་ཆོས་ཉིད་ཙམ་རྟོགས་ཁྱད་མེད། ཞེས་དང་། དེ་ཉིད་ལས། རྗེས་ཐོབ་ཀྱིས་ཡང་དག་པའི་ངེས་པ་འདྲེན་པའི་སྒོ་ནས་རྟོགས་པ་ལ་ཁྱད་པར་ཡོད་དེ་ཞེས་དང་། སྔོན་མེད་ལེགས་བཤད་ལས། བློའི་རྟོགས་ཚུལ་གྱི་དབང་དུ་བྱས་ནས། དོན་དམ་གྱི་ཀུན་རྫོབ། ཞེས་དང་། སྦྱོར་དྲུག་ངོ་སྤྲོད་ནང་མ་ལས། རྣམ་བཞག་འཇོག་པའི་ཚེ་ལྡོག་ཆ་ཙམ་གྱིས་དབྱེ་བས་ཀུན་རྫོབ་ཀྱི་སྣང་བ་ཐ་དད་པའི་ཆོས་ཉིད་དུ་འཇོག་པ་ལ་འགལ་བ་མེད་ཅིང་། ཞེས་གསུངས་སོ་འདི་ལ་མཁས་པའི་སྤྱན་དང་ལྡན་རྣམས་ཀྱིས་སླར་དཔྱད་དོ།།

གཉིས་ཀུན་རྫོབ་བདེན་པའི་མཚན་ཉིད་བཤད་པ་ལ།

སྤྱི་དོན་དང་མཐའ་བརྟག་གཉིས་ལས། དང་པོ། ཀུན་རྫོབ་བདེན་པའི་མཚན་ཉིད། གཤིས་རང་གི་ངོ་བོ་བདེན་པས་སྟོང་བའི་རྣམ་ཤེས་ཀྱི་ཡུལ་དེ་ཡིན་ཏེ། དེ་ཡང་རྒྱ་གཞུང་སྐོར་ཅུང་ཙམ་སྤྲོས་ན། བློ་གྲོས་མི་ཟད་པའི་མདོ་ལས། ཀུན་རྫོབ་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང་། ཡི་གེ་དང་། སྐད་དང་། བརྡ་སྟོན་པའོ་ཞེས་དང་། མདོ་སྡེ་རྒྱན་ལས། བྱིས་པ་ཡང་དག་ཉིད་བསྒྲིབས་ནས།། ཡང་དག་མ་ཡིན་ཀུན་ཏུ་སྣང་།། ཞེས་དང་། བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན།། ཀུན་རྫོབ།། ཞེས་དང་། ཡང་དེ་ཉིད་ལས། གང་ཞིག་གིས་སམ་གང་ཞིག་ལ།། ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད།། ཞེས་དང་། སྤྱོད་འཇུག་ལས། བློ་ནི་ཀུན་རྫོབ་ཡིན་པར་འདོད།། ཞེས་དང་། རང་གཞུང་སྐོར་ཅུང་ཙམ་སྤྲོས་ན། བདེན་གཉིས་གསལ་བའི་ཉི་མ་ལས། རྣམ་ཤེས་ཀྱི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བ་ནི་ཞེས་དང་། ཞེས་དང་། དབུ་མའི་མན་ངག་ཁྱད་འཕགས་ལས། རང་གི་ངོ་བོ་བདེན་སྟོང་རྣམ་ཤེས་ནི།། ཡུལ་ནི་ཀུན་རྫོབ་ཙམ་གྱི་མཚན་ཉིད་ཡིན།། ཞེས་དང་། ཐེག་མཆོག་དབུ་མ་ལས། ཀུན་རྫོབ་བདེན་པ་ཀུན་རྫོབ་ཁོ་ནར་བདེན།། དོན་དམ་ཁོ་ནར་བདེན་པ་དོན་དམ་སྟེ།། ཞེས་དང་། སྔོན་མེད་ལེགས་བཤད་ལས། རྣམ་ཤེས་འཁོར་བཅས་ཀྱི་སྤྱོད་ཡུལ་ནི་ཞེས་དང་། ཕར་ཕྱིན་སྤྱི་དོན་ལུང་རིགས་གཏེར་མཛོད་ལས། གཤིས་ལ་རང་གི་ངོ་བོ་བདེན་བདེན་པས་སྟོང་བའི་རྣམ་ཤེས་ཀྱི་ཡུལ་དེ་ཞེས་གསུངས་སོ།།

