༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཆེ་བ་ཅུང་ཟད་བརྗོད་པ་བཞུགས།

༄༅། །དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཆེ་བ་ཅུང་ཟད་བརྗོད་པ་བཞུགས།

རྩོམ་པ་པོ། དགེ་བཤེས་དངོས་གྲུབ་དཔལ

གཉུག་ཁམས་དྭངས་མ་མི་ཤིགས་འོད་གསལ་མདངས། །
སྲིད་གཞི་ཀུན་ལ་གདོད་ནས་རྟག་བཞུགས་པ། །
རང་རིག་རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་ཅན། །
སེམས་ཉིད་གདོད་མའི་ཧེ་རུ་ཀ་དཔལ་འདུད། །

བརྒྱད་ཁྲི་བཞི་སྟོང་རྡོ་རྗེ་ཐེག་པའི་ཏོག
དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཆེ་བ་འགའ། །
གསང་བདག་སྒྲོལ་བའི་མགོན་པོའི་ཞལ་གསུང་བཞིན། །
ཅུང་ཟད་ཕྱོགས་གཅིག་བསྡུས་ཏེ་དགོད་པར་བྱ། །

དེ་ལ་འདིར་བཅོམ་ལྡན་འདས་དཔལ་ལྡན་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཆེ་བ་མདོར་མཚོན་པ་ཙམ་ཞིག་རྗོད་པར་བྱེད་པ་ལ། སྤྱིར་ནི་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་རྒྱུད་ཐམས་ཅད་ལ་བྱིན་རླབས་ལ་ཆེ་ཆུང་དང་། བརྗོད་དོན་ལེགས་མི་ལེགས་ཀྱི་ཁྱད་པར་སྤུ་ཙེ་ཙམ་ཡང་མ་དམིགས་ལ། ཉན་ཐོས་ཀྱི་སྡེ་སྣོད་ནས་བཟུང་སྟེ་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཕུང་པོ་མ་ལུས་པ་ལ་འདི་དམན་པ་དང་མི་ཟབ་པ་ཡིན་ནོ་ཞེས་བཤད་ན་དམ་པའི་ཆོས་སྤོང་བ་ཁོ་ནར་འགྱུར་བ་ཡིན། འོན་ཏེ་ཆོས་རང་རང་སོ་སོ་ལ་ཐུན་མོང་མ་ཡིན་པའི་ཁྱད་པར་རེ་ནི་ངེས་པར་ཡོད་དེ། ད་ལན་དེས་ན་གང་སྐབས་སུ་བརྗོད་པ་བབ་པའི་དུས་ཀྱི་འཁོར་ལོའི་རྒྱུད་ལ་བསམ་ན། སྤྱིར་འཆད་ཚུལ་མི་འདྲ་ན་ཇི་སྙེད་ཅིག་དམིགས་ཀྱང་། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཚུལ་གཞིར་བྱས་ན། ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་ཕྱི་མར་དར་བ་ཡུམ་འབུམ་ཕྱི་མ་ཡིན། གསང་སྔགས་ཀྱི་རྒྱུད་ཀྱི་དབང་དུ་བྱས་ན། འཕགས་ཡུལ་དུ་ཐམས་ཅད་ཀྱི་དུས་ཕྱིས་སུ་དར་བ་ནི་དུས་ཀྱི་འཁོར་ལོའི་རྒྱུད་འདི་ཉིད་ཡིན། དེས་ན། དུས་འཁོར་ནི་ད་ལྟ་རང་ཅག་གི་སྤྱོད་ཡུལ་གྱི་ཐེག་པ་ཆེན་པོའི་བཀའ་ཐམས་ཅད་ཀྱི་གཞུག་མ་ཡིན་པར་མ་ཟད། རྒྱུད་ཐམས་ཅད་ཀྱི་ནང་ན་ཕྱོགས་མང་པོ་ཞིག་ནས་འཆད་ཚུལ་ཡང་ཆེས་རྒྱས་ཤོས་དང་གསལ་ཤོས་དེ་ཆགས་ཡོད། ཕྱི་ཉི་ཟླ་གཟའ་སྐར་གྱི་འགྲོས་སོགས་ཀྱང་དུས་འཁོར་ལས་རྒྱས་པ་ཞིག་མཐོང་ཐོས་སུ་མེད་ལ། ད་དུང་དབྱངས་འཆར་སོགས་འཇིག་རྟེན་གྱི་ཕྱི་ནང་གི་རྟེན་འབྲེལ་ཕུང་ཁམས་ཀྱི་རྣམ་བཞག་ངོ་མཚར་བ་མང་པོ་གསུངས་ཡོད། དུས་འཁོར་འདི་རྒྱུད་དང་འགྲེལ་བ་གཞན་ན་སྦས་པ་དང་གབ་པའི་དོན་མང་པོ་ཞིག་རྒྱུད་འདིར་གསལ་རྒྱས་སུ་བཀྲལ་བས་ན། དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་དང་དེའི་འགྲེལ་ཆེན་དྲི་མ་མེད་པའི་འོད་སོགས་བླ་མེད་སྤྱིའི་དགོངས་འགྲེལ་གྱི་མིག་གཅིག་པུ་ཡིན། རྒྱུད་གཞན་ལ་ཆ་བཞག་ན། རྒྱུད་ཀྱང་རྒྱུད་ཀྱིས་ཤེས་པར་བྱ་གསུངས་པ་ལྟར། བསྐྱེད་རྫོགས་ཀྱི་སྐབས་མང་པོར་རྒྱུད་སྡེ་གཞན་ནས་ཁ་བསྐོང་དགོས་པ་ཇི་སྙེད་ཅིག་བཞུགས་པ་ལས། དུས་ཀྱི་འཁོར་ལོའི་རྒྱུད་ལ་ནི་རྒྱུད་གཞན་གྱིས་ཁ་བསྐོང་ལ་ལྟོས་པ་ཧ་ལམ་མེད་ཚོད་ལྟ་བུ་ཡིན། ད་ལྟ་རང་ཅག་ཁ་བ་རིའི་བའི་གནམ་རྩིས་སམ། སྐར་རྩིས་སོགས་འཛམ་གླིང་ན་ངོམ་དུ་རི་བ་འདི་ཉིད་ཀྱང་དུས་ཀྱི་འཁོར་ལོའི་རྒྱུད་ཁོ་ན་ལ་ཁུངས་འཆའ་བ་ལས་གཞན་པའི་ཐབས་རྩ་བ་ནས་མེད། དེས་ན། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་བསྟན་དོན་རེ་ཟུང་ནི་ད་ལྟ་རང་ཅག་གི་འཚོ་བའི་ཁྲོད་ལ་སིབ་སིབ་ཏུ་འདྲེས་ནས་ཁ་འབྲལ་ཐབས་མེད་པར་ཆགས་ཡོད། ད་དུང་སྨན་དཔྱད་དང་། ངོ་མཚར་བའི་བཟོ་རིག་སྣ་ཚོགས་པ་འདུས་ཡོད་པ་ཡིན། གསང་སྔགས་དཀྱིལ་འཁོར་ལ་བསམ་ན་ཡང་། རྒྱུད་གཅིག་པུ་ལ་རྒྱུད་སྡེ་མང་པོས་དཀྱིལ་འཁོར་གསུངས་ཡོད་པར་མ་ཟད། གསང་བ་འདུས་པ་དང་། འཁོར་ལོ་བདེ་མཆོགདགྱེས་པ་རྡོ་རྗེའམ་ཀྱཻ་རྡོར་རྗེ། སྒྱུ་འཕྲུལ་དྲྭ་བ། རྡོ་རྗེ་གདན་བཞི