དགག་ལན་ལུང་རིགས་ཉི་མ།

དགག་ལན་ལུང་རིགས་ཉི་མ།

མཁན་ཆེན་དཔལ་འབྱོར་ཚེ་རིང་།
རིས་མེད་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་མངའ་བདག་བསྟན་པའི་སྒྲོན་མེ་ཆེན་པོ་ངག་དབང་༧དངོས་གྲུབ་དཔལ་མཆོག་ལ་མཚོན་ན། སྤྱིར་ཆོས་བརྒྱུད་དང་མཁས་གྲུབ་གོང་མ་དག་ལ་ཕྱོགས་རིས་ཀྱི་མིག་གཏན་ནས་མེད་པར། རིས་མེད་དག་སྣང་གི་ཉིན་བྱེད་ཁྱད་པར་མེད་པ་ཞིག་ཡིན་པར་རྒྱུས་ཡོད་ཀུན་ལ་གསལ་བ་ལྟར་རེད། ཡང་དགོས་སུ་ཁོང་གིས་གསུང་རྒྱུར། ཁོ་བོར་མཚོན་ན་ཆུང་དུས་སུ་ཇོ་ནང་དང་རྙིང་མའི་ཆོས་ལ་ཆ་སྙོམས་སུ་ཞུགས་པ་ཡིན། དེ་ནས་དགེ་ལྡན་པའི་གྲྭ་ས་ཁ་ཤས་སུ་ཡང་སློབ་གཉེར་བྱས་པ་ཡིན། དབང་བཀའ་ཐམས་ཅད་ཕྱོགས་མེད་དུ་ཞུས་པ་ཡིན་ལ། ཁྱད་པར་དུ་ཐོག་མའི་སྐྱེ་ཡུལ་གྱི་དགོན་པ་ལ་བསམ་ན་སྔ་འགྱུར་དང་ཇོ་ནང་ཟུང་གི་ལྷ་འབངས་སུ་མེ་ཏོག་ཕོག་པ་ཞིག་ཡིན་བཤད་ཀྱང་མི་ཆོག་པ་གཏན་ནས་མེད་མོད། ཇོ་ནང་གི་བསྟན་པ་འདི་ཉམས་གུད་དུ་འགྲོ་བཞིན་པ་ལྟད་མོ་བལྟར་མ་བཟོད་ནས་རང་ནུས་ཀྱིས་ནུས་པ་ཅི་ཡོད་བཏོན་དང་འདོན་ཁུལ་བྱེད་བཞིན་ཡིན་ཞེས་གསུངས་སྲོལ་རྟག་པར་ཡོད་པ་ཞིག་ཡིན། འོན་ཏེ། ཁོང་གིས་ནམ་རྒྱུན་བཀའ་བསྩལ་བར། གཞུང་ལུགས་ཀྱི་དོན་ཡང་དག་ཅིག་གོ་བ་ལ་རིགས་པ་དྲི་མ་མེད་པའི་ལམ་ནས་གསལ་ཐག་ཆོད་པར་སྨྲ་བ་ཡོད་དགོས་ཀྱི། ཡོད་དམ་མེད། ཡིན་ནམ་མིན་ལྟ་བུའི་དྲི་བ་རྡོག་རྡོག་གཅིག་ལ་ལན་འདོན་པའི་ཚེ་རྐང་པ་ཉིས་འཛུགས་སུམ་འཛུགས་མང་པོ་མ་བྱས་པར་གླེང་རྒྱུ་མེད་པའི་རིགས་ལ་ཐུགས་མོས་ཆེན་པོ་མི་གནང་པ་ཡིན། ད་ལན་ཡང་མུ་ར་ཀུན་བཟང་ཟེར་བ་ཁོས་བྲིས་པའི་དབུ་ཞབས་རྫོགས་པ་ན། ཉིས་འགྲོས་སུམ་འགྲོས་ཀྱིས་འཁྱར་མ་འཁྱོར་གྱི་དགག་ཡིག་༼གསལ་འདེབས་ལུང་རིགས་གློག་སྒྲོན་༽ཞེས་པ་ཞིག་བྲིས་འདུག་སྟེ། ཁོ་བོའི་ལན་རགས་བསྡུས་ཙམ་ཞིག་གི་ལམ་ནས་གསལ་འདེབས་དེ་ལ་ཡང་འདེབས་ཤིག་ཞུ།
གསལ་འདེབས་ལུང་རིགས་གློག་སྒྲོན་ལས། ཀུན་མཁྱེན་ཀློང་འཇུ་རྣམ་གཉིས་ཟེར་བའི་ཐ་སྙད་དེ་ནི་དེ་སྔོན་སུ་ལའང་མ་གྲགས་པའི་ཐ་སྙད་དམིགས་བསལ་བ་ཞིག་སྟེ། ཀློང་ཞེས་པ་རྒྱལ་དབང་ཀློང་ཆེན་པ་ལ་གོ་དགོས་སོ་ཞེ་ན། དེ་ལྟར་ཡིན་ཡང་། འཇུ་ཞེས་པ་ཀུན་མཁྱེན་མི་ཕམ་པའི་མཚན་ཡིན་སྙམ་པ་ནི་ཐ་སྙད་ལ་འཁྲུལ་བའི་སྐྱོན་དུ་ཟད་དེ། དེ་ནི་ཁོང་གི་རུས་མིང་ཡིན་པ་ལས་རྗེ་གང་གི་མཚན་མ་ཡིན་པ་དང་། ཞེས་སོགས་ལ།