གཉིས་པ་མཐའ་བརྟག་པ་ལ། དོན་དམ་བདེན་ཆོས་ཅན། ཀུན་རྫོབ་བདེན་པ་ཡིན་པར་ཐལ། གཤིས་ལ་རང་གི་ངོ་བོ་བདེན་པའི་སྟོང་བའི་རྣམ་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར་སྟེ། རྗེས་དཔག་གི་ཡུལ་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར་ཞེས་ཚིག་འཁྲི་ནས་དཔྱད། གཞན་ཡང་གང་ཟག་གི་བདག་མེད་ཆོས་ཅན། གཤིས་ལ་རང་གི་ངོ་བོ་བདེན་པས་སྟོང་བའི་རྣམ་ཤེས་ཀྱི་ཡུལ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། འདོད་ཅེ་ན། དེ་མི་འཐད་པར་ཐལ། གཤིས་ལ་རང་གི་ངོ་བོ་བདེན་པས་མི་སྟོང་བའི་འཕགས་ཡེ་ཤེས་དམ་པའི་ཡུལ་ཡིན་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར། དེར་ཐལ། གཞན་སྟོང་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། གཞན་སྟོང་དབུ་མའི་རྒྱན་ལས། གང་ཟག་བདག་མེད་རྟག་ཏུ་གཞན་སྟོང་སྟེ།། འོན་ཀྱང་སྟོང་ཉིད་ཐ་ཤལ་མིན་པ་བཞིན།། ཞེས་སོགས་གསུངས་བའི་ཕྱིར་ཞེ་ན་ན་མ་ཁྱབ་སྙམ་སྟེ་འདི་ནི་སྤྲོས་བྲལ་གྱི་གང་ཟག་བདེན་མེད་ལ་དགོངས་པ་ཡིན་མིན་དཔྱད། འོན་ཀྱང་རང་ལུགས་ལ་གཞི་གྲུབ་ན་གཞན་སྟོང་ཡིན་དགོས་མིན་དཔྱད་པ་ཡོད་དེ། མཁས་དབང་ཚོགས་གཉིས་རྒྱ་མཚོ་དང་དེའི་རྗེས་འབྲང་གི་ཡིག་ཆའི་ནང་གཞི་གྲུབ་ན་གཞན་སྟོང་ཡིན་པའི་ཁྱབ་ཅེས་གསུང་ཟིན་རེད་ཡོད་པས་དཔྱད་པར་བྱའོ།།

གཉིས་པ་དབྱེ་བ་ལ་སྤྱི་དོན་དང་མཐའ་བརྟག་པ་གཉིས་ལས།

དང་པོ་བདེན་གཉིས་ཀྱི་དབྱེ་བ་སོ་སོར་བཤད་ན།

དང་པོ་དོན་དམ་བདེན་པ་ལ་དབྱེ་ན། རྟེེན་པའི་སྒོ་ནས་སམ་བློའི་རྟོགས་ཚུལ་གྱི་དབང་དུ་བྱས་ན་རྣམ་གྲངས་བའི་དོན་དམ་དང་རྣམ་གྲངས་མ་ཡིན་པའི་དོན་དམ་མམ་ཡང་ན་དོན་དམ་གྱི་ཀུན་རྫོབ་དང་དོན་དམ་གྱི་དོན་དམ་གཉིས་ཡོད་དོ།། དེ་དབུ་མ་བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང་།། དོན་དམ་པ་དང་མཐུན་པའི་ཕྱིར།། དོན་ཡིན་པར་ཁོ་བོས་འདོད།། ཅེས་དང་། སྔོན་མེད་ལེགས་བཤད་ལས། བློའི་རྟོགས་ཚུལ་གྱི་དབང་དུ་བྱས་ན། དོན་དམ་གྱི་ཀུན་རྫོབ་དང་། དོན་དམ་གྱི་དོན་དམ་མོ། ཞེས་སོགས་སོ།།

གཉིས་པ་ཀུན་རྫོབ་བདེན་པ་ལ་དབྱེ་ན། ཡང་ལོག་གཉིས་སམ་ཀུན་རྫོབ་ཙམ་དང་ཡང་དག་ཀུན་རྫོབ་གཉིས་ཡོད་དེ། དབུ་མ་བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག། ནུས་པའི་ཕྱིར་དང་མི་ནུས་ཕྱིར།། ཡང་དག་ཡང་དག་མ་པའི།། ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས།། ཞེས་དང་། སྔོན་མེད་ལེགས་བཤད་ལས། ཀུན་རྫོབ་དེ་ལ་ཡང་དབྱེ་ན་ཀུན་རྫོབ་ཀྱི་ཀུན་རྫོབ་དང་ཀུན་རྫོབ་ཀྱི་དོན་དམ་མོ།། ཞེས་སོ།།