་སོགས་ཀྱི་དགོངས་པ་མང་པོ་ཁུངས་སུ་བྱས་ཏེ་འགྲེལ་ཡོད་པས། དུས་འཁོར་གྱི་རྒྱུད་མཐར་ཆགས་སུ་ཤེས་ན་གཞན་དང་མི་འདྲ་བའི་རྒྱུད་སྡེ་རབ་འབྱམས་ལ་མཁས་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཡོད་ཀྱང་། ཞིབ་རྒྱས་སུ་འདི་ཙམ་གྱིས་བརྗོད་པར་མི་ལངས་པས་གནས་སྐབས་སུ་བཞག་པར་བྱ། དུས་ཀྱི་འཁོར་ལོ་ལས་དཀྱིལ་འཁོར་མི་འདྲ་ཤིན་ཏུ་མང་པོ་གསུངས་པ་ལས། རྩ་བའི་དཀྱིལ་འཁོར་དྲུག་བརྒྱ་སོ་དྲུག་གི་ལྷ་གྲངས་ཅན་གྱི་ཆོས་དབྱིངས་གསུང་དབང་གི་དཀྱིལ་འཁོར་ལས་རྒྱས་པའི་དཀྱིལ་འཁོར་ཆེན་པོ་ཞིག་ད་ལྟར་མི་ཡུལ་ན་སྤྱོད་པ་ཞིག་མེད་ལ། འདི་ལ་བྱང་བས་དཀྱིལ་འཁོར་གཞན་ཐམས་ཅད་སློབ་པ་ཐུང་ངུ་རེའི་གོ་སྟོབས་སླ་མོར་སྐྱེ་འགྲོ་བ་མངོན་སུམ་ལགས་པ་ཡིན། དུས་ཕྱིས་འཕགས་ཡུལ་དུ། དུས་འཁོར་མ་ཤེས་ན་གསང་སྔགས་མི་ཤེས་ཟེར་བའི་བཤད་སྲོལ་ཅིག་རྒྱ་ཁྱབ་ཏུ་ཡོད་པ་ཡིན་ནོ། །

འདིར་རྗེ་སྒྲོལ་བའི་མགོན་པོའི་ཞབས་ཀྱིས་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཆེ་བ་བརྗོད་པ་འདི་ལྟ་སྟེ། དངོས་གྲུབ་ཉེར་འཚོ་ལས། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལས་ཆེས་མཆོག་ཏུ་གྱུར་པ། བཞི་པ་རྣལ་འབྱོར་བླ་ན་མེད་པ་ཡིན་ལ། དེ་ལ་ཡང་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་ལས་བྱིན་རླབས་མྱུར་བའི་སྒོ་ནས་རྣལ་འབྱོར་མའི་རྒྱུད་མཆོག་ཡིན་ཞིང༌། དཔལ་དུས་ཀྱི་འཁོར་ལོ་ནི། རྣལ་འབྱོར་མ་རྒྱུད་ཁྱད་པར་ཅན་ཡིན་ཡང་གོང་དུ་གསུངས་པ་ལྟར་གྱི་ཞལ་རེ་རེའི་ཕྱོགས་སུ་ལྷུང་བ་མ་ཡིན་པར་ཞལ་བཞིའི་སྤྱི་བོའམ་ཡང་ན་སྐུ་ལུས་དང་མཚུངས་པར་བསྟན་པ་སྟེ། དེ་ཡང་དཔལ་གྱི་མགུར་ནས་གསུངས་པའི་རྒྱུད་རྣམས་ལ་སྤྱི་ལྡོག་ནས་བཟང་ངན་གྱི་དབྱེ་བ་མི་ཐུབ་ཀྱང༌། བརྗོད་བྱེད་ཚིག་གི་དངོས་བསྟན་སྒྲ་ཇི་བཞིན་པ་ལ། བརྗོད་བྱ་ཟབ་མི་ཟབ་དང་རྒྱ་ཆེ་ཆུང་གི་ཁྱད་པར་ནི་ངེས་པར་འབྱུང་དུ་རུང་བ་ལས། དུས་ཀྱི་འཁོར་ལོ་ནི་ལྷག་པར་ཟབ་ཅིང་རྒྱ་ཆེ་བ་ཡིན་ནོ། །དེ་ཡང་ཕྱི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་སྐར་རྩིས་ཀྱི་རིམ་པ་སོགས་དང༌། ནང་རྡོ་རྗེ་ལུས་ཀྱི་སྐྱེ་གནས་འཇིག་ཚུལ་སོགས་གཞི་གཏན་ལ་འབེབས་ཚུལ་ཡང་གཞན་པས་རྒྱ་ཆེ་ཞིང༌། གྲུབ་མཐའི་དབྱེ་བ་དང་རང་ལུགས་ཀྱི་འཁོར་བ་འཇུག་ཟློག་སོགས་གཞིའི་གནས་ཚུལ་གཏན་ལ་འབེབས་ཚུལ་གཞན་པས་ཟབ་པའང་ཡིན་ལ། སྨིན་བྱེད་དབང་གི་དུས་ན་ཆུ་སོགས་ཀྱི་དབང་ལ་རྒྱུད་གཞན་རྣམས་ལ་རྒྱལ་བ་རིགས་ལྔ་ཙམ་ལས་མ་གསུངས་པ་ལ། འདིར་ལྷ་བཞི་བཅུ་རྩ་དྲུག་སོགས་ཀྱི་དག་པ་མཛད་པས། གཞན་པས་འདི་རྒྱ་ཆེ་ཞིང་ཟབ་ལ་རྒྱུད་སྨིན་ཚབས་ཆེ་བ་དང༌། དབང་གོང་མའི་གནས་སྐབས་ཀུན་ན་བཞི་པ་ཕྱག་རྒྱ་ཆེན་པོའི་དབང་རྒྱུད་གཞན་དུ་མི་གསལ་ཞིང་བསྡུས་པ། འདིར་རྒྱས་ཤིང་གསལ་བར་གསུངས་པས་ཆེས་ཟབ་པ་དང༌། གཞན་ནས་མ་བཤད་པའི་རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་དག་གསུངས་པས། སློབ་དཔོན་གྱི་དབང་ལ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀར་གྱི་སྒོ་ནས་མཆོག་ཏུ་གྱུར་པ་དང༌། བསྐྱེད་རིམ་ལ་ཡང་ཕ་རྒྱུད་དང་མ་རྒྱུད་གཞན་ཐམས་ཅད་ཀྱི་ཟབ་གནད་གཅིག་ཏུ་འདུས་པས་མཆོག་ཏུ་གྱུར་པ་དང༌། བཟླས་པ་སོགས་ལ་ཐུན་མོང་མ་ཡིན་པའི་ཟབ་གནད་ཐོར་བུ་དུ་མ་ཡོད་པ་དང༌། ཟབ་གནད་ཀྱི་གཙོ་བོ་ཚེ་གཅིག་ལ་འཚང་རྒྱ་བའི་ཉེ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཞེས་བྱ་བ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་དང༌། མི་འགྱུར་བའི་བདེ་བ་ཟུང་དུ་འཇུག་པའི་ལམ་དབང་བཞི་པའི་ཡེ་ཤེས་དེ་ནི་རྒྱུད་རྒྱལ་གཞན་རྣམས་སུ་གབ་ཅིང་མི་གསལ་བ་དང་བརྡ་ཐབས་དང༌། ཟུར་ཙམ་གྱིས་མཚོན་པ་དང༌། མིང་ཙམ་དང༌། མཚན་ཉིད་མདོར་བསྡུས་ཙམ་གྱིས་མཚོན་པ་ལས་མ་གསུངས་པ་ལ། འདིར་རྒྱས་ཤིང་གསལ་ལ་ཐང་མར་བརྡལ་བ་ཡིན་ནོ། །དེ་བཞིན་དུ་འབྲས་བུའི་བཞུགས་ཚུལ་གྱི་སྒོ་ནས་ཀྱང༌། གཞན་ལས་གསལ་པོར་མི་འབྱུང་