འབྲོག་དགེ་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་མཆོག་གིས་བརྩམས།
དགོན་པའི་སློབ་གསོའི་ཆ་ནས་ཞུ་བ་ཞེས་པ་ད་ལྟའི་གནས་སྐབས་དང་བསྟུན་པ་ཞེས་བྱ་བ་བཞུགས།
ཇི་སྐད་དུ།
སྡིག་པ་ཅི་ཡང་མི་བྱ་ཞིང་། །
དགེ་བ་ཕུན་སུམ་ཚོགས་པར་སྤྱད། །
རང་གི་སེམས་ནི་ཡོངས་སུ་འདུལ། །
འདི་ནི་སངས་རྒྱས་བསྟན་པ་ཡིན། །
ཞེས་གསུངས་པ་ལྟར། འདི་ནས་བསམ་དཀར་གྱིས་རེ་བ་འགའ་རེ་ཞུ་བསམ་བཞིན་ཡོད་དེ། དེ་ཡང་གྲྭ་བ་ཞིག་ཡིན་ན། རབ་ཏུ་བྱུང་བ་ནས་ཁྱེད་ཀྱི་ལམ་ཀ་ནི་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་ད་ང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དེ་ཡིན། དེ་ནི་རབ་ཏུ་བྱུང་བ་རྣམས་ ཀྱི་འདུན་ལམ་ཡིན་ལ། ཡང་དག་པའི་ལམ་བཟང་མཆོག་ཏུ་གྱུར་པ་ཡང་ཡིན་ནོ། །
འོན་ཀྱང་དེ་ལ་མཐུན་རྐྱེན་དང་ལྡན་ཞིང་འགལ་རྐྱེན་གྱི་བར་ཆད་ ཐམས་ཅད་སེལ་བ་ཞིག་ངེས་པར་དགོས་ལ། མཐུན་རྐྱེན་ལ་ཡང་འདྲ་མིན་སྣ་ཚོགས་དང་ལྡན་དགོས་ཏེ། རང་ཉིད་ལུས་སེམས་བདེ་ཐང་དང་ལྡན་པ་ད་ང་། ཕ་མ་དང་གཉེན་ཉེ་དང་ཆོས་གྲོགས་སོགས་ཀྱིས་རང་ཉིད་ཀྱི་ལས་ལ་དགའ་བས་རྗེས་སུ་ཡི་རང་ད་ང་། ཧ་ཅང་རན་པའི་ཟས་གོས་དང་གནས་ཁང་སོགས་ཀྱི་མཐུན་སྦྱོར་བྱེད་པ་ཞིག་དང་ལྡན་ན། དེ་ནི་ཆོས་ལྡན་གྱི་ལས་སུ་ཞུགས་པའི་མཐུན་རྐྱེན་ལེགས་པ་ཞིག་ཏུ་བརྩི་བཞིན་ཡོད་ལ། ཐ་ན་ཐོས་བསམ་སྒོམ་པ་བྱེད་པ་ངན་སྨོད་མི་བྱེད་པ་ཡང་མཐུན་རྐྱེན་དུ་འཇོག་ཆོག་པར་སྣང་ངོ་། །
འགལ་རྐྱེན་ནི། དགེ་འདུན་པའི་འདུལ་ཁྲིམས་དེ་བཀའ་བབ་ཞིག་ཏུ་ལྟ་བ་ད་ང་། ཕ་མ་དང་གྲོགས་ངན་པ་སོགས་ཀྱིས་འཁོར་བའི་ལས་སུ་འཇུག་པར་བྱེད་པ་དཔེར་ན། ཁྱིམ་ཐབ་ཀྱི་ཁང་བ་དང་དཔལ་འབྱོར་སོགས་ཀྱི་ཆེད་དུ་གྲོང་ཆོག་ཏུ་འགྲོར་འཇུག་པ་ད་ང་། ཚོང་ལས་བྱེད་དུ་འཇུག་པ་དང་། འཁོར་བའི་གཞི་རྩ་འཛིན་པར་གཙུག་ཏུ་བཀུར་བ་ལ་སོགས་པའི་སྤྱོད་པ་རྣམས་ཏེ། དེ་སོགས་ལས་རང་བཞིན་གྱིས་ཉོན་མོངས་དང་སྡུག་བསྔལ་འདྲ་མིན་སྣ་ཚོགས་སྐྱེད་པར་བྱེད་པར་འགྱུར་བས་འགལ་རྐྱེན་གྱི་ཁོངས་སུ་བསྡུ་བ་ཡིན་ནོ། །