གཉིས་པ་མཐའ་བརྟག་པ་ལ།

དོན་དམ་བདེན་དབྱེ་བའི་སྐོར་ལ་མཐའ་ཅུང་དཔྱད་པ་དང་། ཀུན་རྫོབ་བདེན་པའི་དབྱེ་བའི་སྐོར་ལ་མཐའ་ཅུང་དཔྱད་པ་གཉིས་ལས། དང་པོ། དབུ་མ་བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང་།། དོན་དམ་པ་དང་མཐུན་པའི་ཕྱིར།། དོན་ཡིན་པར་ཁོ་བོས་འདོད།། ཅེ་ན་དཔྱད་པ་འདི་ཡོད་དེ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་རྩ་བའི་སློབ་དཔོན་ལེགས་ལྡན་འབྱེད་དང་སློབ་དཔོན་ཡེ་ཤེས་སྙིང་བོ་གཉིས་ཀྱིས་དོན་དམ་པར་སྐྱེས་བ་མེད་པ་དང་རང་བཞིན་མེད་པ་དེ་རྣམ་གྲངས་བའི་དོན་པར་བཞེད་པར་ཐལ། དབུ་མ་སྣང་བ་རང་ལས། དོན་དམ་བདེན་པ་དངོས་མིན་ཏེ་ཞེས་དང་། དབུ་མ་བདེན་གཉིས་ལས། དོན་དམ་པ་དང་མཐུན་པའི་ཕྱིར།། དོན་ཡིན་པར་ཁོ་བོས་འདོད།། ཅེས་དང་། ལུང་འདིའི་ཐད་ལ་འཇམ་པའི་དབྱངས་དངོས་ཉ་དབོན་ཀུན་དགའ་བཟང་བོས་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། ཅེས་དོན་དམ་པར་སྐྱེ་བ་མེད་པ་དང་། རང་ཞིན་མེད་པ་ལ་སོགས་པ་ལ་སོགས་རྣམ་གྲངས་པའི་དོན་དམ་དུ་བཤད་པ་ལྟར་ཞེས་གསུངས་པའི་ཕྱིར། འདོད་ཅེ་ན། དེ་མི་འཐད་དེ་དོན་དམ་སྐྱེ་བ་མེད་པ་སོགས་དོན་དམ་བདེན་པར་འདོད་པར་ཐལ། བུམ་པ་བདེན་སྟོང་ལྟ་བུ་དེ་དོན་བདེན་པའི་མཚན་གཞི་བཞག་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། གྲུབ་མཐའ་སྐལ་བཟང་མིག་འབྱེད་ལས། མཚན་གཞི་ནི་བུམ་པ་བདེན་སྟོང་ལྟ་བུའོ་ཞེས་དང་། གཞན་ཡང་སློབ་དཔོན་དེ་དག་གི་ལུགས་ལ་གཞི་གང་ཟག་གི་བདག་མེད་དེ་དོན་དམ་དཔྱོད་བྱེད་ཀྱི་བློའི་ཡུལ་ཡིན་པའི་རྒྱུ་མཚན་གྱིས་དེ་དོན་དམ་བདེན་པར་འཇོག་པའི་རྒྱུ་མཚན་ཡོད་དེ། དབུ་མ་སྣང་བ་ལས། ཡུལ་ཡིན་པའི་ཕྱིར་དོན་དམ་བདེན་པ་བརྗོད་ཅེས་གསུང་བའི་ཕྱིར། འདོད་ཅེ་ན། དེ་ཡང་མི་འཐད་སློབ་དཔོན་དེ་དག་ལུགས་ལ་གང་ཟག་གི་བདག་མེད་དེ་མེད་དགག་ཡིན་པའི་ཕྱིར། མ་ཁྱབ་ཅེ་ན་སློབ་དཔོན་རང་ལུགས་ལ་དོན་དམ་པར་སྐྱེས་བ་མེད་དེ་སོགས་དེས་སྒོ་ནས་དོན་དམ་བདེན་པ་མ་ཡིན་པར་སྒྲུབ་པ་ཡིན་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། མེད་དགག་ཡིན་པའི་ཕྱིར་དང་རི་བོང་ར་དང་ཀུན་རྫོབ་ཀུན་ཁོ་ཡིན་པའི་ཕྱིར་ཞེས་དང་། གཞན་ཡང་སློབ་དཔོན་ཡེ་ཤེས་སྙིང་བོས་བསླུ་བ་མེད་པའི་རིག་པ་དེ་དོན་དམ་བདེན་པར་འདོད་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། དབུ་མ་བདེན་གཉིས་ལས། བསླུ་བ་མེད་པའི་རིག་པ་དེ།། དོན་དམ་ཡིན་པར་ཁོ་བོས་འདོད།། ཅེས་སོ་ཞེ་ན་དཔྱད་དོ།།