བའི་ཟབ་ཁྱད་དུ་མ་དང་བཅས་པ་གསལ་བོར་གསུངས་པ་ཡིན་ཞིང༌། དེར་མ་ཟད་རྒྱུད་གཞན་ཐམས་ཅད་ཀྱི་མི་གསལ་བ་གསལ་བྱེད་བླ་ན་མེད་པ་ཡང་འདི་ཡིན་ལ། ཐེག་པ་གཞན་ཐམས་ཅད་ཀྱི་དགོངས་དོན་ཡང་འདིར་གཏན་ལ་ཕབ་པས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ནང་ན་གཙུག་གི་ནོར་བུ་ལྟ་བུར་གྱུར་པ་ནི་རྒྱུད་རྒྱལ་དུས་ཀྱི་འཁོར་ལོ་འདིའོ། །ཡང་བཀའ་རྒྱུད་སྡེ་རྣམས་རྟོགས་དཀའ་བས། དགོངས་འགྲེལ་མཁན་པོའི་གཞུང་ལ་བརྟེན་ནས་རྟོགས་དགོས་པར་འདོད་པ་ཡང་མང་ན། དགོངས་འགྲེལ་གྱི་གཞུང་ཡང་ལུགས་འདི་ཉིད་ཆེས་མཆོག་ཏུ་གྱུར་པ་སྟེ། རྒྱུད་ཀྱི་རྒྱལ་པོ་གཞན་རྣམས་ལ་ནི་འཕགས་པའི་ཡུལ་གྱི་པཎྜི་ཏ་ཕལ་པ་དང༌། སྒྲུབ་པ་པོ་ནུས་པ་ཅུང་ཟད་ཐོབ་པས་བཤད་པ་དང༌། ཐུན་མོང་གི་དངོས་གྲུབ་ཙམ་ཐོབ་པའི་གྲུབ་ཐོབ་ཀྱིས་བཤད་པའང་མང་ལ། འཕགས་པའི་ས་ཐོབ་པའམ་མཆོག་གི་དངོས་གྲུབ་ཐོབ་པར་གྲགས་པ་རྣམས་ཀྱང་སྔར་མིའི་འགྲོ་བ་སོ་སོ་སྐྱེ་བོའི་རྟེན་ལ་སྐབས་དེར་མཆོག་གསར་དུ་བརྙེས་པ། འཕགས་པའི་ས་དང་པོ་ལྟ་བུ་ཐོབ་པ་ཡང་ཡོད། མཆོག་གི་དངོས་གྲུབ་ཉམས་འོག་ཏུ་ཆུད་པའི་སྦྱོར་ལམ་གྱི་ས་ཐོབ་པ་ལ་མཆོག་ཐོབ་པར་བྱས་པའང་ཡོད་ཀྱི། དགོངས་འགྲེལ་མཁན་བཟང་ཤོས་རྣམས་ཀྱང་དེ་ཙམ་ཞིག་ཡིན་ལ། འདིར་ནི་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང༌། ལྟ་འདོད་མདོར་བསྟན་དང༌། དོན་དམ་བསྙེན་པ་ལ་སོགས་པ་ནི། ངེས་པའི་དོན་དུ་རྫོགས་པའི་སངས་རྒྱས་ཉིད་གདུལ་བྱའི་སྣང་ངོར་ཚུལ་སྟོན་པའི་རྣམ་པའི་དབང་དུ་བྱས་ན་ས་བཅུའི་དབང་ཕྱུག་སྤྱན་རས་གཟིགས་དང་རྡོ་རྗེའི་སྙིང་པོ་དང༌། ཕྱག་ན་རྡོ་རྗེ་ལ་སོགས་པ་རྒྱལ་སྲས་ཐུ་བོ་རྣམས་ཀྱིས་རྒྱུད་དོན་གསལ་བར་མཛད་པའི་བསྟན་བཅོས་ཡིན་པས་སོ། །དེས་ན་སེམས་འགྲེལ་སྐོར་གསུམ་སོགས་འདི་དག་ནི། བསྡུས་པའི་རྒྱུད་གཞན་རྣམས་ལ་བཤད་རྒྱུད་ཅེས་བྱ་བ། རྩ་བའི་རྒྱུད་ཀྱི་དོན་འགྲེལ་སྟོན་པ་ཉིད་ཀྱིས་གསུངས་པའི་རང་འགྲེལ་ལྟ་བུ་དེ་དག་དང་ཁུངས་ཆེ་ཆུང་ལ་ཁྱད་པར་མེད་པ་ལས་གོ་བདེ་ཞིང་ཚིག་དོན་གསལ་བའི་ཕྱོགས་ནས་འདི་དག་ངོ་མཚར་ཆེ་ཆེ་ཙམ་ཡིན་ནོ། ། ཞེས་གསུངས་པ་དང་། ལྷན་འཐབས་འོད་བརྒྱ་འབར་བ་ལས། ཆོས་ཁུངས་དང་འབྲེལ་བའི་ཆེ་བ་ཅུང་ཟད་བརྗོད་པར་སྤྲོ་ན། འདིར་བླ་མ་གོང་མ་རྣམས་ཀྱི་གསུང་ལས། མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད་མ་ལུས་པ་ཕྱུང་བ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་མཐར་ཐུགརྣལ་འབྱོར་དབང་ཕྱུག་ཐམས་ཅད་ཀྱི་གཤེགས་ཤུལ་ལམ་འཇུག་ངོགས། ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས་དང་ལྡན་པའི་གང་ཟག་ཅིག་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་ས་ལ་འཁྲིད་པར་བྱེད་པའི་ཉེ་ལམ་མྱུར་ལམ་ཁྱད་པར་ཅན། རྒྱུད་ཀྱི་རྒྱལ་པོ་གཞན་དུ་མ་རྣམས་སུ་རྡོ་རྗེའི་ཚིག་གིས་སྦས་ཤིང་གསང་པའི་དོན། །མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོར་མ་སྦས་གསལ་བར་བསྟན་པ། ཕྱག་རྒྱ་ཆེན་པོ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པ་ཞེས་གསུངས་པའི་དབང་དུ་བྱས་ནས། ཆོས་འདི་མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད་མ་ལུས་པ་ཕྱུང་བ་ཡིན་ཏེ། མདོ་སྔགས་ཀྱི་ལམ་ཐམས་ཅད་ཀྱི་མཐར་ཐུག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན། རྒྱུད་ལས་ཀྱང། གང་ཞིག་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་སྨྲ་བོ་ཕྱོགས་ཉམས་དེ་ནི་མཉམ་པར་འགྱུར་རོ། །ཞེས་གསུངས་པ་ལྟར། བརྩེ་བ་སྙིང་རྗེ་ཆེན་པོ་དང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་ཟུང་དུ་འཇུག་པ་སྟེ། ཆོས་འདི་ཉིད་ཀྱི་སྙིང་པོར་རྟག་ཏུ་བཞུགས་པ་ཡིན་ཏེ། སྦྱོར་དངོས་རྗེས་གསུམ་ཐམས་ཅད་ཀྱི་སྐབས་སུ། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱེད་པ་ཡིན། སྟོང་ཉིད་ཀྱི་ལྟ་བ་གོ་ཡུལ་དུ་འཇོག་པའི་གནས་སྐབས་ཀྱང་མང་དུ་ཡོད་ལ། འོན་ཀྱང་གོ་ཡུལ་གྱི་སྟོང་ཉིད་དེ་ཙམ་ཁོ་ན་གནད་དུ་མི་ཆེ་སྟེ། དོན་གྱི་གཙོ་བོ་དཔྱད་པ་ལས་འདས་ཤིང༌། རྗེས་དཔག་ཙམ་གྱི་ཡུལ་མ་ཡིན་པའི་སྤྲོས་བྲལ་སྟོང་ཉིད་ནི་ཆོས་འདིའི་དམིགས་པའི་མཐིལ་ཡིན་ནོ། །ཡང་གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་ན་མེད་པའི་ཁྱད་ཆོས། གཞན་དང་ཐུན་མོང་མ་ཡིན་པ་ནི། མི་འགྱུར་བའི་བདེ་བ་སྙིང་རྗེ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་སྟོང་པ་ཉིད་དེ། དེ་གཉིས་ཟུང་དུ་འཇུག་པ་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་ན། དེ་ནི་ཆོས་ཚུལ་འདི་ལ་ཡོད་པ་ཙམ་དུ་མ་ཟད། ཟུང་འཇུག་གི་ལམ་དེ་ནི་སྦྱོར་བ་ཡན་ལག་དྲུག་པ་འདི་ཁོ་ན་ཡིན་གྱི། ལམ་གཞན་ལ་མེད་ཅེས་དམ་འཆའ་རུ་ཡང་རུང་སྟེ། རྒྱ་བོད་དུ་ཕལ་ཆེར་ལ་གྲགས་པའི་མན་ངག་རྗེས་འབྲང་གི་ཡི་གེ་རིས་སུ་འཁོད་ཅིང་རྒྱུན་ཡོད་པ་རྣམས་ཀྱི་དབང་དུ་བྱས་ན། སྦྱོར་དྲུག་ལས་གཞན་པའི་རིམ་ལྔ། ཕྱག་རྒྱ་བཞི་པ། ཞེས་པ་ནས། གང་ལ་ཡང་ཟུང་འཇུག་གི་ལམ་ཡོངས་སུ་རྫོགས་པར་མཚན་ཉིད་ཚང་བ་མེད་ན། གཞན་བླུན་པོ་མགོ་སྐོར་གྱི་ཆོས་དང༌། རྟོག་གེ་བས་བརྟགས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །དེ་ཡང་དེ་དང་དེའི་ལུགས་སྲོལ་འཛིན་པར་འདོད་པའི་རྗེས་འཇུག་རྒྱ་བོད་རྣམས་ཀྱི་འཆད་ཚུལ་ལ་དེ་ལྟར་ཡིན་གྱི། ཀླུ་སྒྲུབ་ཀྱི་རིམ་ལྔ། ཛྙཱ་ན་པའི་གྲོལ་ཐིགདྲིལ་བུ་རིམ་ལྔ། ནག་པོ་རིམ་བཞི་སོགས་ཀྱི་གཞུང་རྩ་བ་རྣམས་ཀྱི་དགོངས་བརྟད་ནི། ཆོས་འདི་དང་གཅིག་པས་གྲུབ་ཐོབ་དེ་དག་གིས་ཀྱང་ལམ་འདི་ཁོ་ན་ཐུགས་སུ་ཆུད་པ་ཡིན་ཞིང༌། གཞུང་དེ་དག་ཆོས་འདི་དང་མཐུན་པར་འཆད་ཤེས་ན་དགོངས་པ་ཕྱིན་ཅི་མ་ལོག་པར་འགྱུར་རོ། །དོན་གྱི་གཙོ་བོ་ནི་དེ་ལྟ་བུ་ཡིན་ལ། གཞན་ཡང་དད་པ་དང༌། ངེས་འབྱུང་དང༌། བླང་དོར་གྱི་སྤྱོད་པ་དང༌། ཞི་གནས། ལྷག་མཐོང་དང༌། ཚད་མེད་བཞི། ཕར་ཕྱིན་བཅུ། བསྡུ་དངོས་བཞི། བྱང་ཕྱོགས་སོ་བདུན་སོགས་མདོ་དང་ཐུན་མོང་བ་རྣམས་དང༌། སྨིན་གྲོལ་གྱི་ལམ། མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར། དབང་བཞིའི་ཡེ་ཤེས། བསྐྱེད་རྫོགས་ཀྱི་རིམ་པ་རྣམ་གྲངས་མི་འདྲ་བ་ཐམས་ཅད། དོན་རྡོ་རྗེའི་རྣལ་འབྱོར་འདིའི་ཁོངས་སུ་ཆུད་པའི་ཕྱིར། ཆོས་འདི་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཞེས་བྱའོ། །ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ཡི་བཞི་པ་དང༌། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པས་ཉན་ཐོས་རང་རྒྱལ་ཐེག་ཆེན་ཏེ། ཐེག་པ་གསུམ་དུ་མ་འདུས་པའི་ཐེག་པ་བཞི་པ་མེད་མོད་ཀྱང། གསུམ་པོའི་ནང་སེལ་གྱི་དབྱེ་བ་ལ་བརྟེན་པའི་རྣམ་གྲངས་ཀྱི་ཐེག་པ་མང་དུ་འབྱུང་པའང་མི་འགལ་ཏེ། ལང་ཀར་གཤེགས་པ་ལས། ཐེག་པ་རྣམ་པ་མང་བཤད་པ། །སེམས་ཅན་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུའང་ངས་བསྟན་ཏོ། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པ་དག་ལ་ཐུག་པ་མེད། ། ཅེས་གསུངས་པས་སོ། ། དེས་ན་དད་པ་ཕུན་སུམ་ཚོགས་པས་བླང་དོར་ཕྱིན་ཅི་མ་ལོག་པར་བྱེད་པ་ནི་ལྷའི་ཐེག་པ་དང༌། འཇིག་རྟེན་པའི་ཏིང་ངེ་འཛིན་རྣམས་སྒོམ་པ་ནི། ཚངས་པའི་ཐེག་པ་སྟེ། དེ་གཉིས་འཇིག་རྟེན་པའི་ཐེག་པ་ཡིན་པས། ཐེག་པ་དངོས་མ་ཡིན་ལ། དེ་ལས་མཆོག་ཏུ་གྱུར་པ་ཉན་ཐོས་ཀྱི་ཐེག་པ་དང༌། དེ་བཞིན་དུ་རང་རྒྱལ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། བྱ་རྒྱུད་དང༌། སྤྱོད་རྒྱུད་དང༌། རྣལ་འབྱོར་རྒྱུད་དང༌། རྣལ་འབྱོར་བླ་ན་མེད་པའི་ཐེག་པ་རྣམས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་མཆོག་ཏུ་གྱུར་པ་ཡིན་ཞིང༌། རྣལ་འབྱོར་བླ་མེད་གཞན་ཐམས་ཅད་ལས་ཀྱང་ཆེས་མཆོག་ཏུ་གྱུར་པ་ནི། དཔལ་དུས་ཀྱི་འཁོར་ལོ་ཡིན། རྒྱུད་འདིའི་ཟབ་དོན་མཐར་ཐུག་ནི། རྡོ་རྗེའི་རྣལ་འབྱོར་འདི་ཁོ་ན་ཡིན་པས། ལམ་དང་འབྲས་བུའི་ཐེག་པ་ཐམས་ཅད་ཀྱི་ཡང་རྩེའམ་མཐར་ཐུག་པ་ནི། རྣལ་འབྱོར་ཡན་ལག་དྲུག་པ་འབྲས་བུར་བཅས་པ་དང༌། གསུང་རབ་སྡེ་སྣོད་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པའི་ཡང་རྩེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཡིན་ནོ། །སྐབས་འདིར་དོགས་པ་འདི་འབྱུང་སྟེ། འདུས་པ་བདེ་དགྱེས་སོགས་ཀྱང་བླ་ན་མེད་པ་ཡིན་ན། དེ་དག་ལས་དུས་འཁོར་ལྷག་པ་མི་འཐད་དོ་སྙམ་ན། སྤྱིར་སངས་རྒྱས་ཀྱི་བཀའི་གླེགས་བམ་དང༌། ཚིག་ལ་བྱིན་རླབས་ཆེ་ཆུང་ངམ། ཕྱག་མཆོད་ཀྱི་ཡུལ་དུ་བཟང་ངན་གྱི་ཁྱད་པར་འབྱེད་པ་སོགས་ནམ་དུ་ཡང་མི་རུང་ན། རྣལ་འབྱོར་བླ་མེད་ནང་ཚན་དུ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན་ཡང༌། ཚིག་ཟིན་གྱི་དོན་དང༌། སྒྲ་ཇི་བཞིན་པའི་དོན་ལ་རྒྱ་ཆེ་ཆུང་དང༌། ཟབ་མི་ཟབ་ཀྱི་ཁྱད་པར་ཡོད་པས། དོན་འདིའི་དབང་དུ་བྱས་ཏེ། བླ་མེད་གཞན་རྣམས་ལས་དུས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་ཡིན་པས། འདི་ཉིད་ཐེག་པའི་ཡང་རྩེར་འཇོག་ལ། རྒྱུད་གཞན་ཐམས་ཅད་ཀྱི་སྦས་དོན་འདིས་གསལ་བར་མཛད་ཅིང༌། དེའི་ཚེ་བླ་མེད་ཀྱི་རྒྱུད་གཞན་རྣམས་ཀྱི་དགོངས་དོན་གྱི་གནད་ཐམས་ཅད་འདི་དང་གཅིག་པར་འགྱུར་བའི་ཕྱིར། འདུས་པ་བདེ་དགྱེས་སོགས་ཀྱང་བླ་ན་མེད་པ་མ་ཡིན་པར་ཐལ་བའི་སྐྱོན་ག་ལ་ཡོད། ཡང་བློ་དམན་འགའ་ཞིག་ལ་དོགས་པ་འདི་འབྱུང་སྟེ། འདི་ཐེག་པའི་ཡང་རྩེ་ཁོ་ན་ཡིན་ན། ཐེག་པ་གཞན་ཐམས་ཅད་དང་ཐུན་མོང་མ་ཡིན་པར་གྱུར་པའི་ཕྱིར། མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་པར་འགལ། ཡང་མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཡིན་ན། ཐེག་དམན་གྱི་དོན་ཡང་ཡིན་པའི་ཕྱིར། ཡང་རྩེ་ཡིན་པར་འགལ་སྙམ་པ་འདི་འབྱུང་ངོ༌། །དེའི་ལན་ནི། ཐེག་པ་ཆེ་ཆུང་མདོ་རྒྱུད་ཐམས་ཅད་ཀྱི་ཐུགས་ཀྱི་བརྟད་སོའི་དགོངས་པ་གཅིག་ཡིན་ཞིང༌། གཅིག་པོ་དེ་ཡང་རྡོ་རྗེའི་རྣལ་འབྱོར་ཁོ་ནའོ། །འོན་ཀྱང་སོ་སོའི་ཚིག་གི་དངོས་བསྟན་སྒྲ་ཇི་བཞིན་པ་ལ་ཟབ་དོན་འདི་གསལ་མི་གསལ་དང་རྒྱས་མི་རྒྱས་ཀྱི་ཁྱད་པར་ཤིན་ཏུ་གལ་ཆེ་བས། མཆོག་དམན་མེད་པའང་མ་ཡིན་ནོ། །དེས་ན་ངེས་དོན་ཤིན་ཏུ་གབ་པའི་གསུང་རབ་རྣམས་ལ་གང་ཟག་སྐལ་དམན་དག་ཡིད་རྟོན་པས་ཐེག་དམན་གྱི་མདོ་ཞེས་གྲགས་ཤིང༌། ངེས་དོན་ཅི་རིགས་གབ་ཅིང་ཇི་ལྟར་འོས་པ་གསལ་བར་མཛད་པ་རྣམས་གང་ཟག་དབང་པོ་འབྲིང་གི་རིགས་རྣམས་ཀྱིས་སྐལ་པར་ཐོབ་པ་ནི་ཕར་ཕྱིན་ཐེག་པ་ནས་ཡོ་གའི་ཐེག་པའི་བར་དུ་གྲགས་ཏེ་བླ་ན་ཡོད་པའོ། །ཟབ་དོན་མཐར་ཐུག་གསལ་བར་སྟོན་པ་རྣམས་དབང་པོ་མཆོག་རྣམས་ཁོ་ནའི་ཆོས་ཀྱི་སྐལ་བར་བྱོན་པ་ལ་ཐེག་པ་བླ་ན་མེད་པ་ཞེས་གྲགས་པ་ཡིན་ནོ། །དེས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་ལས། རྡོ་རྗེའི་རྣལ་འབྱོར་འདི་སྤྱིར་གསལ་པོར་བསྟན་པ་ཙམ་ཡིན་མོད་ཀྱང༌། དཔལ་ལྡན་དུས་འཁོར་དང་བསྐྲུན་ན། གཞན་དེ་རྣམས་རྡོ་རྗེའི་རྣལ་འབྱོར་གྱི་རྣམ་གཞག་འགའ་ཞིག་ཏུ་མི་གསལ་བ་དང༌། ཁ་ཅིག་ཏུ་བསྡུས་པ་དང༌། ལ་ལ་དག་ཏུ་མ་ཚང་བའི་ཚུལ་དུ་ཡོད་ལ། རྒྱུད་ཀྱི་རྒྱལ་པོ་འདིར་ནི། ཟབ་ལམ་མཐར་ཐུག་འདི་ཤིན་ཏུ་གསལ་བ་དང། ཆེས་རྒྱས་པ་དང༌། ཡོངས་སུ་རྫོགས་ཤིང་གབ་པ་དང་འཁྲུགས་པ་མེད་ལ། འཐོར་ཐབས་མ་ཡིན་པར་གསུངས་པའི་ཕྱིར་མཆོག་དང་རྩེ་མོར་གྱུར་པའང་ཡིན་ནོ། །དེས་ན་དངོས་སུ་གསལ་བར་བསྟན་པའི་སྒོ་ནས་གཞན་དང་ཐུན་མོང་མ་ཡིན་པ་ཐེག་པའི་ཡང་རྩེ་ཡིན། དགོངས་པའི་བརྟད་སོ་ཕུགས་ཀྱི་ཞེ་འདོད་ཀྱི་དབང་དུ་བྱས་ན། ཐེག་པ་མཐའ་དག་གི་དགོངས་པ་ཡིན་ནོ། །དེ་ཡང་འདི་ལྟར་གོ་དགོས་ཏེ་ཉན་ཐོས་ཀྱི་སྡེ་སྣོད་ནས་རྣལ་འབྱོར་རྒྱུད་མན་ཆད་ཀྱི་གཞུང་ན། སྤྱི་ལྡོག་ནས་གྲུབ་པས་ཁྱད་པར་ཅན་གྱི་དོན་ཡང་ཤུགས་ལ་འགྲུབ་པ་མང་སྟེ། དཔེར་ན་མིའི་འགྲོ་བ་ཙམ་བདེ་འགྲོ་ཡིན་པར་གྲུབ་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བདེ་འགྲོའི་མཆོག་ཡིན་པར་ཤུག་ལ་གྲུབ་པ་བཞིན་དུ། སྤྱི་ལྡོག་ནས་སྟོང་ཉིད་སྒོམ་པ་ལམ་གྱིས་མཆོག་ཏུ་གསུངས་པས། ཁྱད་པར་ཅན་རྣམ་པ་ཀུན་ལྡན་གྱི་སྟོང་ཉིད་སྒོམ་པ་ལམ་གྱི་ཆེས་མཆོག་ཏུ་ཤུགས་ལ་བསྟན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཚུལ་སྤྱི་ལྡོག་ནས་ནམ་མཁའི་རྣལ་འབྱོར་ཙམ་དང༌། བླ་གབ་མེད་པའི་རྣལ་འབྱོར་ཙམ་ཡིན་པར་དངོས་སུ་གསུངས་པས། དེའི་ཤུགས་ལ་ནམ་མཁའ་དང་བླ་གབ་མེད་པའི་རྣལ་འབྱོར་ཁྱད་པར་ཅན་སོར་སྡུད་ཀྱི་ལམ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ཐབས་ཀྱི་གཙོ་བོ་ཡིན་པ་གསུངས་པར་འགྲོ་བ་ལྟ་བུ་སྟེ། དེས་གཞན་རྣམས་ལའང་མཚོན་ནོ། །ཡང་བླ་མེད་ཀྱི་བསྡུས་རྒྱུད་གཞན་རྣམས་ལས་ནི། ཁྱད་པར་ཅན་དེ་རྣམས་སྤྱི་ཁྱབ་ཀྱི་ཁོག་ཏུ་སྦས་ཏེ་གསུངས་པ་ཉུང་ལ། རྒྱུད་ཚིག་བགྲམ་པོ་གོ་དཀའ་བའི་ཚུལ་གྱིས་སྦས་པ་དང༌། དང་པོར་ནག་པོ་རབ་ཏུ་བསྒོམ། ཞེས་པ་ལྟ་བུ་ནག་པོ་མུན་པའི་ནམ་མཁའ་ལ་དགོངས་པ་ཡིན་ཡང༌། སྐྱེ་བོ་ཕལ་གྱིས་དོན་གཞན་ལ་འཁྲུལ་འགྲོ་བའི་ཚུལ་གྱིས་སྦྱར་བའི་སྦས་པ་དང༌། བསྐྱེད་རིམ་གྱི་ཟོལ་གྱིས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་བཤད་པ་དང༌། མི་འགྱུར་བའི་བདེ་བ་ཞུ་བདེའི་ཁོངས་སུ་སྦས་པ་དང༌། དབང་བཞི་པ་དབང་གསུམ་པའི་ནང་དུ་སྦས་པ་དང༌། གཞན་ཡང་བརྡ་ཐབས་སྣ་ཚོགས་པས་བསྟན་ཏེ། བྱང་ཆུབ་སེམས་དཔའི་འགྲེལ་པ་དང༌། བླ་མའི་མན་ངག་དང༌། རྒྱུད་ནི་རྒྱུད་གཞན་གྱིས་རྟོགས་པར་བྱ་བའི་རིམ་པས་གོ་བར་བྱ་དགོས་ཀྱི། གཞན་དུ་མཁས་པར་རློམ་པ་རྣམས་མགོ་རྨོངས་པར་འགྱུར་རོ། །རྒྱུད་ཀྱི་བསྟན་དོན་ནི་རྡོ་རྗེའི་རྣལ་འབྱོར་ཁོ་ན་ཡིན་གྱི་རིགས་མཐུན་སྤྱི་ཁྱབ་ཙམ་སྨྲོས་པ་མ་ཡིན་ནོ། །ཞེས་སོགས་དང་། དུས་འཁོར་ཆོས་འབྱུང་ལས། རྒྱ་གར་དུ་དུས་འཁོར་མ་ཕེབས་གོང་ཕར་བཞག དེ་ཕྱིན་ཆད་དུས་འཁོར་གྱི་གྲུབ་ཐོབ་ཕྱོགས་གཅིག་ཏུ་གཞགཆོས་གཞན་གྱི་གྲུབ་ཐོབ་ཐམས་ཅད་ཕྱོགས་གཅིག་ཏུ་གཞག་ཀྱང༌། དུས་འཁོར་གྱི་གྲུབ་ཐོབ་མང་ངོ༌། །ཞེས་སོགས་སོགས་གསུངས་ཏེ། འདིར་དེ་དག་ལ་མཐའ་གཅོད་དང་ཞིབ་བཤད་བྱས་ན་གནད་ཆེ་བའི་གསུང་ཤ་སྟག་ཏུ་འདུག་ཀྱང་། རྗེ་སྒྲོལ་མགོན་ཞབས་ཀྱིས་གསུང་པ་ཕྱོགས་མཚོན་ཙམ་ལུང་འདྲེན་དུ་བཀོད་ནས་བློ་གསལ་དག་ལ་རང་རང་གི་བློ་གྲོས་ཀྱིས་ཞིབ་མོར་འཇུག་པའི་སྒོ་ཙམ་བསྟན་པ་ཡིན།
ཆོས་འདིའི་མཛད་པ་འཕྲིན་ལས་ཀྱི་ཆེ་བའི་སྟེང་ནས་ཅུང་ཟད་བརྗོད་ན། རྒྱ་བོད་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱི་ནང་ན་དུས་ཀྱི་འཁོར་ལོའི་ཆོས་བསྐོར་འདི་ཉིད་ཀྱི་འཕྲིན་ལས་ནི་ས་སྒེང་ཧྲིལ་བོར་ལྷམ་མེར་མངོན་པར་འཕགས་ནས་ཡོད་པ་ཡིན་ཏེ། འཇིག་རྟེན་ཁྱིམ་པ་ཡན་ཆད་གསང་སྔགས་རྡོ་རྗེ་ཐེག་པར་མོས་བློ་ཙམ་ཡོད་ཕྱིན། དུས་ཀྱི་འཁོར་ལོའི་ཆོས་བཀའ་དང་དབང་ལ་མོས་པ་གཞན་དང་མ་འདྲ་བར་ཡོད་ཅིང་། དེང་གི་ཆར་ཡང་གངས་ཅན་སྐྱེ་འགྲོའི་མགོན་པོ་གཙོས། བོད་གངས་ཅན་པའི་འཇིག་རྟེན་གྱི་སྒྲོན་མེ་ལྟ་བུའི་སྐྱེས་མཆོག་ཐམས་ཅད་ཀྱི་ཆོས་འདིའི་འཕྲིན་ལས་ཀྱི་རྒྱུན་ལ་བརྟེན་ནས་འགྲོ་དོན་བརླབས་པོ་ཆེ་མཛད་བཞིན་པ་ལྟ་བུ་ཞིག་གཞན་ལ་མེད་པ་ཡིན། སྤྱིར་ནི་གསང་སྔགས་ཐམས་ཅད་ཀྱི་ནང་ནས་མི་ཡུལ་དུ་དར་བའི་ཕྱི་མ་ཡིན་པས་རྒྱུད་སྡེ་གཞན་གྱི་འཕྲིན་ལས་སྔར་ནས་རྒྱས་པ་ཡིན་མོད། དུས་ཀྱི་འཁོར་ལོ་དར་ཕྱིན་ཆོས་འདིའི་འཕྲིན་ལས་ཁྱད་པར་དུ་འཕགས་ཏེ། བོད་གངས་ཅན་གྱི་ལྗོངས་ལ་ལོ་ཙཱ་བ་དག་གིས་བསྒྱུར་ཞུས་ཀྱང་ཧ་ཅང་མང་བོ་བཞུགས་ཏེ། ཁ་བའི་ལྗོངས་འདིར་ཐེག་པ་ཆེ་ཆུང་མདོ་སྔགས་ཐམས་ཅད་ལ་འདི་ལྟ་བུའི་བསྒྱུར་ཞུས་མང་པོ་གཅིག་ཀྱང་བྱུང་མེད་པ་ཡིན། དེ་རྣམས་མདོར་མཚོན་ཙམ་སྨོས་ན། དངོས་གྲུབ་ཉེར་འཚོ་ལས། རྒྱུད་ཀྱི་རྒྱལ་པོ་འགྲེལ་བ་དང་བཅས་པ་འདི་ལ་བོད་ཀྱི་ཕྱོགས་འདིར་ལོ་ཙཱ་བ་ཐ་དད་པས་བསྒྱུར་བའི་འགྱུར་མི་གཅིག་པ་ཤིན་ཏུ་མང་བར་བྱུང་སྟེ། གྱི་ཇོ་རྨ་ལོ་འབྲོ་གཉན་མང་འོར་དང༌། །འ་ཞ་རྭ་ལོ་ག་རོང་ཙ་མི་དང༌། །སྤོང་ཞོ་ཁེར་རྒང་ལྡིང་རི་གྲགས་མྀང་བཞི། །རོང་གླིང་སེ་ལོ་ལོ་ཆུང་བསོད་ཡེ་དང༌། །བློ་གྲོས་སྙིང་པོ་ཆག་ལོ་ཡར་ལུངས་པ། །དེ་རྣམས་ལོ་པཎ་སྡེབས་པའི་འགྱུར་ཡིན་ཏེ། །ཁ་ཅིག་གཞི་འགྱུར་ཁ་ཅིག་འགྱུར་བཅོས་ཡིན། །འགོས་ལོ་ཁུག་པས་བསྒྱུར་ཞེས་འགའ་ཞིག་ཟེར། །ཤོང་སྟོན་ཐང་སྟོན་དཔང་ལོའི་འགྱུར་རྣམས་ནི། །པཎྜི་ཏ་ལ་མ་ཉན་རྩལ་འགྱུར་ཡིན། །ལོ་ཙཱ་བློ་གྲོས་གཉིས་ཀྱིས་བསྒྱུར་བ་ནི། །དུས་གསུམ་སངས་རྒྱས་ཀུན་མཁྱེན་ཆེན་པོ་ཡི། །བཀའ་ཡིས་བསྐུལ་ཞིང་གསུང་དང་བསྟུན་པའི་ཕྱིར། །རྩལ་འགྱུར་ཡིན་ཡང་བྱིན་རླབས་གཟི་བྱིན་ལྡན། །འགྱུར་གསར་རྣམས་ཀྱི་ནང་ནས་འདི་ཉིད་མཆོག