མདོར་ན་གྲྭ་བ་ཆེ་ཆུང་གང་ཡིན་ཀྱང་རང་ཉིད་ཀྱི་དགོན་པ་དེ་རང་ཉིད་ཀྱི་ཐོས་བསམ་སྒོམ་པའི་གནས་དང་། དམ་ཆོས་སྒྲུབ་པའི་སློབ་གླིང་དུ་ལྟ་དགོས་པ་ལས། དགོན་པ་དེ་དཔལ་འབྱོར་དང་རིག་གནས་སོགས་ཀྱི་བཀག་རྡོ་རུ་ལྟ་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། དགོན་པ་གང་ཡིན་ཀྱང་དེ་རང་དགོན་གྱི་གྲྭ་བ་རྣམས་ཀྱི་བསྟི་གནས་དང་། རང་ཉིད་ཆོས་སྤྱོད་དང་ཐར་བའི་ལམ་མཆོག་ཏུ་བགྲོད་རུང་བའི་གནས་མཆོག་ཏུ་ལྟ་དགོས་པ་མ་ཟད། དགོན་པའི་སྤྱི་རྫས་དང་བཅའ་ལག་ཚང་མ་རང་ཉིད་ཀྱི་ཡོ་བྱད་དང་གཉིས་སུ་མེད་པར་ལྟ་བ་དང་། ཁོར་ཡུག་གཙང་སྦྲ་དང་བདག་སྐྱོང་བྱེད་པ་ནི་རང་ཉིད་ཀྱི་མིག་འབྲས་བཞིན་དུ་ལྟ་དགོས་ལ། གལ་ཏེ་གྲྭ་བ་རེ་རེ་ནས་དེ་ལྟར་བྱེད་ཐུབ་ན་དགེ་བསྐོས་ཞེས་པའི་འཇིགས་རྔམ་ཅན་ཞིག་དང་། དགོན་བདག་དང་མགོ་འཛིན་པ་ཞེས་པའི་ཁྲིམས་བདག་རྫིག་པོ་ཞིག་མེད་ན་ཡང་། དགོན་པ་ལ་ཐུགས་མཐུན་ཞིང་ཁྲིམས་གཙང་བ་ཞིག་ཡོང་ངེས་པ་ཡིན་ནོ། །
གལ་ཏེ་གྲྭ་བ་རྣམས་ངེས་པར་འདུལ་ཁྲིམས་བཟང་པོ་དང་ལྡན་པ་དང་། ཐུགས་རྒྱུད་བཟང་པོ་ཞིག་ཡོང་དགོས་ན། ངེས་པར་དུ་སློབ་གསོ་བཟང་པོ་ཞིག་ཡོད་པ་ལ་རག་ལས་ལ། སློབ་གསོ་དེ་ཡང་ཐོས་བསམ་སྒོམ་པའི་གྲངས་ཀ་དང་། ལག་རྟགས་བཟང་ངན་རྐྱང་བ་ཙམ་ལ་ལྟོས་པ་མ་ཡིན་པར། ཐུགས་རྒྱུད་ཡག་པོ་ཐག་ཆོད་པ་ཞིག་ཡོང་ན་སངས་རྒྱས་ཀྱི་བསྟན་པ་ལ་ལག་རྗེས་བཟང་པོ་ཞིག་འཇོག་ཐག་ཆོད་ཡིན་པས། སྒོ་གང་ཐད་ནས་སློབ་སྦྱོང་བཟང་པོ་ཞིག་བྱེད་དགོས་པ་མ་ཟད། རང་རང་གི་དགོན་གནས་ཁྱད་པར་ཅན་དུ་གནས་ཐུབ་པ་ཞིག་ཅི་ནས་ཀྱང་དགོས་པ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་ནི་དགེ་འདུན་པའི་སྡེ་ལ་རག་ལས་ལ། དགེ་འདུན་པའི་སྡེ་ནི་ཐུགས་མཐུན་ཁྲིམས་གཙང་ལ་ངེས་པར་དུ་རག་ལས་ལ། ད་དུང་དེའི་སྟེང་དུ་ཐོས་བསམ་སྒོམ་པ་དང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ལ་རོལ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། དགོས་སུ་རང་ཉིད་ཀྱི་ལྷ་བབ་ཀྱི་བསྟན་པ་དེ་ཉིད་འཛིན་སྐྱོང་སྤེལ་བར་བྱེད་པ་ནི་འོས་འགན་ཡིན་ལ། དེ་ལྟར་བྱེད་མ་ཐུབ་པར་ལྟོ་རྒྱབ་ཙམ་གྱི་ཆེད་དུ་འཚོ་བ་ནི་ཧ་ཅང་མི་རུང་བའི་གནས་སུ་ལགས་སོ། །