གཉིས་ཀུན་རྫོབ་བདེན་པའི་དབྱེ་བའི་སྐོར་ལ་མཐའ་ཅུང་དཔྱད་ན། འདི་ལ་ཚིག་འཁྲི་ཅུང་བརྗོད་ན། ལམ་ཆོས་ཅན། ཀུན་རྫོབ་བདེན་པ་མ་ཡིན་པར་ཐལ། དེ་ལྟ་བུའི་ཁས་ལེན་དེ་ཀུན་རྫོབ་དེའི་སྟེང་དུ་སོང་ནས་དེ་བདེན་པ་ཡིན་མིན་ལྟ་དགོས་གང་ཞིག ཀུན་རྫོབ་དེ་བདེན་པ་མིན་པར་རྫུན་པ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཅེ་ན། འོ་ན་ལམ་ཆོས་ཅན། སྒྲ་མི་རྟག་པ་མ་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་དེའི་ཁས་ལེན་སྒྲ་ལ་སོང་ནས་དེ་མི་རྟག་པ་ཡིན་མིན་ལྟ་དགོས་པ་མ་ཡིན་པར་ཐལ། གོང་གི་ཐལ་འགྱུར་དེ་དང་འདི་གཉིས་ཁས་ལེན་འགྲོ་ཚུལ་རིགས་པ་མཚུངས་བའི་ཕྱིར་ཞེ་ནས་དཔྱད་དགོས་སོ།། གོང་གི་རྟགས་གཉིས་པ་གྲུབ་སྟེ། ཐེག་མཆོག་དབུ་མ་ལས། ཀུན་རྫོབ་ཕྱིར་ན་སྤྱིར་ནི་རྫུན་པ་ཉིད།། ཞེས་སོ།། ལམ་ཀུན་རྫོབ་བདེན་པ་མ་ཡིན་པར་རྩ་བར་འདོད་ཅེ་ན། དེ་ཀུན་རྫོབ་བདེན་པ་ཡིན་པར་ཀུན་རྫོབ་བདེན་པའི་མཚན་ཉིད་ཚང་བ་དང་གཞན་འདུས་བྱས་སུ་གྱུར་གཞན་དབང་ཡིན་པ་སོགས་ཀྱིས་བསྒྲུབ་སླ་ཡང་འདིར་ཚིག་ཚོགས་བསྐྱུངས་ཕྱིར་དེ་ཙམ་མོ།། གཞན་ཡང་ལོག་པའི་ཀུན་རྫོབ་ཆོས་ཅན། ཁྱོད་ཀུན་རྫོབ་བདེན་པའི་དབྱེ་བ་མ་ཡིན་པར་ཐལ། ཁྱོད་ཀུན་རྫོབ་བདེན་པ་མ་ཡིན་ཏེ། ཁྱོད་ཀུན་བརྟགས་ཡིན་པའི་ཕྱིར་ཁྱབ་སྟེ། ཀུན་རྫོབ་བདེན་པ་དང་ཡང་དག་ཀུན་རྫོབ་གཉིས་ལ་ཁྱད་པར་མེད་པའི་ཕྱིར་ཏེ། རི་ཆོས་ལས། ཀུན་བརྟགས་ངོ་བོ་ཉིད་མེད་པ་ནི་རང་གི་མཚན་ཉིད་ཀྱིས་མེད་པ་སྟེ་ཀུན་རྫོབ་ཙམ་མམ་ལོག་པའི་ཀུན་རྫོབ་ཏུ་གྲུབ་པ་ཙམ་ལས་ཀུན་རྫོབ་བདེན་པའམ་ཡང་དག་ཀུན་རྫོབ་ཏུ་ཡང་མ་གྲུབ་བོ།། ཞེས་དང་། སྔོན་མེད་ལེགས་བཤད་ལས། ལོག་པའི་ཀུན་རྫོབ་ནི། ཀུན་རྫོབ་ཙམ་པོ་སྟེ། ཀུན་རྫོབ་བདེན་པ་བཏགས་པ་བ་དང་ཞེས་སོ།། ཞེ་ན་མི་འཐད་དེ། ལོག་པའི་ཀུན་རྫོབ་ལ་ཀུན་རྫོབ་བདེན་པའི་མཚན་ཉིད་ཚང་བ་དང་གཞན་ཡང་ཤེས་བྱ་ལ་བདེན་གཉིས་སུ་འདུས་ཞེས་མདོ་བསྟན་བཅོས་དུ་མས་ལུང་རིགས་སོགས་དང་ཀུན་རྫོབ་བདེན་པའི་དབྱེ་བ་ཡིན་པ་སོགས་ཀྱིས་ཀུན་རྫོབ་བདེན་པ་ཡིན་པར་གྲུབ་པས་སོ།། སྐབས་འདི་དག་གི་ཞིབ་ཆའི་སྐོར་བདག་གི་དཔལ་ལྡན་བླ་མ་དམ་པ་ཇོ་ནང་དགེ་བའི་བཤེས་གཉེན་ངག་དབང་དངོས་གྲུབ་དཔལ་གྱིས་མཛད་པའི་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་དང་ཁོང་གིས་མཛད་པའི་གཞན་སྟོང་བགྲོ་གླེང་དྲིས་ལན་སོགས་སུ་ཞིབ་ཚེག་གསལ་བས་ལྟ་བར་བྱའོ།།