ལན། སྔ་འགྱུར་གྱི་སློབ་དཔོན་ཆེན་པོ་སོ་ཡེ་ཤེས་དབང་ཕྱུག ཟུར་ཤཱཀྱ་འབྱུང་གནས། གནུབས་ཆེན་སངས་རྒྱས་ཡེ་ཤེས་གསུམ་ལ། སོ་ཟུར་གནུབས་གསུམ་ཞེས་རླུང་ལྟར་གྲགས་པ་དེ་གོ་མ་མྱངས་པའམ་ཚིག་སྡུད་ལུགས་སྐྱོན་ཅན་དུ་ཐལ། སོ་ཟུར་གནུབས་ཞེས་པ་གསུམ་པོ་རིགས་རུས་ཀྱི་མིང་ལས་བཏུས་པ་ཡིན་པ་ལས་མཚན་དངོས་མ་ཐོན་པས་སོ། །གཞན་ཡང་། རོང་ཟོམ་ཆོས་བཟང་དང་རྒྱལ་བ་ཀློང་ཆེན་པ་གཉིས་ལ་ཉི་མ་དེ་རིང་ནས་བཟུང་རོང་ཀློང་ཞེེས་བསྡུད་མི་རིགས་པར་ཐལ། རོང་ཟོམ་ཞེས་པ་རིགས་རུས་ལས་ཐོགས་པ་ཡིན་གྱི་མཚན་དངོས་ཆོས་བཟང་ཞེས་པ་མ་གཏོགས་མེད་པས་སོ། །སྟག་ཚང་ལོ་ཙཱ་བ་ཤེེས་རབ་རིན་ཆེན་དང་། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གསུམ་ལ་ས་སྐྱའི་མཁས་པ་གོ་ཤཱཀ་སྟག་གསུམ་དུ་བརྗོད་མི་རིགས་པར་ཐལ། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ཞེེས་པའི་གོ་བོ་ཡང་རིགས་རུས་ཀྱི་མིང་ཡིན་ལ། སྟག་ཚང་ལོ་ཙཱ་བ་ཤེེས་རབ་རིན་ཆེན་ཞེས་པའི་སྟག་ཚང་ཡང་རིགས་རུས་ཀྱི་མིང་ཁོ་ན་ཡིན་པས་སོ། །བུ་སྟོན་རིན་ཆེན་གྲུབ་དང་། དོལ་པོ་པ་ཤེས་རབ་རྒྱལ་མཚན་གཉིས་ལ་མཁས་པ་བུ་དོལ་གཉིས་ཞེས་ཀྱང་མི་འོས་པར་ཐལ། དོལ་པོ་ཞེས་པ་ས་མིང་ཡིན་གྱི། ཇོ་ནང་ཀུན་མཁྱེན་གྱི་མཚན་དངོས་ཀྱི་ཟུར་གྲས་པ་མ་ཡིན་པའི་ཕྱིར། གཞན་ཡང་། མཁས་པ་གཡག་རོང་གཉིས་ཞེས་པ་དང་། སྨར་ཤཱཀྱ་མུ་ནེ། གཡོ་དགེ་བའི་འབྱུང་གནས། གཙང་པ་རབ་གསལ་གསུམ་ལ་སྨར་གཡོ་གཙང་གསུམ་དུ་འབོད་མི་རིགས་པར་ཐལ་ལོ། །ད་དུང་མར་མི་དྭགས་གསུམ། ཁུ་རྔོག་འབྲོམ་གསུམ་ཞེས་པ་ཐམས་ཅད་མི་འཐད་པར་ཁས་ལོངས་ཤིག་ལགས། ལྟ་གྲུབ་ཀྱི་དཀྱུས་མ་གླེང་གོང་ནས་རང་གི་མི་ཤེས་པའི་དེ་ཉིད་གསལ་བར་བསྟན་ཟིན་པས། ལན་འདོན་དགོས་ཀྱི་རིན་ཐང་སྤུ་ཉག་ཙམ་ཡང་མ་རིག་མོད། སྙིགས་མའི་རང་མཚང་རྟོགས་པའི་ཕྱིར་མདོར་བསྡུས་པ་ཙམ་ཞིག་བརྗོད་པར་བྱའོ། །
གསལ་འདེབས་ལུང་རིགས་གློག་སྒྲོན་ལས། གཅིག་འཇམ་མགོན་མི་ཕམ་པའི་ལྟ་གྲུབ་ཀྱི་རྣམ་གཞག་སྤྱིར་བསྟན་པ། གཉིས་དགེ་བཤེས་ཁོང་གི་ལྟ་ཚུལ་དག་ལ་སོ་སོར་དཔྱད་པ། གསུམ་ཁོང་གིས་དྲངས་པའི་ལུང་དག་གི་དོན་མདོར་བསྡུས་ཏེ་བསྟན་པའོ། །ཞེས་ས་བཅད་གསུམ་ལས།
ས་ཁོངས་དང་པོ་དང་གསུམ་པ་གཉིས་ཅར་ལ་ཡང་རྨོངས་གཏམ་ཆེ་མ་ཆུང་གསུམ་གྱི་ཕྲེང་བསྒྲིགས་འདུག་མོད། ཁྱེད་རང་གི་ཀུན་རྨོངས་ལ་འཆར་ཡན་ཙམ་བརྗོད་པ་ཡིན་པས། ལོག་རྟོག་མཐའ་མ་བཀག་པ་ཐམས་ཅད་ལ་དགག་བཞག་གི་ངལ་བ་ཤེས་ལྡན་སུ་ཞིག་གིས་སྤྲོ། དེས་ན་ས་བཅད་གཉིས་པ། དགེ་བཤེས་ཁོང་གི་ལྟ་ཚུལ་དག་ལ་སོ་སོར་དཔྱད་པ། ཞེས་པ་དེ་ལ་འཁྲུལ་བ་ངོ་སྤྲོད་ཀྱི་གདམས་ངག་ཅུང་ཟད་ཅིག་སྦྱིན་པར་བགྱིའོ། །
དང་པོ། ཀུན་མཁྱེན་ཀློང་འཇུ་རྣམ་གཉིས་ཀྱི་བཞེད་མཚམས་ལས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་མི་ཕམ་ཕྱོགས་ལས་རྣམ་རྒྱལ་གཉིས་ཀྱིས་མཐའ་གཅིག་ཏུ་ཀུན་རྫོབ་མེད་པར་མི་བཞེད་དེ། དབུ་མ་ལ་འཇུག་པའི་འགྲེལ་བ་ཟླ་བའི་ཞལ་ལུང་དྲི་མེད་ཤེལ་ཕྲེང་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་པ་ལྟར། རང་བཞིན་མེད་པ་ལ་བརྟེན་ནས། རྒྱུ་འབྲས་བྱ་བྱེད་ཐམས་ཅད་ཆེས་འཐད་པ་ལ་ངེས་ཤེས་སྐྱེས་ནས། ཐབས་ཕྱོགས་ལ་དགའ་བ་དང་སྤྲོ་བ་གོང་ནས་གོང་དུ་འཕེལ་ན་ཡང་དག་པའི་ལྟ་བ་རྙེད་པ་ཡིན་གྱི། དེ་ལྟ་མིན་ན་སྟོང་ཉིད་ཀྱི་སྣོད་དུ་མི་རུང་བས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུངས་བར་འགྱུར། །ཞེས་པ་དེ་བྱུང་བ་ཡིན་ནོ། །དེས་ན་སྟོང་ཉིད་ལ་ཇི་ཙམ་གོ་བ་རྙེད་པ་དེ་ཙམ་ལས་འབྲས་ལ་ངེས་པ་རྙེད་པས། ཞེས་གསུངས་ལ། ཞེས་པ་ལ།
གསལ་འདེབས་ལུང་རིགས་གློག་སྒྲོན་ལས། མཐའ་གཅིག་ཏུ་ཀུན་རྫོབ་མེད་པར་མི་བཞེད་དེ་ཞེས་སོགས་ཟེར། འདི་ནི་ཁྱེད་ཀྱིས་དོགས་པ་གང་ཞིག་གཅོད་བྱེད་དུ་སྨྲས་པ་ཡིན། ཞེས་པ་ནས། དེ་ལྟར་དཔྱད་ན་ཁྱེད་ཀྱིས་ཀུན་རྫོབ་མཐའ་གཅིག་ཏུ་མེད་པར་ཁས་མི་ལེན་ཞེས་པ་འདི་ཚད་མ་གང་ལ་ལྟོས་ནས་གསུངས་པ་ཡིན་སླར་ཡང་ཐུགས་བསམ་བཞེས་རོགས། ཞེས་སོ། །
ལན། ཁྱེད་རིགས་ལམ་མི་ཤེས་ཟེར་བ་འདི་འདྲ་ལ་ཟེར་བ་རེད། ཀུན་རྫོབ་མཐའ་གཅིག་ཏུ་མེད་པ་མ་ཡིན་ཞེས་གསུངས་འོང་པ་ན། ཁྱོད་ཀུན་རྫོབ་ལ་ཟེར་རམ་དོན་དམ་ལ་ཟེར་ཞེས་མཐའ་གཅིག་ཏུ་གོ་བ་ལེན་མི་ཤེས་པ་ལ་ལྟོས་དང་། འོ་ན་ཁྱེད་ལ་བུམ་པ་ཡོད་དམ་དྲི་བ་ན། དོན་དམ་ལ་ཟེར་རམ་ཀུན་རྫོབ་ལ་ཟེར། ཀུན་རྫོབ་ལ་ཟེར་ན་བུམ་པ་ཡོད་པའི་ས་ཕྱོགས་ལ་ཟེར་རམ་བུམ་པའི་དགག་གཞི་ལ་ཟེར་ཞེས་སོགས་མ་དྲིས་པར་ལན་འདེབས་པ་དང་དོན་གོ་བའི་ནུས་པ་མེད་པར་དོན་གྱིས་ཁས་བླངས་པ་ཡིན་ནོ། ། དེ་ལྟ་ན། སྒྲ་རྟག་གམ་མི་རྟག་དང་། དལ་འབྱོར་རྙེད་དཀའམ་མི་དཀའ། སངས་རྒྱས་མཇལ་བ་དཀོན་ནམ་མི་དཀོན། ཚུལ་ཁྲིམས་སྲུང་བར་ཕན་ཡོན་ཆེའམ་མི་ཆེ་ཐམས་ཅད་ལ་ལན་ཐད་ཀར་འདོན་རྒྱུ་གཞི་ནས་མེད་སོང་བ་རེད་དམ། ཁོ་བོ་ཅག་གིས་བུམ་པ་ཡོད་ཟེར་བ་དེ་ཀུན་རྫོབ་ཀྱི་དབང་དུ་བྱས་པ་དང་། དོན་དམ་གྱི་དབང་དུ་བྱས་པ་གང་ཡང་མ་ཡིན་གྱི། བདེན་གཉིས་སྤྱིར་བཏང་གི་དབང་དུ་བསམ་ནས་ལན་འདོན་པ་ཡིན་ནོ། ། ཀུན་རྫོབ་ཁོ་ནའི་དབང་དུ་བྱས་པ་དང་། དོན་དམ་ཁོ་ནའི་དབང་དུ་བཏང་པ་དང་། བདེན་གཉིས་ཐུན་མོང་གི་ཁས་ལེན་གསུམ་ཡོད་པ་ལས། དོན་དམ་ཀུན་རྫོབ་ཀྱི་ཁྱད་པར་མ་སྦྱར་བར་སྤྱིར་བུམ་པ་ཡོད་དམ་ཟེར་བ་ན་བདེན་གཉིས་ཕྱོགས་སུ་མ་ལྷུང་བའི་ཁས་ལེན་དེ་བྱ་དགོས་པ་ཙམ་ནི་ཧ་གོ་འོས་པ་ཞིག་འདྲ་བ་ལ། འདི་ཙམ་ཡང་མི་ཤེས་ན་ཁྱེད་རིགས་པ་སྨྲ་བ་ཟེར་ན་རི་མོར་བྲིས་པའི་སྟག་དང་འདྲ་བ་མ་རེད་དམ། ད་དུང་ཁྱེད་ཀྱིས་དབུ་མ་ངེས་སྒྲོན་ལས། རྟེན་འབྱུང་གྲུབ་མཐའི་རྣམ་བཞག་ཀུན། །ཁས་བླངས་རང་ལུགས་ཡོད་བཞིན་དུ། །ཐ་སྙད་ཐམས་ཅད་གཞན་ངོ་ལ། །སྐྱེལ་བ་ཚིག་དོན་གཉིས་ཀར་འགལ། །ཞེས་སོགས་ཀྱི་ལུང་འདྲེན་རྣམས་རང་མགོ་རྡུང་གི་ཐོ་བར་མ་སོང་ངམ།
གཉིས་པ། ཀུན་མཁྱེན་ཀློང་འཇུ་རྣམ་གཉིས་ཀྱི་བཞེད་མཚམས་ལས། སྟོང་བ་ཉིད་སྟོན་པའི་སྐབས་སུ་གཟུགས་སོགས་བཀག་པ་མེད་དགག་ཡིན་པ་ལས་སྤྱིར་གཟུགས་སོགས་དགག་པར་མ་གསུངས་ཏེ། ཤེར་འགྲེལ་ཀེ་ཏ་ཀ་ལས། འདིར་སྟོང་པ་ཉིད་སྟོན་པའི་སྐབས་སུ་གཟུགས་ལ་སོགས་པ་དགག་པ་ནི་མེད་དགག་ཁོ་ན་ཡིན་ཏེ། མ་ཡིན་པར་བཀག་ཀྱང་མཐར་གཏུགས་ན་དངོས་པོར་ཞེན་པས་སྟོང་ཉིད་ཀྱི་དོན་དུ་མི་རུང་བས་མེད་པར་དགག་པ་ཡིན་བཞིན་དུ། རྟེན་འབྱུང་བསླུ་མེད་དུ་སྣང་བས་སྣང་སྟོང་ཟུང་དུ་འཇུག་པས་ན་དགག་སྒྲུབ་ཀྱི་འཛིན་སྟངས་ཞིག་པ་ཞིག་དགོས་ཏེ། ཇི་སྐད་དུ། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་རྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་དང་། རིམ་ལྔ་ལས། སྣང་བ་དང་ནི་སྟོང་པ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་པ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་པ་ལ།
གསལ་འདེབས་ལུང་རིགས་གློག་སྒྲོན་ལས། ལྟ་བ་གཏན་ལ་འབེབས་པའི་སྐབས་སུ་རིགས་པས་གཟུགས་སོགས་བདེན་གྲུབ་བཀག་ནས་བདེན་མེད་ཡོངས་གཅོད་དུ་བསྒྲུབ་པ་ལྟ་བུ་མ་ཡིན་པར། གཟུགས་སོགས་སྣང་བ་ཀུན་རྫོབ་ཀྱི་ཆོས་མཐའ་དག་བཀག་ནས་བཤད་པ་ཡིན་པས། ཆོས་ཅན་གྱི་སྣང་བ་གཞན་ལྟ་ཅི། བདེན་སྟོང་ཙམ་པོ་ཡང་ཁས་མི་ལེན་པའི་ཆ་ནས་མེད་དགག་ཡིན་པར་བསྟན་པའི་གནད་ལ་སོམས་དང་། ཞེས་མེད་དགག་ཏུ་ཁས་བླངས་ཏེ། ཐིག་ཕྲེང་ཁ་ཤས་ནས་ཡང་། མེད་དགག་དང་མ་ཡིན་གང་ཡང་མ་ཡིན་པའི་གནད་མཁྱེན་པར་འཚལ་ལོ་ཟེར་རོ། །
ལན། དེ་ལ་ཁོ་བོས་ཁྱེད་ལ་རང་ཚིག་འགལ་བ་མཁྱེན་པར་འཚལ་ལོ་ཞུའོ། །
གསལ་འདེབས་ལུང་རིགས་གློག་སྒྲོན་ལས། གཟུགས་སོགས་བཀག་པ་མེད་དགག་ཡིན་པར་གསུངས་པས་ནི། གཟུགས་སྣང་ཙམ་པོའང་འགོག་པར་ཤིན་ཏུ་གསལ་ཏེ། དགག་བྱ་བདེན་གྲུབ་བཀག་པའི་ཤུལ་དུ་གཟུགས་སྣང་ཙམ་པོའང་མི་འཕེན་པའི་དོན་ཡིན་པས་སོ། །ཁྱེད་ལྟར་ན། དགག་བྱ་གཟུགས་བདེན་གྲུབ་བཀག་པའི་ཤུལ་ཏུ་བདེན་མེད་ཀྱི་གཟུགས་ཙམ་པོ་འཕེན་ཏེ།གཟུགས་བཀག་པ་མེད་དགག་ཡིན་པའི་ཕྱིར། ཞེས་སྨྲ་དགོས་ན་དེ་ནི་འགལ་རྟགས་དངོས་མ་ཡིན་ནམ། ཞེས་སོ། །