དགོན་པའི་སྒྲིག་ལམ་ནི་རང་དགོན་གྱི་བླ་གྲྭ་རྣམས་དང་དད་ལྡན་སྐྱེས་པ་ཕོ་མོ་རྣམས་ཀྱིས་བརྩི་སྲུང་མ་བྱས་ན། དགོན་པ་ཞེས་པ་དེ་མིང་ཙམ་དུ་ལྷག་ན་ང་རང་ཚོ་ཚང་མའི་འགྱོད་པའི་གནས་ཤིག་ཏུ་གྱུར་པ་མ་ཡིན་ནམ། དེའི་ཕྱིར་དགོན་པའི་སློབ་གསོའི་ཁོར་ཡུག་དེ་ད་ལྟ་གསར་སྐྲུན་བྱེད་བཞིན་པའི་སྐབས་སུ་བླ་གྲྭ་ཡོངས་དང་དད་ལྡན་ཕོ་མོ་ཚང་མས་ཡར་སྡོང་གཅིག་ཁུར་ཞིག་བྱེད་དེ་མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་ཡར་རྒྱས་བྱེད་པའི་གཙུག་ལག་ཆེན་པོ་རུ་འགྱུར་བར་ང་རང་ཚོ་ཚང་མ་ལ་འོས་འགན་འདྲ་མཉམ་དུ་ཡོད་པ་ཡིན་ནོ། །
ལྷག་པར་དུ་སློབ་གསོ་དེ་ལོ་ན་གཞོན་པའི་དུས་ནས་བྱེད་ན་སློབ་གསོ་ཡང་དག་ཅིག་ཡོང་བར་འདོད་པ་ནི་མི་རིགས་ཀུན་གྱི་བསམ་བློ་གཅིག་མཐུན་ཡིན་ལ། དེས་ན་གོ་སྐབས་དང་ལྡན་ཚེ་ཕ་མ་རྣམས་ཀྱིས་མ་བསྐུལ་དང་ལེན་གྱི་གྲྭ་ཆུང་རྣམས་དགོན་པའི་སློབ་གསོའི་གྲལ་དུ་ཡར་སྐུལ་བྱེད་པ་ནི་ཕྲན་གྱི་རེ་འདུན་ཡིན་ལ། དེས་ན་མ་འོངས་པའི་དགོན་པ་དེ་ཡང་ང་རང་ཚོའི་འདི་ཕྱི་གཏན་གྱི་སྐྱབས་གནས་མཆོག་ཏུ་འགྱུར་བར་ཡིད་ཆེས་བརྟན་པོ་ཡོད་ལ། དེ་ཡང་ང་རང་ཚོ་འདྲ་མཉམ་གྱི་དགེ་བ་ཡང་ཆེས་མཆོག་ཏུ་གྱུར་པ་ཞིག་ཏུ་ཡང་འགྱུར་བ་ཡིན་ནོ། །
མཐར་རེ་འདུན་ཞུ་བྱ་ནི། དགོན་པའི་གྲྭ་བ་ཞིག་ཡིན་ཕྱིན་དགོན་པའི་སློབ་གསོའམ་ཐོས་བསམ་སྒོམ་པར་ཡར་རྒྱས་ཡོང་བར་ནུས་ཤུགས་ཀྱི་ཆ་ཅི་རིགས་རེ་འདོན་པ་ད་་ང་། དགོན་པའི་འདུལ་ཁྲིམས་ལྟར་བརྩི་སྲུང་ཡག་པོ་ཞིག་བྱེད་དེ་མ་འོངས་པའི་ཐོས་བསམ་སྒོམ་པ་དང་འཆད་རྩོད་རྩོམ་གསུམ་གྱི་ཁོར་ཡུག་བླ་ན་མེད་པ་ཞིག་ཏུ་འགྱུར་མིན་ནི་ཁྱེད་རྣམས་ཀྱིས་སེམས་བསྐྱེད་བླ་ན་མེད་པ་དང་ཡར་ལོར་བཤད་པའི་ཚིག་གཅིག་ལ་སོགས་པ་དང་འབྲལ་མི་ཐུབ་པ་ཡིན་པས། རང་ཉིད་ཀྱི་དགོན་པའི་སྡེར་གཏོགས་པའི་བླ་གྲྭ་ཡོངས་དང་དད་ལྡན་ཕོ་མོ་ཐམས་ཅད་ཀྱིས་ཐུགས་ལས་འདོར་བ་མེད་པར་ཞུ་ཞུ་ཞེས་འབྲོག་དགེའི་སྤྲུལ་མིང་ཙམ་འཛིན་པ་ཡོན་ཏན་རྒྱ་མཚོའམ་ཡོན་ཏན་ལྷུན་གྲུབ་ཀྱིས་ཕྱི་ལོ་༢༠༡༧ལོའི་ཟླ་བ་༣པའི་ཚེས་༢ལ་གུས་ཕུལ།
ནང་དོན་ཡོངས་ཁུངས། ཤེས་རབ་ཀྱི་འོད་སྣང་གི་འཕྲིན་སྟེགས།