གསུམ་པ་བདེན་གཉིས་ཀྱི་ངོ་བོ་གཅིག་ཐ་དད་གང་ཡིན་གྱི་སྐོར་དཔྱད་པ་ལ།

མཐའ་དཔྱད་ཚུལ་དང་གྲུབ་དོན་བཤད་པ་གཉིས་ལས།

དང་པོ་མཐའ་དཔྱད་ཚུལ་ནི། ཁ་ཅིག་གིས་འོ་ན་གཞུང་དུ་མར་བདེན་གཉིས་གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན་ཡིན་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་རང་ལུགས་ལ་མ་ཡིན་ཞེས་ལན་འདེབས་སོ།། དེ་འདྲ་ཚིག་ཟིན་ཙམ་ལ་གསུངས་པ་རྣམས་ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པ་གཉིས་ངོ་བོ་གཅིག་པ་ཡང་མ་ཡིན་ཞིང་ངོ་བོ་ཐ་དད་པ་ཡང་མ་ཡིན་པར་གསུངས་པ་ཡིན་ཏེ། དོན་དམ་ཡེ་ཤེས་འགྱུར་བ་མེད་པའི་ཆོས་དབྱིངས་ནི་རང་གི་ངོ་བོས་མི་སྟོང་བར་ཡོད་པ་ཡིན་ཞིང༌། ཀུན་རྫོབ་ཀྱི་ཆོས་རྣམས་གདོད་མ་ནས་རང་གི་ངོ་བོས་གྲུབ་པ་མེད་པའི་ཕྱིར། ཁྱབ་བ་དང་རྟགས་གཉིས་ཀ་གྲུབ་སྟེ། བཀའ་བསྡུ་བཞི་བ་ལས། བདེན་གཉིས་ཀྱི་ངོ་བོ་གཅིག་པ་མི་སྲིད་ལ། །ངོ་བོ་ཐ་དད་པ་ཡང་མ་ཡིན་ཞིང༌། །ཐ་དད་གཏན་ནས་མེད་པའང་མ་ཡིན་ཏེ། ། ངོ་བོ་གཅིག་པ་བཀག་པའི་ཐ་དད་དོ། །འདི་ཉིད་ལ་ནི་ངོ་བོ་གཅིག་ཉིད་དང༌། །གཞན་དུ་བརྗོད་དུ་མེད་ཅེས་གསུངས་པ་སྟེ། །ཞེས་སོགས་རྒྱས་པར་སྤྲོས་འདོད་ན་ཕར་ཕྱིན་སྤྱི་དོན་མཐའ་དཔྱོད་སྨད་ཆ་ལ་ལྟ་བར་བྱའོ།། གཞན་ཡང་བུ་སྟོན་སོགས་ཁ་ཅིག་གིས་མདོ་བསྟན་བཅོས་སུ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གསུང་བའི་ཕྱིར་ཞེས་ལུང་འདིས་བདེན་གཉིས་གཅིག་དང་ཐ་དད་བཀག་པའི་མཚན་ཉིད་ཅན་གསུང་བ་མ་ཡིན་ནམ་ཞེ་ན། རང་ལུགས་ལ་མ་ཡིན་ཏེ། ཉ་ཊཱིཀ་ལས། ཁ་ཅིག་ཚིག་སོར་བཞག་ཁོ་ནར་བཞེད་པ་ནི་དཔྱད་དགོས་པ་ཞིག་སྟེ། བདེན་གཉིས་གཞི་གྲུབ་མིན་པར་འགྱུར་ཏེ་གཅིག་དང་ཐ་དད་གང་ཡང་མིན་པས་སོ་རྟགས་ཁས་སོ། ། མ་ཁྱབ་ན། དབུ་མ་པའི་གཅིག་དང་དུ་བྲལ་གྱི་རྟགས་ལ་སྤྱི་ཁྱབ་མེད་པར་འགྱུར་རོ་ཞེས་དང་། དེའི་འོག་ཏུ་ཡང་ཉ་ཊཱིཀ་ལས། དེས་ན་ལུང་དོན་ནི་བདེན་གཉིས་དེ་ཉིད་ཅེས་པ་ཐ་མི་དད་ཀྱི་གཅིག་ཀྱང་མིན། གཞན་ཞེས་པ་རྫས་ལོགས་ལོགས་སུ་ཡོད་པའི་དོན་གཞན་ཡང་མིན། འོ་ན་གང་ན་ཀུན་རྫོབ་དངོས་པོ་འདི་རྣམས་དང་དོན་དམ་བདེན་པ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ་གཅིག་དངོས་པོ་གཅིག་འཇིག་མེད་ཡིན་པས་སོ། །ཞེས་སོགས་རྒྱས་པར་ཤེས་པར་བྱའོ། ། དེས་ན་རང་ལུགས་ལ་དེ་གཉིས་ཀྱི་ངོ་བོ་ཐ་དད་ཡིན་ན་སྐྱོན་བཞི་དང་གཅིག་ཡིན་ན་སྐྱོན་བཞི་ཡོད་དེ། བདེན་གཉིས་གསལ་བའི་ཉི་མ་ལས། བདེན་གཉིས་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ་ཞེས་གསུངས་སོ།། སྐྱོན་བརྒྱད་པོ་རྒྱས་པར་ཤེས་འདོད་ན་མདོ་སྡེ་དགོངས་འགྲེལ་སོགས་སུ་ལྟ་བར་བྱའོ་འདིར་ཚིག་ཚོགས་བསྐྱུངས་ཕྱིར་མ་སྤྲོས་སོ།། འོ་ན་འདི་ལ་མཐའ་དཔྱད་ཚུལ་ཅུང་བཀོད་ན། བདེན་གཉིས་ཀྱི་ངོ་བོ་ཆོས་ཅན། གཞི་གྲུབ་མ་ཡིན་པར་ཐལ། གཅིག་དང་ཐ་དད་གང་ཡང་མ་ཡིན་པའི་ཕྱིར། རྟགས་རང་ལུགས་ཚད་གྲུབ། ཁྱབ་བ་སྔར་ཉ་ཊཱིཀ་ལས་ཁ་ཅིག་བདེན་གཉིས་གཅིག་དད་གང་མ་ཡིན་ཞེ་ན་དེ་ལ་དཔྱད་པ་བརྗོད་སྐབས་སུ་ཉ་ཊཱིཀ་ལས། གཞི་གྲུབ་མིན་པར་འགྱུར་ཏེ་གཅིག་དང་ཐ་དད་གང་ཡང་མིན་པས་སོ་རྟགས་ཁས་སོ། ། མ་ཁྱབ་ན། དབུ་མ་པའི་གཅིག་དང་དུ་བྲལ་གྱི་རྟགས་ལ་སྤྱི་ཁྱབ་མེད་པར་འགྱུར་རོ་ཞེས་སོ་ཞེ་ན་དཔྱད། གཞན་ཡང་བདེན་གཉིས་ཀྱི་ངོ་བ་ཆོས་ཅན། གཅིག་དང་ཐ་དད་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཞེ་ན་དེ་སྒྲའི་ཞིབ་ཆ་ཡོད་མེད་དཔྱད། འདི་ལ་དེ་སྒྲའི་ཞིབ་ཆ་ཡོད་ན་རང་ལུགས་ལ་མདོ་དང་བསྟན་ཆོས་ཀྱི་ཚིག་ཟིན་ནང་བཞིན་བུ་སྟོན་རིན་པོ་ཆེ་སོགས་ལྟར་སོར་བཞག་བཞེད་ནས་བདེན་གཉིས་ཆོས་ཅན། གཅིག་དང་ཐ་དད་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཞེ་ན་དེ་སྒྲའི་ཞིབ་ཆ་བྱས་ན་ཆོག་པར་ཐལ། རིགས་པ་མཚུངས་བའི་ཕྱིར་ཞེས་ནས་དཔྱད། འདོད་མི་ནུས་ཏེ། ཉ་ཊཱིཀ་ལས། བཀའ་བསྟན་བཅོས་སུ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་གསུངས་པའི་དེ་ནི་ཁ་ཅིག་ཚིག་སོར་བཞག་ཁོ་ནར་བཞེད་པ་ནི་དཔྱད་དགོས་པ་ཞིག་སྟེ། བདེན་གཉིས་གཞི་གྲུབ་མིན་པར་འགྱུར་ཏེ་གཅིག་དང་ཐ་དད་གང་ཡང་མིན་པས་སོ་རྟགས་ཁས་སོ། ཞེས་གསུངས་པ་དང་སྔར་གྱི་ལུང་དུ་མས་གྲུབ་བོ།། གཞན་ཡང་སྐྱོན་བརྒྱད་ལས་བདེན་གཉིས་ངོ་བོ་གཅིག་ཡིན་ན་མདོ་སྡེ་དགོངས་འགྲེལ་སོགས་ལས་ཀུན་རྫོབ་མཐོང་ན་དོན་དམ་མཐོང་བ་སོགས་ཀྱིས་སྐྱོན་ཡོད་པའི་ཕྱིར་ཞེ་ན། དེས་ན་སྤྱིར་ངོ་བོ་གཅིག་ཡིན་ན་གཅིག་ཤོས་མཐོང་ན་གཅིག་ཤོས་མཐོང་དགོས་པར་ཐལ། བདེན་གཉིས་ཀྱི་ངོ་བོ་ལ་དེའི་ཕྱིར་ཞེ་ནས་དཔྱད་པ་ཧ་ཅང་མངས་བ་དང་ད་དུང་སྐྱོན་གཞན་དག་ལ་དཔྱད་ཚུལ་མང་ཡང་འདིར་ཚིག་ཚོགས་མངས་དོགས་ནས་དེ་ཙམ་མ་སྤྲོས་སོ།།