ལན། གཟུགས་སོགས་སྤྱིར་ཁས་བླངས་པས་གཟུགས་བཀག་པ་མེད་དགག་མ་ཡིན་པར་བཀག་ཤུལ་དུ་བདེན་མེད་ཀྱི་གཟུགས་འཕེན་དགོས་པའི་རིགས་ལམ་དེ་ཁྱེད་ལ་སུ་ཞིག་གིས་སློབ་པ་ཡིན། འོ་ན་ཐ་སྙད་ཀྱི་དབང་དུ་བྱས་ཏེ་བུམ་པས་སྟོང་པ་མེད་དགག་མ་ཡིན་པར་ཐལ། བུམ་པ་ཁས་ལེན་པས་སོ། ། མ་ཡིན་དགག་དང་མེད་དགག་གིས་བཀག་ཤུལ་དུ་འཕེན་མི་འཕེན་ཟེར་བ་དེ་དེ་འཛིན་རྟོག་ངོ་ལ་འཕེན་མི་འཕེན་ཡིན་གྱི། མེད་དགག་ཡིན་ན་དགག་བྱ་དེ་ཤེས་བྱ་ལ་མི་སྲིད་དགོས་པ་དང་། དགག་བྱ་དེ་ཤེས་བྱ་ལ་སྲིད་པའི་དགག་པ་ཡིན་ན་མ་ཡིན་དགག་ཏུ་འགྱུར་བའི་བློ་ངན་རགས་པ་དེ་འདྲ་ཁོ་བོ་ཅག་གི་རྨི་ལམ་ན་ཡང་ཡོད་པ་མ་ཡིན་ནོ། ། ད་དུང་། གཟུགས་སོགས་བཀག་པ་མེད་དགག་ཡིན་པར་གསུངས་པས་ནི། གཟུགས་སྣང་ཙམ་པོའང་འགོག་པར་ཤིན་ཏུ་གསལ་ཏེ། ཞེས་སོགས་རིགས་པ་མི་ཤེས་པའི་རྣམ་འགྱུར་ཁོ་ནར་སོང་བས་མང་དུ་སྨྲས་ཀྱང་དགོས་པ་ཆུང་།
གསལ་འདེབས་ལུང་རིགས་གློག་སྒྲོན་ལས། གཟུགས་སོགས་བཀག་པ་མེད་དགག་ཏུ་བཤད་པས་གཟུགས་ཙམ་མི་འགོག་པ་ཇི་ལྟར་གོ། ཞེས་ཏེ།
ལན། དེ་ནི་སུ་ཞིག་གིས་ཀྱང་སྨྲས་མི་འདུག་གོ །འོ་ན་ཇི་ལྟར་གསུངས་འདུག་ཅེ་ན། གཟུགས་སོགས་བདེན་གྲུབ་བཀག་པའི་མེད་དགག་དེ་དང་སྣང་བ་གཟུགས་སོགས་ཟུང་འཇུག་ཏུ་གསུངས་པས་སྒྲུབ་འདུག་ལགས་ཞུས་པ་ཡིན། གཟུགས་དེ་ཉིད་སྣང་སྟོང་ཟུང་འཇུག་ཏུ་གསུངས་པས་སྣང་བ་གཟུགས་གཏན་མེད་མ་ཡིན་པར་གོ་སྟེ། རི་བོང་རྭ་སྣང་སྟོང་ཟུང་འཇུག་ཏུ་སྐབས་གང་ལ་ཡང་ཁས་ལེན་མི་ཐུབ་པའི་གནད་ལ་སོམ་དང་།
ཀུན་མཁྱེན་ཀློང་འཇུ་རྣམ་གཉིས་ཀྱི་བཞེད་མཚམས་ལས། ཐ་སྙད་ཚད་གྲུབ་མི་བཞེད་པའི་ཕྱོགས་ལ་སྐྱོན་ཡོད་པར་གསུངས་ཏེ། གཞན་གྱིས་བརྩད་པའི་ལན་མདོར་བསྡུས་པ་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་ལས། འོ་ན་ཐལ་འགྱུར་པའི་ལུགས་ལ་ཐ་སྙད་ཚད་གྲུབ་གཏན་མེད་པར་ཞལ་གྱིས་བཞེས་སམ་ཞེ་ན་འདི་ལ་སྔ་རབས་པ་ཕལ་མོ་ཆེས་མགྲིན་གཅིག་ཏུ་བཞེས་སོ། །ཞེས་གསུངས་ནས། ཐལ་འགྱུར་པའི་ལུགས་ལ་ཐ་སྙད་ཚད་གྲུབ་འདོད་པ་ཤིན་ཏུ་མི་རིགས་ཞེས་དགག་པ་མཛད་ཅིང་། ཕྱིས་ཀྱི་ཐལ་འགྱུར་པའི་མཁས་པ་དག་གིས་ཐ་སྙད་ཚད་གྲུབ་འབའ་ཞིག་ཏུ་བཞེད་མོད། ༈ རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱི་ཞལ་སྔ་ནས། སྔར་གྱི་མཁས་པ་དག་ཐལ་འགྱུར་པ་ལ་མཐའ་གཅིག་ཏུ་ཁས་ལེན་མེད་པ་དང་ཡོད་པའི་ཕྱོགས་རེ་རེ་འཛིན་པ་མཐོང་ཡང་། མཐའ་གཅིག་ཏུ་གང་རུང་རེར་བཟུང་ན་སྐྱོན་ཡོད་པས། གནས་ལུགས་དཔྱོད་པའི་དབང་དུ་བྱས་ན་སྤྲོས་བྲལ་ཁས་ལེན་མེད་པ་ཡིན་ཀྱང་། རྗེས་ཐོབ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཡིན་མིན་ཡོད་མེད་སོགས་ཐ་སྙད་དཔྱོད་པ་ན་