༧གོང་ས་མཆོག་

༧གོང་ས་༧ ལྷ་མིའི་རྣམ་འདྲེན་ ༧ སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་མཆོག་གིས་ཇོ་ནང་ཀུན་མཁྱེན་དྲུག་མཆོད་ཆེན་མོ་དང་། འཕགས་ཡུལ་ཇོ་ནང་མ་དགོན་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན། སྐབས་དང་པོའི་རྟག་བརྟན་དགེ་བཤེས་བཅས་ཀྱི་མཛད་སྒོའི་སྟེང་སྩལ་བའི་བཀའ་སློབ་གསུང་འཕྲིན།


དེ་རིང་ཀུན་མཁྱེན་དོལ་པོ་པ་ཁོང་གི་རྗེས་དྲན་སྲུང་རྩི་བྱེད་པ་ཞིག་ཡོང་གི་ཡོད། ཀུན་མཁྱེན་དོལ་པོ་པ་དངོས་གནས་དྲང་གནས་བོད་ཀྱི་མཁས་དབང་དང་། ཉམས་ལེན་པ་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར། འཁོར་ལོ་བར་པ་ཤེར་ཕྱིན་གྱི་གཞུང་གིས་ཆོས་རྣམས་བརྟེན་ནས་བཏགས་ཙམ་མ་གཏོགས། ངོ་བོ་ཉིད་ཀྱི་གྲུབ་པས་སྟོང་པ་དེ་གསུང་གི་ཡོད། འཁོར་ལོ་ཐ་མའི་སྐབས་ལ་འཁོར་ལོ་བར་པའི་སྟོང་པ་ཉིད་ཀྱི་ལྟ་བ་དེ་དང་སྦྲེལ་ནས། ཡུལ་ཅན་སེམས་ཀྱི་རྣམ་གཞག་དེར་བསམ་བློ་བཏང་ཡོང་དུས་ཙ་ན། སེམས་རང་བཞིན་གྱིས་འོད་གསལ་བ་དེའི་སྒང་ལ་དགོངས་པ་བཞེས། ཇོ་ནང་གི་སྔོན་གྱི་མཁས་པ་ཚོས་དགོངས་པ་དེ་འདྲ་བཞེས་པ་ཞིག་ངས་མཐོང་གི་འདུག འཁོེར་ལོ་བར་པའི་ཁ་ཐུག་ལ་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་གཏམ་དེ་གསུངས་ཚར་བ་རེད། རྟེན་འབྱུང་དེ་གོམས་ངེས་ཀྱི་ཡུལ་ཅན་འོད་གསལ་དེའི་སྒང་ནས་མཐར་ཐུག་སྔགས་ལམ་ལ་གཉུག་མའི་འོད་གསལ་དེ་གསུང་གི་ཡོད། སྔགས་ལམ་ལ་མ་སླེབ་གོང་ནས་འཁོར་ལོ་ཐ་མའི་སྐབས་སུ་སེམས་རང་བཞིན་གྱི་འོད་གསལ་བ་གསུང་གི་འདུག ཀུན་མཁྱེན་དོལ་པོ་པས་སེམས་རང་བཞིན་གྱིས་འོད་གསལ་བ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་ཟེར་བ་ཡུལ་ཅན་འོད་གསལ་གྱི་རྣམ་གཞག་དེ་གསུངས་པ་རེད། དེའི་སྐབས་སུ་འཁོར་ལོ་བར་པས་ཡུལ་གྱི་འོད་གསལ་སྟོང་པ་ཉིད་དེ་གསུང་། འཁོར་ལོ་ཐ་མས་ཡུལ་ཅན་གྱི་འོད་གསལ་དེ་གསུང་། ཡུལ་ཅན་གྱི་འོད་གསལ་ལབ་དུས། རང་བཞིན་གྱི་གྲུབ་པས་སྟོང་པ་རེད་དེ། ཁོ་རང་གསལ་ཙམ་རིག་ཙམ་ཞིག་གི་སྒང་ནས་བསམ་བློ་གཏོང་གི་ཡོད། དཔེར་ན། ང་རང་ཚོས་སྒོམ་བརྒྱབ་པའི་སྐབས་སུ་སྟོང་པ་ཉིད་ཀྱི་ལྟ་བ་གོམས་ཡོང་དུས་དགག་བྱ་བཀག་ཙམ་ཞིག་བློ་ལ་ཤར་བསྡད་པ། དེ་ནས་ཆོས་སྐུའི་ང་རྒྱལ་གྱི་བཟོ་འདྲ་བརྩིས་པ་ཡིན་ན། ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པའི་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བ། ཏོག་ཙམ་ཞིབ་ཚགས་སུ་བཏང་བ་ཡིན་ན། རང་བཞིན་བརྒྱད་ཅུའི་ཀུན་རྟོག་དེ་དག་ཕར་བསལ་ནས་ཐ་མར་སྣང་མཆེད་ཐོབ་གསུམ་གྱི་འོད་གསལ་སྒང་ལ་ཕར་སེམས་བཞག་པ། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་གསུངས་པ་དེ་དེའི་སྒང་ལ་སླེབ་ཀྱིན་འདུག་བསམ་པ་ངས་དེ་དྲན་གྱི་ཡོད། བྱས་ཙང་། འཁོར་ལོ་ཐ་མའི་སྐབས་ཀྱི་ཡུལ་ཅན་འོད་གསལ་གྱི་རྣམ་གཞག་སྒང་ལ་སྟོང་ཉིད་སྒོམ་པ། དེ་ནས་ཡུལ་ཅན་འོད་གསལ་གྱི་རྣམ་གཞག་གསལ་བ་ཞིབ་ཚགས་པོ་དེ། ཇི་ལྟར་གོམས་པའི་ཚོད་ཀྱིས་འགྲེལ་བཤད་ཡོད་པ་དེ་དག སྤྱིར་གསང་སྔགས་དེའི་ནང་ཚན་ནས་གསང་སྔགས་བླ་མེད་ཀྱི་ཆོས་སྐོར་དེ་ཞེད་པོ་ཞིག་འདུག ཀུན་མཁྱེན་ཇོ་ནང་པས་དགོངས་པ་དེ་བཞེས་ཀྱི་འདུག་བསམས་ནས་ངས་དེ་དྲན་གྱི་ཡོད། ཀུན་མཁྱེན་ཇོ་ནང་པས་སེམས་རང་བཞིན་གྱིས་འོད་གསལ་བ་དེའི་སྒང་ནས་དགོངས་པ་དེ་འདྲ་བཞེས་དུས། ཏོག་ཙམ་བསམ་བློ་གུ་དོག་པོ་གཏོང་མཁན་ཚོའི་གྲས་ཀྱིས་ཕར་བལྟས་པ་ཡིན་ན། ཡུལ་གྱི་འོད་གསལ་དེའི་སྐོར་ལ་རྩལ་འདོན་མ་གནང་པར། ཡུལ་ཅན་གྱི་འོད་གསལ་སྒང་ལ་གསུང་ཡོང་དུས། གཞན་སྟོང་ཟེར་བ་དེའི་སྐད་ཆ་དེ་བཤད་པ་རེད། སོ་སོའི་ཉམས་ལེན་ལ་སྦྲེལ་ནས་ཡག་པོ་ཞིག་བསམ་བློ་བཏང་བ་ཡིན་ན། འཁོར་ལོ་བར་ཐ་གཉིས་སྦྲེལ་ནས་འགྲོ་དགོས་པ་དེ་གསལ་པོ་ཞེ་དྲག་རེད་འདུག དེ་རིང་ཀུན་མཁྱེན་དོལ་པོ་པའི་རྗེས་དྲན་དུས་ཚེས་ཤིག་ཤར་ནས། དངོས་གནས་དྲང་གནས་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་འདྲ་ཞིག་རེད། དེའི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས། ང་རང་ཚོས་སྤྱིར་བཏང་གཞན་སྟོང་དང་རང་སྟོང་ཟེར་བ་དེ་འདྲ་རྩོད་པ་རྩོད་པའི་ཁ་ཐུག་ནམ་རྒྱུན་ཚིག་སྐམ་པོ་ཞིག་ལ་འཇུས་བསྡད་པ་འདྲ་ཡོང་གི་ཡོད། དེ་འདྲ་མེད་པར་ལྷོད་ལྷོད་བྱས་ནས། ཀུན་མཁྱེན་དོལ་པོ་པས་དགོངས་པ་བཞེས་ས་ངོ་མ་གཞན་སྟོང་ཟེར་བ་དེ། ག་འདྲ་ཞིག་གི་སྒང་ལ་སླེབ་ཀྱི་འདུག ཕར་ཞིབ་ཚགས་པོ་བྱས་ནས་བསམ་བློ་བཏང་། ཉམས་མྱོང་དང་སྦྲེལ་ནས་བལྟས་པ་ཡིན་ན། ངོས་གནས་དྲང་གནས་ཀུན་མཁྱེན་དོལ་པོ་པ་ཁོང་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་མཁས་པའི་དབང་པོ། མཁས་གྲུབ་གཉིས་ལྡན། ང་ཚོས་རྗེས་དྲན་འོས་པ་ཞིག་ཆགས་བསྡད་ཡོད། ཐུགས་རྗེ་ཆེ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།