གཉིས་པ་གྲུབ་དོན་བཤད་པ་ལ། གྲུབ་དོན་གྱིས་སྒོ་ནས་རང་ལུགས་ལ་ལན་འདེབས་ཚུལ་དང་མདོ་སྡེ་དགོངས་འགྲེལ་ལས་བཤད་པའི་ངོ་བོ་གཅིག་དང་ཐ་དད་ཀྱི་མཚན་ཉིད་འཇོག་ཚུལ་གཉིས། དང་པོ། རང་ལུགས་ལ་སྤྱིར་བདེན་གཉིས་ཀྱི་ངོ་བོ་གཅིག་དང་ཐ་དད་གང་ཡིན་ཞེ་ན་ཐ་དད་ཡིན་ཞེས་ལན་འདེབས་ན་ལེགས་སམ་སྙམ་མོ་དཔེར་ན། བདེན་གཉིས་ཀྱི་ངོ་བོ་ཆོས་ཅན། གཅིག་དང་ཐ་དད་གང་རུང་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར་ཞེས་པའི་རིགས་ལམ་ལ་ཐད་ཀར་ལན་ཡོང་ཐུབ་པའི་དགོས་པ་དང་ལུང་རིགས་ཀྱང་གང་གིས་མི་གནོད་སྙམ་མོ།། དེས་ན་རང་ལུགས་ཡིག་ཆ་ཁག་ཏུ་བདེན་གཉིས་ཀྱི་ངོ་བོ་གཅིག་དང་ཐ་དད་གང་ཡང་མིན་ཞེས་གསུང་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏོ།། དེས་ན་རང་ལུགས་ཡིག་ཆ་ཁག་ཏུ་བདེན་གཉིས་ཀྱི་ངོ་བོ་གཅིག་དང་ཐ་དད་གང་ཡང་མ་ཡིན་གསུང་བ་དེ་ནི་སྤྱིར་ངོ་བོ་གཅིག་དང་ཐ་དད་འཇོག་ཚུལ་ཚད་མ་རྣམ་འགྲེལ་ལས་བཤད་ཚུལ་དང་མདོ་སྡེ་དགོངས་འགྲེལ་ལས་བཤད་ཚུལ་སོགས་མང་པོ་ཞིག་ཡོད་པ་ལས་འདིར་མདོ་སྡེ་དགོངས་འགྲེལ་ལས་བཤད་པའི་ངོ་བོ་གཅིག་དང་ཐ་གང་ཡང་མ་ཡིན་པ་ལ་དགོངས་པ་ལས་སྤྱིར་ངོ་བོ་གཅིག་དང་ཐ་དད་གང་ཡང་མ་ཡིན་པར་དགོངས་པ་མིན་ཞེས་སྦྱར་ལེགས་སམ་དཔྱད་པར་མཛོད། དེ་ཡང་དེ་ལྟར་སྦྱར་ན་ལེགས་སམ་སྙམ་སྟེ་སྤྱིར་རིགས་ལམ་གྱིས་སྒོ་ནས་ངོ་བོ་གཅིག་དང་ཐ་དད་གང་ཡིན་རྩོད་པའི་ཚེ་ཚད་མ་རྣམ་འགྲེལ་ལས་བཤད་པའི་ངོ་བོ་གཅིག་དང་ཐ་དད་འཇོག་ཚུལ་གཞིར་བྱས་ནས་བཞག་པ་དེ་གཞུང་ལུགས་སྤྱི་ཁྱབ་ལ་ཤུགས་ཆེ་ལ་རྩོད་པའི་རིགས་ལམ་ཡང་དེ་གཙོ་བོར་བྱས་ནས་བཞག་པའི་རྒྱུ་མཚན་སོགས་ཀྱིས་གྲུབ་པ་དང་སྤྱིར་ངོ་བོ་གཅིག་འཇོག་ཚུལ་དེ་མདོ་སྡེ་དགོངས་འགྲེལ་ལས་བཤད་ཚུལ་ལྟར་བཞག་ན་བྱས་མི་རྟག་པ་གཉིས་ངོ་བོ་གཅིག་པ་སོགས་ཀྱིས་མཚོན་པའི་རིགས་ལམ་སྤྱི་ཁྱབ་པ་མངས་པོ་ཞིག་ངོ་བོ་གཅིག་མིན་པར་བཅོས་བསྒྱུར་དགོས་པའི་གནད་འགག་ལ་བསླེབ་ཡོང་བ་སོགས་ཀྱིས་གྲུབ་བོ།། ཚད་མ་རྣམ་འགྲེལ་ལས་བཤད་པའི་ངོ་བོ་གཅིག་ཡིན་ཚུལ་ཚད་མའི་གཞུང་དག་ལ་ཤིན་ཏུ་གསལ་བས་འདིར་ཚིག་བསྐྱུངས་ཕྱིར་མ་སྨོས་སོ།།