ཁས་ལེན་ཡོད་དེ། དེ་ལྟར་ཤན་ཕྱེད་དགོས་ཤིང་ཕྱིན་ཆད་ཚུལ་འདི་འཆད་ཤེས་པ་བྱུང་ན་ཁོ་བོའི་ལེགས་བཤད་འདིའི་མཐུར་བལྟ་བར་བྱའོ་ཞེས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཆེན་པདྨ་དཀར་པོར་གསུངས་པ་ལྟར། གནས་ལུགས་ལ་དཔྱད་པས་མ་བརྟགས་མ་དཔྱད་པར་འཇིག་རྟེན་ཐ་སྙད་དུ་ཇི་ལྟར་སྣང་བ་ཙམ་གྱི་དབང་དུ་བྱས་ན། ཆོས་གང་ཞིག་ཡོད་པ་མེད་པ། སྤང་བྱ་བླང་བྱ། རྒྱུ་དང་འབྲས་བུ། ཀུན་ཉོན་དང་རྣམ་བྱང་སོགས་ཐ་སྙད་ཇི་སྙེད་པའི་ཆོས་རྣམས་ལ་དེ་དང་དེར་ངེས་པར་བྱེད་པའི་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་གྲུབ་པ་དང་མ་གྲུབ་པའི་ཁྱད་པར་ཡོད་པ་ཙམ་ཁས་བླངས་ཀྱང་དེས་ཐལ་འགྱུར་པའི་ལུགས་ཉམས་པ་མེད་པར་མ་ཟད་ཆེས་མཛེས་པར་འགྱུར་གྱི། ཞེས་གསུངས་པའི་ཕྱིར་རོ། །ཞེས་པ་ལ།
གསལ་འདེབས་ལུང་རིགས་གློག་སྒྲོན་ལས། ཐ་སྙད་ཚད་གྲུབ་མི་བཞེད་པའི་ཕྱོགས་ལ་སྐྱོན་ཡོད་པར་གསུངས་པ་དང་། ཐ་སྙད་ཀྱི་སྣང་བ་ཚད་མས་གྲུབ་པར་བཤད་པ་སོགས་ཀྱི་དགོངས་དོན་གང་ཡིན་ལེགས་པོར་དཔྱད་དགོས་པ་ལས། ཞེས་སོགས་སོ། །
ལན། ཐ་སྙད་ཚད་གྲུབ་བཞེད་པའི་ཚིག་གསལ་བོ་ཡོད་ཀྱང་སྐྱོགས་ནས་འཆད་ཀྱིན་པར་རང་ཉིད་ཀྱིས་ཁས་བླངས་སོང་བས། དྲང་པོའི་རང་བཞིན་ཅན་མ་ཡིན་པ་བསྟན་བཅོས་བསྟན་པའི་སྣོད་དུ་མི་རུང་བར་དབུ་མ་བཞི་བརྒྱ་པར་གསུངས་པས་བྱ་ཐབས་བྲལ་བའི་གནས་སུ་ལྷགས།
གསལ་འདེབས་ལུང་རིགས་གློག་སྒྲོན་ལས། དེ་ལྟར་ཐ་སྙད་དུ་སྣང་བ་འདི་དག་ཐ་སྙད་ཚད་མས་གྲུབ་པར་བཤད་པས་ཁྱེད་ཀྱི་ཞེ་འདོད་ལ་ཅི་ཡང་མི་ཕན་ཏེ། ཁྱེད་ཀྱིས་ནི་ལྟ་བ་གཏན་ལ་འབེབས་པའི་སྐབས་སུའང་ཐ་སྙད་ཚད་གྲུབ་ཀྱི་རྣམ་གཞག་ཁས་ལེན་པའི་ཕྱིར་རོ། །ཞེས་སོགས་སོ། །
ལན། དོན་དམ་གཏན་ལ་དབབ་པ་ན་ཡང་ཀུན་རྫོབ་ཡོད་པར་འདོད་ཟེར་བ་ནི་ཧ་ཅང་བསྙོན་འདིང་བ་ཁོ་ན་སྟེ། དགེ་བཤེས་ཁོང་གིས་གསུང་འབུམ་པོད་ཉི་ཤུ་ལ་ཉེ་བ་ཞིག་བརྩམས་གྲུབ་ཡོད་ཅིང་། ད་སྔོན་མདོ་སྔགས་ཀྱི་བཤད་པ་གྲངས་ལས་འདས་པ་ཞིག་བསྩལ་ཡོད་མོད། དོན་དམ་གཏན་ལ་དབབ་པ་ན་ཀུན་རྫོབ་ཡོད་གང་ན་ཇི་ལྟར་གསུངས་འདུག་སྟོན་གནང་རོགས་ཞུ། ཁོང་གིས་ཐ་སྙད་དུ་ཡོད་པས་ཡོད་གོ་མ་ཆོད་ན་ལས་འབྲས་སོགས་གཞི་ལམ་འབྲས་གསུམ་གྱི་བཤད་པ་ཆ་ཚང་ཉམས་པའི་ཉེས་པ་ཡོད་པར་ནམ་ཞར་ཞར་དུ་གསུངས་ཀྱི། ཡོད་ན་དོན་དམ་གཏན་ལ་དབབ་པའི་སྐབས་སུ་ཡོད་དགོས་པ་གཏན་ནས་མི་བཞེད་དེ། དགེ་བཤེས་ཁོང་གི་གྲུབ་མཐའ་དང་། ཤེར་འགྲེལ། དབུ་མའི་བསྟན་བཅོས། གསང་སྔགས་ཀྱི་གཞུང་དག་ལ་ཁོམ་ལོངས་བྱུང་ན་སྤྱན་རས་ཅུང་གཡོ་བར་ཞུ། མིན་ན་རིགས་པ་སྨྲ་བའི་ཁྲོད་དུ་རྫུན་གྱི་བཤད་པ་དེ་ལྟ་བུ་མི་མཛེས་ཏེ། ཤེས་བཞིན་གྱི་རྫུན་ནི་དགེ་སློང་ལ་སྡིག་ལྟུང་གཉིས་ཅར་འབྱུང་བ་ཡིན་པས་བག་ཡོད་པར་འཚལ་ཞུ་ལགས།
