ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ་མཆོག་ནས།
སྤྱིར་ནི་སྒྱུ་མའི་འཇིག་རྟེན་ཐམས་ཅད་དུ། །
བརྩེ་བའི་ཕ་དང་བྱམས་པའི་མ་ཉིད་དུ། །
འགྲོ་བ་ཐམས་ཅད་རེས་མོས་འཁོར་བས་ན། །
བྱམས་བརྩེ་དྲིན་གྱི་བདག་པོ་ཤ་སྟག་ངེས། །
ཕ་ལ་ཕར་ཤེས་མ་ལ་ཤེས་པ། །
འཇིག་རྟེན་ཚུལ་གྱི་ཡ་རབ་རྩ་བ་དང་། །
བྱང་ཆུབ་སེམས་ཀྱི་རྩ་བའང་ཡིན་པས་ན། །
ཉིན་མཚན་ཕ་མའི་བཀའ་དྲིན་བསམ་པར་རིགས། །
སྲིད་པ་བར་དོར་བྱ་སྤུ་རླུང་ཁྱེར་བཞིན། །
གར་འགྲོ་མེད་པར་ལས་ཀྱིས་འཁྱམས་པ་ན། །
ཕ་མའི་ལུས་ཟུངས་བཅུད་ཀྱི་དྭངས་མ་རུ། །
རྣམ་ཤེས་འཁྱམས་པོ་སྡོད་པའི་མལ་གནས་བསྩལ། །
ཟླ་དགུ་ཞག་བཅུར་ལུས་ཀྱི་ཁོག་ཏུ་བཟུང་། །
ལུས་ལ་ན་ཚ་སེམས་ཀྱི་ཟུག་ངུ་སོགས། །
ཉིན་མཚན་འཁོར་མོར་བུ་ཡི་དོན་སྤྱད་ནས། །
འཇིག་རྟེན་དཀར་ངོགས་མཐོང་བའི་ཡུལ་དུ་དྲངས། །
ནུས་མེད་ཤ་དུམ་བྲང་གི་དྲོད་ལ་བཅར། །
བཀྲེས་སྐོམ་གདུང་བ་ལུས་ཀྱི་ནུ་ཞོས་བསལ། །
མི་བཙང་དྲི་མ་ཁ་དང་ལག་པས་ཕྱེས། །
དྲིན་གྱི་བདག་པོ་མ་ལས་ཆེ་བ་སུ། །
ཕ་ཡི་སེམས་པ་ཉིན་མཚན་འཁོར་ཡུག་ཏུ། །
བུ་འདི་བདེ་བར་ནར་སོན་ཚུལ་ལ་བཅངས། །
ནའམ་གནོད་པ་བྱུང་གི་དོགས་པ་ཡིས། །
རྨི་ལམ་ན་ཡང་བདེ་བའི་སྐབས་དབེན་གྱུར། །
བུ་ཕྲུག་ཁོ་ལག་རིམ་པར་རྒྱས་པའི་ཚུལ། །
ཟླ་དང་བགྲང་བྱ་མཛུབ་མོའི་རྩེར་བཀོད་ནས། །
རང་གི་འབྱུང་བཞི་ཉིན་རེར་རྒུད་པ་ལ། །
རྟོག་དཔྱོད་ཙམ་ཡང་མ་བྱས་དེ་གར་རྒས། །
ཐ་ན་ཆོས་མེད་ཕ་མ་རྒན་རྒོན་གཉིས། །
འཇིགས་རུང་གཤིན་རྗེའི་སྒོ་ཁར་སླེབས་ན་ཡང་། །
བུ་ཕྲུག་འདི་དག་ཅིར་འགྱུར་བསམ་པ་ལས། །
རང་དོན་ཡལ་བར་བོར་བའི་ཚུལ་འདི་ལྟོས། །
དེ་དང་དེ་སོགས་ཕ་མའི་བྱམས་བརྩེ་ལ། །
བརྗོད་པའི་མཐའ་ལ་དམིགས་པ་མ་མཆིས་པས། །
འཚོ་བའི་ཕ་མ་བརྩེ་བའི་གཉོར་སྐྱོང་དང་། །
ལྔ་ལམ་ཕྱིན་ལ་དགེ་བའི་ར་མདའ་ཐོངས་། །
ཕ་མའི་བཀའ་དྲིན་ཙམ་ཡང་མི་ཤེས་ན། །
འཇིག་རྟེན་ཡ་རབ་རྩ་བ་བྲལ་གྱུར་ཞིང་། །
དམ་པའི་ཆོས་ཀྱི་གཞི་རྩ་སྟོར་ཡིན་པས། །
ལུགས་གཉིས་ཚུལ་ལས་མ་རབ་ཐ་མར་བརྩི། །
དེ་ལྟར་ཚེ་འདིའི་ཕ་མའི་དྲིན་ཤེས་དེས། །
ཚེ་རབས་བསྟུད་མར་ཕ་མར་བྱས་པ་ཡི། །
འགྲོ་བ་ཀུན་ལ་བདག་གཞན་སྙོམས་པའི་བློས། །
སྙིང་རྗེ་ཆེན་པོས་གཞན་དོན་སྤྱོད་པར་ཤོག །
ཅེས་པ་འདི་ཡང་གངས་ཅན་དྲིན་ཆེན་ཕ་མའི་ཞབས་ཕྱི་ལྟེ་གནས་ཀྱིས་བསྐུལ་ངོར་བརྩེ་ཆེན་ཕ་མའི་དྲིན་དྲན་པའི་སེམས་ཚོར་ངང་དངོས་གྲུབ་དཔལ་གྱིས་བྲིས།
ནང་དོན་ཡོངས་ཁུངས། ཐུབ་པའི་རྗེས་རབས་བོད་ཡིག་སྤྱི་སྟེགས་ལས་བཤུས།