གཉིས་པ་ལ།

མདོ་སྡེ་དགོངས་འགྲེལ་བཤད་པའི་ངོ་བ་གཅིག་གི་དོན་དང་མདོ་སྡེ་དགོངས་འགྲེལ་ལས་བཤད་པའི་ངོ་བོ་ཐ་དད་ཀྱི་དོན་གཉིས་ལས།

དང་པོ་མདོ་སྡེ་དགོངས་འགྲེལ་ལས་བཤད་པའི་ངོ་བོ་གཅིག་ཡིན་ཚུལ་ནི། ཕན་ཚུན་གཏད་ནས་མི་འདྲ་བ་མེད་ཀྱང་གཅིག་ཤོས་མཐོང་ན་གཅིག་ཤོས་ཀྱང་མཐོང་དགོས་པའི་ཆོས་དེ་ཡིན་ཏོ།། དེ་ལྟར་བཞག་ན་འཐད་དམ་སྙམ་དེ་མདོ་སྡེ་དགོངས་འགྲེལ་ལས་སྐབས་འདིའི་ངོ་བོ་གཅིག་གི་མཚན་གཞི་བཞག་པ་དེ་དག་གིས་གྲུབ་པ་གང་ཞིག བདེན་གཉིས་ངོ་བོ་གཅིག་ཡིན་ན་ཀུན་རྫོབ་མཐོང་ན་དོན་དམ་མཐོང་བའི་ཕྱིེར་ཞེས་པའི་ཐལ་བ་འཕེན་ཚུལ་གྱིས་ཀྱང་གྲུབ་པའི་ཕྱིར། རྟགས་དང་པོ་དེར་ཐལ། མདོ་སྡེ་དགོངས་འགྲེལ་རང་ལས། བློ་གྲོས་ཤིན་ཏུ་རྣམ་དག་འདི་ལྟ་སྟེ་དཔེར་ན། དུང་གི་དཀར་བོ་ཉིད་ནི། ཞེས་པ་ནས་པི་དབང་གི་སྒྲའི་སྙན་པ་ཉིད་ཀྱང་པི་བང་གི་སྒྲ་དང་མཚན་ཉིད་ཐ་དད་པ་མ་ཡིན་པའམ། མཚན་ཉིད་ཐ་དད་པར་གདགས་པར་སླ་བ་མ་ཡིན་ནོ་ཞེས་སོགས་ཀྱིས་གྲུབ་བོ།། རྟགས་གཉིས་པ་གྲུབ་སྟེ། མདོ་སྡེ་དགོངས་འགྲེལ་རང་ལས། བློ་གྲོས་ཤིན་ཏུ་རྣམ་དག་ཏེ་འདུ་བྱེད་དང་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་མ་ཡིན་པར་གྱུར་ན་ནི། དེས་ན་བྱིས་པ་སོ་སོའི་སྐྱེ་བོ་ཐབས་ཅད་བདེན་པ་མཐོང་བ་ཡིན་པར་ཡང་འགྱུར། ཞེས་སོགས་ཀྱིས་སྐྱོན་རྣམས་ཀྱིས་རིམ་བཞིན་གྲུབ་བོ།།