ཀུན་མཁྱེན་ཀླ྄ོང་འཇུ་རྣམ་གཉིས་ཀྱི་བཞེད་མཚམས་ལས། ཀུན་རྫོབ་དོན་དཔྱོད་རིགས་པས་དགག་བྱ་མ་ཡིན་པ་ཡང་། ལམ་གྱི་དགག་བྱ་ཡིན་ལ། རིགས་པའི་དགག་བྱ་མ་ཡིན་ལ་ལམ་གྱི་དགག་བྱ་ཡིན་པ་བདག་འཛིན་གཉིས་སོགས་ཡིན་ཏེ། གཞུང་སྤྱིའི་དཀའ་འགྲེལ་ལས། ཡང་། རིགས་པས་དགག་བྱ་བདག་གཉིས་ལམ་གྱིས་དགག་བྱ་བདག་འཛིན་གཉིས་དང་། དེ་ལས་བྱུང་བའི་སྒྲིབ་གཉིས་སོ། །དེ་ལ་གང་ཟག་གི་བདག་རིགས་པའི་དགག་བྱ་ཡིན་ཏེ། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་སོགས་དང་། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ལྟ་ལས། །ཞེས་སོགས་གསུངས་པ་བཞིན་ནོ། །དེ་ཁེགས་པས་བདག་འཛིན་ཁེགས། བདག་འཛིན་ཁེགས་པས་དེ་ལས་བྱུང་བའི་ཉོན་མོངས་ཐམས་ཅད་ཁེགས། ཉོན་མོངས་ཁེགས་པས་ཟག་བཅས་ཀྱི་ལས་ཁེགས། རྒྱུ་ལས་ཉོན་ཁེགས་པས་འབྲས་བུ་སྡུག་བསྔལ་གྱི་ཕུང་པོ་འགགས་པ་ཡིན་ནོ། །ཐེག་ཆེན་གྱིས་བདག་གཉིས་རིགས་པས་ཁེགས་ལ། དེ་ཁེགས་པས་ཡུལ་ཅན་གཉིས་ཁེགས། དེ་ཁེགས་པས་སྒྲིབ་གཉིས་ཁེགས་ཏེ་མ་རིག་བག་ཆགས་ཀྱི་སའི་བར་དུ་འགགས་ནས་ཡེ་ཤེས་ཀྱི་སྐུ་འགྲུབ་བོ། །མུ་བཞི་ནི་དོན་དཔྱོད་ཀྱི་རིགས་པའི་དགག་བྱ་ཡིན་ལ་ལམ་གྱི་དགག་བྱ་མིན་པ་མེད་དེ་ལྟ་སྒོམ་ཀུན་གྱིས་སོ། །ཐ་སྙད་དཔྱོད་པས་ཡོད་པ་ཁེགས་པ་རི་བོང་རྭ་ལྟ་བུ་ རིགས་པའི་དགག་བྱ་ཡིན་ཀྱང་ལམ་གྱི་མིན་ནོ། །ལམ་གྱི་དགག་བྱ་བདག་འཛིན་གཉིས་དང་དེ་ལས་བྱུང་བ་རྣམས། གཉིས་ཀའི་དགག་བྱ་བདག་གཉིས་ལྟ་བུ། གཉིས་ཀའི་དགག་བྱ་མིན་པ་གནས་ལུགས་ཆོས་ཉིད་དམ་བདག་མེད་རྟོགས་མཁྱེན་ལྟ་བུའོ། །ཞེས་པ་ལ།
གསལ་འདེབས་གློག་སྒྲོན་ལས། ཡང་ཁོ་ན་རེ། ཀུན་རྫོབ་དོན་དཔྱོད་རིགས་པའི་དགག་བྱ་མ་ཡིན་པ་ཡང་། ཞེས་སོགས་ཟེར། འདི་ནི་དེ་ལས་ཀྱང་སྔ་འགྱུར་བའི་ཡིག་ཆ་ལ་རྒྱུས་མངའ་མེད་པའི་གཏམ་དུ་ཟད་དེ། ཞེས་སོགས་སོ།།
ལན། ཁྱེད་ཀྱིས་མི་ཕམ་པའི་གཞུང་སྤྱིའི་དཀའ་འགྲེལ་གྱི་ལུང་ལ་ནི་དགོངས་པ་འདི་ཡིན་གྱི་སྐྱོགས་བཤད་ཅིག་ཀྱང་ཐེབ་མི་འདུག་ལ། ཚངས་པའི་བརྟུལ་བཞུགས་བཟུང་ནས་གཏམ་གཞན་དུ་བྲིད་པའི་ཚིག་འབའ་ཞིག་སྨྲས་ཏེ་གནད་ལས་བཤོལ་ཐབས་ལ་འབད་པ་འདི་ཡང་དྲང་སྲོང་གི་ཚུལ་ལས་རིང་དུ་འདས་པའི་གཏམ་ཡིན་ལ། ཁྱེད་རང་གི་ཆོས་བརྒྱུད་ཀྱི་ཡིག་ཆར་རྒྱུས་མངའ་དང་གོ་སྟོབས་དེ་ཙམ་ཞན་པར་གོ་ན་མཁས་པ་དག་ཡི་ཆད་སྐྱེ་ངེས་འདྲ།