གོ་བདེ་ཚིག་ལམ་ལེགས་ཤིང་གསལ་བ་ཡིན། །དེ་དག་ཀྱང་འདི་ལྟ་སྟེ། ཐོག་མ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར་ཏེ་འདི་ལ་འགྱུར་མངས་སུ་གྲགས། དེ་ནས་རྨ་དགེ་བའི་བློ་གྲོས། འབྲོ་ལོ་ཙཱ་བ་གཉེལ་ཙེར་ཤེས་རབ་གྲགས། གཉན་ལོ་ཙཱ་བ་དར་མ་གྲགས། མང་འོར་བྱང་ཆུབ་ཤེས་རབ། འ་ཞ་རྒྱ་གར་བརྩེགས། རྭ་ལོ་ཙཱ་བ་ཆོས་རབ། སྟེང་པ་ལོ་ཙཱ་ག་རོང་ཚུལ་ཁྲིམས་འབྱུང་གནས། བུ་རང་ལོ་ཆུང་གྲགས་འབྱོར་ཤེས་རབ། གྲགས་པའི་མིང་གི་མཐའ་ཅན་བཞི་ནི། ཙ་མི་སངས་རྒྱས་གྲགས། སྤོང་ཞོ་གསལ་བ་གྲགས། ཁེར་རྒང་འཁོར་ལོ་གྲགས། ལྡིང་རི་ཆོས་གྲགས་སོ། །ཡང་རོང་གླིང་ལོ་ཙཱ་བ་རྡོ་རྗེ་དབང་ཕྱུག སེ་ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ་ལོ་ཙཱ་བ་བསོད་ནམས་ཡེ་ཤེས། ལོ་ཙཱ་བ་བློ་གྲོས་སྙིང་པོ། ཆག་ལོ་ཆོས་རྗེ་དཔལ། ཡར་ལུངས་ཤུད་ཀེ་གྲགས་པ་རྒྱལ་མཚན་ཏེ། དེ་རྣམས་ཀྱིས་རྒྱ་གར་གྱི་པཎ་གྲུབ་ལ་དབང་མན་ངག་བཤད་པ་རྣམས་ཞུས་ཏེ་བསྒྱུར་བ་ཡིན་པས། ཕལ་ཆེར་བྱིན་རླབས་དང་ལྡན་པ་ཡིན་ཡང་རྭ་འབྲོ་ཙཱ་མི་ཆག་ལོའི་ལུགས་རྣམས་མ་གཏོགས། གཞན་རྣམས་ལ་བརྒྱུད་པ་རིང་དུ་མ་དར་བ་འདྲའོ། །པཎ་ཆེན་ཟླ་མགོན་གྱི་རང་འགྱུར་དང་གཉོས་ཁ་རག་ལོ་ཙཱའི་འགྱུར་དང་ཁྱུང་པོ་ཆོས་བརྩོན་གྱི་འགྱུར་ཡང་ཡོད་པར་གྲགས་ལ། འགྲོ་སེང་དཀར་དང༌། མཚུར་དབྱིག་གི་སྙིང་པོ་ལ་སོགས་པས་ཀྱང་སེམས་འགྲེལ་སྐོར་ཅི་རིགས་པར་འགྱུར་ཟེར། དེ་དག་ཀྱང་བར་སྐབས་ཀྱི་མཁས་པ་ཆོས་ཀྱི་སྤྱན་ཡངས་འགའ་རེས་གཟིགས་པའི་དབང་དུ་བྱས་ལ། བདག་གིས་མཐོང་བ་ནི་རྭ་འབྲོ་གྱི་རྨ་འ་ཞ་ལོ་ཆུང་མང་འོར་ཙ་མི་ཆག་ལོ་ཤུད་ཀེ་ཤོང་དཔངས་ཇོ་འགྱུར་རྣམས་སོ། །བར་སྐབས་སུ་ཙ་མི་དང་ཆག་ལུགས་ཀྱང་དར་རབ་བྱུང་མོད། དཔལ་དུས་ཀྱི་འཁོར་ལོ་ལ་བོད་ཁམས་འདིར་རྭ་འབྲོའི་ལུགས་གཉིས་པོ་འཕྲིན་ལས་ཀྱི་སྒོ་འགྲན་ཟླ་མེད་པ་ཡིན་ཞིང༌། འབྲོ་བ་ལ་སྒྲུབ་པའི་བཀའ་བབས། རྭ་བ་ལ་བཤད་པའི་བཀའ་བབས་ཟེར་བ་ཡང་ཕྱོགས་མཐུན་རུང་ཡིན་ཏེ། རྭ་ལུགས་འཛིན་པ་ལ་རྒྱུད་བཤད་ཤིན་ཏུ་དར་ཞིང་འཕྲིན་ལས་ཆེ་ལ། འབྲོ་ལུགས་པ་རྣམས་ལ་གྲུབ་པ་བརྙེས་པ་ཆེས་མང་དུ་བྱུང་བའང་ཡིན་ནོ། །ལོ་ཙཱ་བ་འགོས་ཁུག་པས་ཕྱག་རྡོར་སྟོད་འགྲེལ་བསྒྱུར་བ་ནི་ཡོད་ལ། དུས་འཁོར་རྩ་འགྲེལ་བསྒྱུར་བའི་ཐོག་མ་ནི། གྱི་ཇོ་ཉིད་ཡིན་པར་ཀུན་ཏུ་གྲགས་ཤིང༌། ཆེན་པོ་ཐམས་ཅད་ཞལ་འཆམ་པས་འགོས་ཀྱིས་བསྒྱུར་བ་མེད་པར་སེམས་ལ། སློབ་དཔོན་གཞོན་ནུ་དཔལ་བ་སོགས་ཡོད་སྐད་གསུང་བ་གལ་ཏེ་བདེན་སྲིད་ན་གྱི་ཇོ་དང་དུས་མཉམ་ཙམ་ཡིན་གྱི་ཆེས་སྔ་བ་མིན་ནོ། །ཤོང་ཐང་དཔང་གསུམ་གྱི་འགྱུར་ནི། རྒྱུད་འགྲེལ་གྱི་དོན་ལ་རང་བློས་དཔྱད་ཅིང༌། བོད་སྟོན་རྣམས་ལ་དྲི་གཏུགས་བྱེད་བཞིན་དུ་སྒྲ་ལ་མཁས་པའི་སྒོ་ནས་འགྱུར་བཅོས་བྱས་པ་ཡིན་གྱི། རྭ་འབྲོ་ཙཱ་ཆག་བཞི་ལས་བརྒྱུད་པ་ལོགས་སུ་ནི་མེད་ལ། བློ་གྲོས་ཀྱི་རྩལ་གྱིས་དཔྱད་པའི་བཤད་པ་དང་ལག་ལེན་མི་འདྲ་བ་ནི་ཡོད་དོ། །དེ་རྗེས་ཇོ་ནང་འགྱུར་དུ་གྲགས་པ་ལོ་ཙཱ་བ་རྣམ་གཉིས་ཀྱིས་བསྒྱུར་བ་ནི། ཤོང་འགྱུར་སྒྲ་དོན་འགྲིག་ཅིང་ཚིག་སྦྱོར་ལེགས་པར་ཡོད་པ་ལ། ད་དུང་དོན་གྱི་ཆ་གནད་དུ་མ་ཕྱིན་པ་ཡོད་པ་རྣམས་ལ་འགྱུར་རྙིང་རྣམས་དང་དཔང་འགྱུར་སོགས་ལའང་གཏུགས། སྒྲ་དོན་ལ་མཁས་པས་ལེགས་པར་དཔྱད་ཅིང་འགྱུར་བཅོས་ཀྱང་མཛད་ལ། གནད་ཆེ་ས་མང་པོར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