གཉིས་པ་མདོ་སྡེ་དགོངས་འགྲེལ་ལས་བཤད་པའི་ངོ་བོ་ཐ་དད་ཀྱི་དོན་ནི། གཅིག་ཤོས་གཅིག་ཤོས་ཀྱི་གནས་ལུགས་སུ་མ་གྲུབ་ཀྱང་ཕན་ཚུལ་འབྲེལ་མེད་དོན་གཞན་གྱི་ཆོས་དེ་ཡིན་ཏོ།། དེ་ཡང་འཐད་དམ་སྙམ་སྟེ། མདོ་སྡེ་དགོངས་འགྲེལ་རང་ལས། གལ་ཏེ་འདུ་བྱེད་ཀྱི་མཚན་ཉིད་དང་དོན་དམ་པའི་མཚན་ཉིད་ཐ་དད་མ་ཡིན་པར་འགྱུར་ན་ནི། དེས་ན་བདེན་པ་མཐོང་བ་རྣམས་ཀྱང་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་འགྱུར་འདུ་བྱེད་ཀྱི་མཚན་མ་དང་མ་བྲལ་བའི་བདེན་པ་མཐོང་བ་ཞེས་སོགས་ཀྱི་སྐྱོན་རྣམས་ཀྱིས་རིམ་བཞིན་གྲུབ་བོ།།

གསུམ་པ་མཇུག་གི་དོན་ནི།

ཞེས་བློ་གྲོས་དམན་ཞིང་སྦྱང་བ་ཕྲ་བའི་བླུན་པོ་བདག་ལྟ་བུས་གཞུང་གི་གནད་རྒྱ་བ་ཆེན་པོ་འདི་ལྟ་བུ་ལ་བློ་ཐག་ག་ལ་ཆོད་དེ་མི་ཆོད་མོད་རང་བློ་ལ་གོམས་འདྲིས་ཡོང་ཆེད་དང་རིགས་པའི་གཤོག་ཟུང་ཡངས་བའི་རིགས་སྨྲ་བ་རྣམས་ལ་དཔྱད་བརྗོད་ཙམ་བྲིས་པ་ཡིན། དཔྱད་བརྗོད་འདི་ནི་དགེ་རྒན་བཀའ་དྲིན་ཅན་རྣམས་ཀྱི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་མཇུག་ཡོངས་སུ་རྫོགས་པ་ཡིན་ཏོ།། དགེའོ།། བདེན་གཉིས་མ་ཤེས་པའི་ཉེས་དམིགས་དང་ཤེས་པའི་ཕན་ཡོན། དགེ་བསྔོས་དང་བཅས་ཏེ་སྨྲས་པ།
རྒྱལ་དང་དེ་སྲས་དགེ་བའི་བཤེས་གཉེན་གྱིས།།
ཆོས་ཀུན་བདེན་པ་དག་ལ་བསྡུས་ནས་བསྩལ།།
འདི་གཉིས་རྣམ་དབྱེར་རྨོངས་བའི་སྐྱེ་བོ་ཀུན།།
དམ་པའི་དོན་ཀུན་རྟོགས་པར་མི་འགྱུར་རོ།།
ཐུབ་པའི་བཀའ་ཀུན་བདེན་པ་གཉིས་སུ་འདུས།།
བདེན་གཉིས་ཕྱེ་བ་ལེགས་པར་སྦྱང་བ་ཡིས།།
ཆོས་སྤྱིའི་རྨོངས་བ་མཐའ་དག་ཀུན་ཟད་ནས།།
ཡང་དག་ཐར་བའི་གོ་འཕང་ཐོབ་པར་འགྱུར།།
འདི་བྲིས་དགེ་བའི་ལེགས་ཚོགས་མ་ལུས་པ།།
གཅིག་ཏུ་བསྡོམས་ནས་མ་གྱུར་འགྲོ་བ་ཀུན།།
དེ་ཉིད་རྨོངས་བའི་འཆང་བ་རབ་བསལ་ནས།།
བདེན་པའི་ངོ་བོ་རིང་མིན་མཇལ་བར་སྨོན།།

བོད་རྒྱལ་ལོའི་༢༡༤༦ རབ་རྒྱན་བཅུ་བདུན་པའི་ས་ཕག་ལོའི་བོད་ཟླ་༡༠བའི་ཚེས་༡༠དང་ཕྱི་ལོ་ 2019.12. བདུན་ཉིན་ཡོངས་འཛིན་རིན་པོ་ཇོ་ནང་དགེ་བཤེས་ངག་དབང་དངོས་གྲུབ་དཔལ་བཟང་བོའི་མདུན་དྲུངས་ནས་མི་ལོ་གསུམ་གྱི་རིང་ལ་བླ་མ་རིན་པོ་ཆེ་ཁོང་གིས་མཛད་པའི་ཕར་ཕྱིན་སྤྱི་དོན་མཐའ་དཔྱོད་རིན་ཆེན་ཕྲེང་བ་འདི་ཉིད་གསན་སྦྱངས་བྱས་ཏེ་ཕར་ཕྱིན་དམ་བཅའ་དང་བཅས་མཇུག་ལེགས་པར་རྫོགས་པའི་རྟེན་འབྲེལ་ཞིག་གི་དོད་དུ་དཔྱད་རྩོམ་འདི་ཉིད་འཇམ་དཔལ་བཟང་བོས་བྲིས་པ་དགེ་ལེགས་འཕེལ། དགེའོ། །།

སོལ་སྒྱེའི་བོད་ཡིག་འཕྲིན་སྟེགས་ལས་བཤུས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།