གསལ་འདེབས་གློག་སྒྲོན་ལས། ཐ་སྙད་དུའང་གཏན་ནས་ཡོད་མ་མྱོང་བའི་བདེན་གྲུབ་ཅིག་ཡན་གར་དུ་བཀག་པ་ཙམ་གྱིས་སྟོང་ཉིད་མཐར་ཐུག་པ་རྟོགས་མི་ནུས་པའི་ཚུལ་སོགས་རྒྱ་ཆེར་བསྒྲུབས་ཡོད་པས་གནད་དེ་དག་ཤེས་པ་ཅི་བས་ཀྱང་གལ་ཆེའོ། །ཞེས་པ་ནས། མདོར་ན་ཀུན་རྫོབ་ཀྱི་སྣང་བ་འདི་དག་མ་བཀག་པར། བདེན་གཉིས་སོ་སོར་ཞེན་པའི་ཆ་དེ་འགོག་ཚུལ་གཏན་ནས་མེད་ལ། དེ་མ་བཀག་ན་བདེན་གཉིས་སོ་སོར་ཞེན་པའི་ཆ་དེའང་བཀག་པའི་སྒོ་ནས་ཐལ་རང་དགོངས་པ་དབྱེར་མེད་དུ་འགྲོ་ཚུལ་གཏན་ནས་མེད་པས། ཞེས་པ་ལ།
ལན། ང་ཚོ་འཁོར་བར་འཁྱམས་པ་དེ་ཐ་སྙད་དུ་ཡོད་པ་ཞིག་ཡོད་པར་བཟུང་བས་མ་ཡིན་གྱི། ཐ་སྙད་དུ་ཡང་མེད་པའི་བདག་རྣམ་པ་གཉིས་ཡོད་པར་འཛིན་པའི་དབང་གིས་འཁོར་བར་འཁྱམས་པ་རེད་ལགས་ཞུ། བདེན་གཉིས་སོ་སོར་ཞེན་པའི་ཆ་སྤང་བྱར་གསུངས་པས། བདེན་གཉིས་སོ་སོར་འཛིན་པའི་བློའི་འཛིན་སྟངས་ཀྱི་ཡུལ་མེད་པ་དང་རིགས་པའི་དགག་བྱ་ཡིན་དགོས་ན། སངས་རྒྱས་སའི་སོར་རྟོག་ཡེ་ཤེས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་མ་འདྲེས་པར་མཁྱེན་པ་མེད་པར་ཐལ་བ་དང་། སངས་རྒྱས་ལ་ཇི་ལྟ་ཇི་སྙེད་ཀྱི་ཆོས་གཉིས་མཁྱེན་པའི་ཡེ་ཤེས་མེད་པར་ཐལ་བ་དང་། སངས་རྒྱས་ཀྱིས་མཚན་ཉིད་གསུམ་དང་བདེན་པ་བཞི་འབྱེད་མི་ཤེས་པར་ཐལ། བདེན་པ་གཉིས་དང་བདེན་པ་བཞི་མཚན་ཉིད་གསུམ་སོགས་སུ་དབྱེ་བ་ཚང་མ་དགག་བྱ་དང་། དེ་ལྟར་འཛིན་པའི་བློ་ཐམས་ཅད་མཐར་ཐུག་ལྟ་བ་རྟོགས་པ་ན་ཞི་འགྲོ་བ་ཡིན་པས་སོ། །རྟགས་ཁྱོད་ཀྱི་ཁས་བླངས་ལ་སོང་། ཀ་མ་ལ་ཤི་ལས་རྒྱའི་ཧ་ཤང་ལ་སངས་རྒྱས་སར་རྟོག་ཡེ་ཤེས་མེད་པར་ཐལ་བ་འཕངས་པ་སོགས་དེ་རིང་ཁྱེད་ཀྱི་ལོག་རྟོག་གསོད་པའི་ལག་ཆར་གྱུར་འདུག་ཀྱང་། མང་དུ་སྨྲ་རིན་མི་འདུག་པས་ཁྱེད་ཐུགས་ཁོམ་བྱུང་ན་རང་ཉིད་རང་གི་མགོན་དུ་གྱིས་ལ་རིགས་པ་དྲི་མ་མེད་པ་ཞིག་སློབ་པའི་ཞུ་མཆིད་སྤྲིངས་པ་ཡིན་པས། ཤ་ཚ་བའི་ཚིག་ལ་ལོག་གོ་མི་མཛད་པའི་ནན་བཤད་ཅིག་ཀྱང་ཞུ་རྒྱུ་ལགས། ཁྱེད་ཀྱི་ཕྲན་ལ་ཛཾ་ཐང་ནས་ཀུན་གཞིའི་བསྐོར་ནས་རྟགས་གསལ་ཆབ་བེ་ཆོབ་བེ་ཞིག་བཏང་བ་དེ་ཡིད་ལ་དྲན་ན་རིགས་ལམ་གོ་བའི་རེ་བ་ཞེ་ཐག་པ་ནས་བྲལ་ཡང་། སྐད་མགོ་མཐོ་བ་ཁོ་ན་སྤོབས་པ་དང་རིགས་ལམ་དུ་རློམས་ནས་གང་སར་ཁ་ལག་ཐོན་ཐོན་པ་ཞིག་དུ་འདུག་པ་དང་། ངེད་གཉིས་ཀྱང་འདྲིས་ཧ་ཅང་ཆེ་བ་ཞིག་མིན་ཡང་། རྩོད་པའི་ཞར་གྱི་ཀྱལ་ག་ཙམ་ཁོག་ཏུ་ཤོངས་བའི་ཡིད་ཆེས་ཡོད་པས། ཀློག་པ་པོ་དག་ལ་ཀློག་སྤྲོ་བའི་ཕྱིར་ཁ་ཤས་བཙུད་པ་ཡིན་པས། ཐུགས་དགོངས་ཡངས་པོར་མཛད་དགོས་ཞེས་མཁས་པ་ལ་དྲན་གསོ་ཞིག་གིས་མཇུག་བསྡུ་བར་བྱའོ། །

ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།