་འགྱུར་བཅོས་མཛད་པ་ཡིན་པས་འགྱུར་གསར་གཞན་རྣམས་ལས་ཆེས་བྱིན་རླབས་ཆེའོ། །དེ་ཕྱིན་ཆད་ནས་ཀྱང་འགྱུར་བཅོས་ཐན་ཐུན་བྱེད་མཁན་བྱུང་ཟེར་ཏེ། བྱུང་བ་ཙམ་དུ་ཟད་ཀྱི་བཤད་སྒྲུབ་ཀྱིས་གཏན་ལ་ཕབ་པ་མེད་དོ། །རྒྱུད་ཕྱི་མ་གཉན་ལོ་དང་ཤེའུ་ལོ་ཙཱ་བས་བསྒྱུར་བ། ཕྱིས་ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ་གྱིས་ཤོ་ལོ་ཀ་བཅུ་གཅིག་འགྱུར་ཆད་བསབས་ཤིང༌། གཞན་ལ་འགྱུར་བཅོས་ཡང་དག་པར་མཛད་དོ། །དོན་དམ་བསྙེན་པ་པཎ་ཆེན་ཟླ་མགོན་གྱི་རང་འགྱུར་ཉིད་གཙོ་བོ་ཡིན་ལ། འགྱུར་བཅོས་གཞན་ཡང་ཡོད། འཇམ་དཔལ་གྲགས་པའི་ལྟ་འདོད་མདོར་བསྟན་ནི། ཀུན་མཁྱེན་ཆེན་པོ་ཇོ་ནང་པའི་ཐུགས་སྲས་ཀུན་སྤངས་ཆོས་གྲགས་དཔལ་བཟང་གིས་བསྒྱུར་བའོ། །ཞེས་གསུངས་སོ། །
དེར་མ་ཟད་ཟབ་ཆོས་འདིའི་བརྒྱུད་པ་མི་འདྲ་བ་ཡང་ཧ་ཅང་མང་པོ་གངས་ཅན་གྱི་ལྗོངས་འདིར་བྱུང་ཞིང་། རྒྱུད་ལ་ཐམས་ཅད་གཅིག་ཏུ་འདུས་པ་ཀུན་མཁྱེན་ཇོ་ནང་བ་ཆེན་པོ་ལ་ལྡན་པ་ཡིན་ཏེ། དངོས་གྲུབ་ཉེར་འཚོ་ལས། གཞན་ཡང་པཎ་ཆེན་ཤཱཀྱ་ཤྲཱི་དང། བི་བྷུ་ཏི་ཙནྡྲ་དང༌། རཏྣ་རཀྵི་ཏ་ལ་སོགས་པ་ཕྱོགས་འདིར་དབང་དང་རྒྱུད་བཤད་གསལ་བར་མཛད་པ་དང༌། །རྒ་ལོ་ཙཱ་བ་དང༌། ཏྲེ་བོ་ཤེས་རབ་དཔལ་ལ་སོགས་པ་མན་ངག་རྣལ་འབྱོར་ཡན་ལག་དྲུག་པའི་རྐང་ཚུགས་པ་ཇི་སྙེད་ཅིག་བྱུང་ངོ༌། །དེ་དག་ལས་རིགས་ལྡན་སྤྲུལ་པའི་སྐུ་ཆོས་རྗེ་ཡབ་སྲས་བཞི་པོའི་སྐབས་སུ། རྭ་འབྲོ་ཙ་མི་ཆག་ལོ་ཤཱཀྱ་ཤྲཱི་བི་བྷུ་ཏི་ལོ་གྲགས་པའི་ལུགས་སོགས་དབང་བཀའ་དང་རྒྱུད་བཤད་བཀའ་མ་ནུབ་པ་ཐམས་ཅད་གསན་ཞིང༌། རྫོགས་རིམ་བརྒྱུད་པ་མི་འདྲ་བ་བཅུ་བདུན་སོགས་བཀའ་ཡོད་ལྷད་མེད་ཐམས་ཅད་གཅིག་ཏུ་འདུས་པར་མཛད་པ་ཡིན་ལ། འོན་ཀྱང་གྲུབ་ཐོབ་བརྒྱུད་པ་ཡིན་པ་དང༌། ཉམས་མྱོང་བྱིན་རླབས་བརྒྱུད་པའི་དབང་ལས་པཎ་ཆེན་ཟླ་མགོན་གྱི་བཀའ་སྲོལ་འབྲོ་ལུགས་འདི་ཉིད་སྙིང་གི་ཐིག་ལེར་བཀོད་ནས་བླ་མ་རྣམས་ལ་གསོལ་བ་འདེབས་པར་མཛད་ཅིང༌། རྫོགས་རིམ་ནི་བི་བྷུ་ཏི་ཙནྡྲའི་ཉེ་བརྒྱུད་ལ་ཡང་ཤིན་ཏུ་རྩིས་སུ་མཛད་དོ། །དེ་དག་ཀྱང་གདུལ་བྱ་གཞན་ངོ་དང་བསྟུན་ཏེ། ཁ་ན་མ་ཐོ་བ་སྤང་ཞིང༌། རྩོད་པའི་དུས་ཀྱི་ཐ་མ་འདི་ལྟ་བུར་མིའི་རྟེན་ཅན་གྱི་བླ་མ་དམ་པ་ཁོ་ན་རྗེས་འཇུག་གདུལ་བྱ་རྣམས་ལ་བྱིན་རླབས་འཇུག་པའི་སྒོར་གཟིགས་ནས། བརྒྱུད་པ་བཟང་ཚད་འདུས་པར་མཛད་པ་ཡིན་གྱི། བྱིན་རླབས་བཀའ་བབས་ཀྱི་བརྒྱུད་པ་གཅིག་གིས་ཆོག་མ་ཤེས་པ་ཡང་མ་ཡིན་ལ། དེ་ལས་ཀྱང་ལྷག་པར་དཔལ་ཇོ་ནང་པའི་ཆོས་རྗེ་ཡབ་སྲས་ལྔའམ་དྲུག་རྣམས་ས་བཅུའི་དབང་ཕྱུག་རིགས་ལྡན་རྣམས་ཀྱི་སྤྲུལ་པར་ཐེ་ཚོམ་མེད་པ་དང༌། ཡང་སྒོས་སུ་དུས་གསུམ་སངས་རྒྱས་ཀུན་མཁྱེན་ཆེན་པོ་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཞེས་ཕྱོགས་ཐམས་ཅད་དུ་སྙན་པའི་སྒྲ་དབྱངས་ཀྱིས་ཁྱབ་པ་འདི་ནི། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་ཉིད་འགྲོ་བའི་དོན་དུ་བཤེས་གཉེན་དམ་པའི་ཚུལ་བཟུང་བ་ཡིན་པས། ཆོས་འདི་དང་ཆོས་གཞན་གང་དག་ལ་བྱིན་རླབས་དང་ལྡན་པའི་བརྒྱུད་པ་ཐ་དད་པ་དང༌། ལེགས་པར་བཤད་པའི་ཟབ་དོན་གྱི་རྣམ་གྲངས་གཞན་དེ་ཀུན་ནི་ཆུ་ཀླུང་བྱེ་བ་ཕྲག་བརྒྱ་ལྟ་བུ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་རང་ཉིད་ཀྱི་ངེས་དོན་གྱི་བསྟན་པའི་བབས་དང༌། བྱིན་རླབས་ཀྱི་བཀའ་བབས་ནི་རྒྱ་མཚོ་ཆེན་པོ་བདུན་དང་འདྲ་བ་ཡིན་པས། རང་ལུགས་ལ་བྱིན་རླབས་ཀྱི་བཀའ་བབས་གཞན་ལ་འཚོལ་མི་དགོས་སོ། །ཞེས་གསུངས་པ་ལྟར་རྒྱ་ཆེར་བློ་གྲོས་གཟུ་བོར་གནས་པས་ཤེས་ཤིང་རྟོགས་པར་བྱའོ། །

སྨྲས་པ།
འདིར་འབད་རྣམ་པར་དཀར་བའི་ལེགས་བྱས་ཀྱིས། །
འགྲོ་རྣམས་བདེ་ཞིང་ཐུབ་བསྟན་རྒྱས་པ་དང་། །
ཁྱད་པར་རྡོ་རྗེ་ཐེག་པ་མཆོག་དར་ཞིང་། །
སེམས་འགྲེལ་དགོངས་པ་ཀུན་ལས་འབར་གྱུར་ཅིག

ཅེས་པ་འདི་ནི་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །སརྦ་མངྒ་ལཾ།

ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།