༄༅། །མི་གཡོ་གསུམ་ལྡན་རྡོ་རྗེའི་རྣལ་འབྱོར་གྱིས། །
རླུང་སེམས་དག་པས་རྟགས་བཅུ་མངོན་དུ་གྱུར། །
དྷཱུ་ཏཱིའི་ལམ་སྦྱངས་འོད་གསལ་ངང་ལ་བཞུགས། །
སྦྱོར་དྲུག་བརྒྱུད་པ་རྣམས་ལ་ཕྱག་འཚལ་ལོ། །
ཞེས་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཇོ་ནང་༧ཀུན་མཁྱེན་སྟོན་པ་བཞི་ལྡན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་ཕྱོགས་དུས་ཀུན་ཁྱབ་མའི་གཞུང་ཚིག་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ་སྔོན་དུ་སོང་སྟེ། གསང་སྔགས་བླ་མེད་རྒྱུད་རྒྱལ་དུས་ཀྱི་འཁར་ལོའི་ཟབ་ལམ་སྦྱོར་དྲུག་གི་བཀའ་བབས་པ་ཆེན་པོ་དཔལ་རྒྱལ་བ་ཇོ་ནང་བའི་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྒོ་ཐམས་ཅད་ནས་རྒྱས་ཤིང་ཕྱོགས་དུས་ཀུན་ཏུ་རྡོ་རྗེའི་རྣལ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པའི་སྨོན་འདུན་ཟབ་མོ་དང་འབྲེལ། མདོ་སྔགས་རམས་འབྱམས་སྨྲ་བ་མཁན་ཟུར་རིན་པོ་ཆེ་༧ཀུན་དགའ་རིན་ཆེན་མཆོག་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་མཛད་པ་ལ་དགའ་དད་སྤྲོ་གསུམ་དང་བཅས། དགེ་ལེགས་མཛད་འཕྲིན་གྱི་སྣང་བའི་དཔལ་གྱིས་ཕྱོགས་དུས་ཐམས་ཅད་དུ་ཁྱབ་པའི་སྨོན་འདུན་རྒྱ་ཆེན་ཞུས་པ་ལགས།
མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། །
རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི། །
ལྟ་སྒོམ་འབྲེལ་བའི་ལམ་གྱིས་གནད་བཟུང་ནས། །
ཆོས་སྒོ་མཐའ་དག་གསལ་བར་བྱེད་པར་ཤོག ། ཅེས་༧རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐའི་གསུང་གིས་མཐའ་བརྒྱན་པའོ།།
ཞེས་རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུས་རྒྱུན་ལས་ཁང་ནས།
ཕྱི་ལོ་༢༠༢༢ ཟླ་༤ ཚེས་༡༣ ཉིན་གུས་ཕུལ།