བླ་མ་མགོན་པོ་དབྱེར་མེད་ཉིད་ལ་བསྟོད་པ། ཏཱ་ར་ནཱ་ཐ།

བླ་མ་མགོན་པོ་དབྱེར་མེད་ཉིད་ལ་བསྟོད་པ།

ཇོ་ནང་ཏཱ་ར་ནཱ་ཐས་མཛད།
ཡེ་ཤེས་བསྐལ་པའི་མེ་ཡི་ཀློང་དཀྱིལ་ན། །
ཐབས་ལ་མཁས་པས་རབ་ཁྲོས་སྐུར་སྟོན་པ། །
མི་བསྲུན་བདུད་སྡེ་འཇོམས་པའི་དཔའ་བོ་ཆེ། །
མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

རྟག་ཏུ་འགྲོ་ལ་ཁྱབ་པའི་ཐུགས་རྗེ་ཡིས། །
རབ་ཏུ་ཞི་ཡང་མཆོག་ཏུ་གཏུམ་པའི་སྐུ། །
དུས་མཐའི་སྤྲིན་དང་མིག་སྨན་ལྟར་གནག་པ། །
འཇིགས་བྱེད་ཁྲག་འཐུང་གཙོ་ལ་ཕྱག་འཚལ་ལོ། །

རབ་བཞད་རྡོ་རྗེའི་གད་མོ་ཆེན་པོ་ཡིས། །
བདུད་དང་གཤིན་རྗེའི་སྙིང་འགས་ཀླད་པ་འགེམ། །
ལྷ་དང་ལྷ་མིན་མ་རུངས་སྡེར་བཅས་ལྟུང༌། །
དྲག་ཤུལ་བཟོད་དཀའི་གཙོ་ལ་ཕྱག་འཚལ་ལོ། །

ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་རྒྱལ་རྣམས་ཀྱི། །
བརྩེ་ཆེན་གཅིག་ཏུ་བསྡུས་པ་སྤྱན་རས་གཟིགས། །
དངོས་གྲུབ་ཀུན་སྩོལ་བྱིན་རླབས་མགོན་པོ་མཆོག །
འཕྲིན་ལས་མྱུར་སྒྲུབ་ཁྱོད་ལ་ཕྱག་འཚལ་ལོ། །

ཞལ་གདངས་མཆེ་གཙིགས་སྤྱན་གསུམ་མེ་ལྟར་འབར། །
སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས།།
ཀླུ་ཆེན་བརྒྱད་དང་གཡེར་ཁའི་ཕྲེང་བས་བརྒྱན། །
ཕྱག་དྲུག་མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །

རིན་ཆེན་ཅོད་པན་ཁྲག་འཛག་མགོ་ཕྲེང་ཅན། །
ཕྱག་གཡས་གྲི་གུག་ཐོད་ཕྲེང་ཅང་ཏེ་འཁྲོལ། །
ཕྱག་གཡོན་ཐོད་པ་རྩེ་གསུམ་ཞགས་པ་བསྣམས།།
སྟག་ལྤགས་ན་བཟས་མཛེས་ལ་ཕྱག་འཚལ་ལོ། །

མཉམ་དང་གཡོན་བརྐྱང་གྱད་ཀྱི་དོར་སྟབས་སོགས། །
སྣ་ཚོགས་གར་ཀྱི་ལོག་འདྲེན་སྟེང་ན་རོལ། །
པད་ཉིའི་གདན་བཞུགས་ཙནྡན་ལྗོན་པའི་དྲུང༌། །
བརྟེན་མཛད་མཧཱ་ཀཱ་ལར་ཕྱག་འཚལ་ ལོ། །

ཞབས་སེན་ཅུང་ཟད་བརྡབས་པས་ས་གཞི་གཡོ། །
ཧཱུཾ་སྒྲས་རི་བོ་རལ་ཞིང་ཆུ་གཏེར་འཁྲུག །
སྤྱན་ཙམ་བསྐྱོད་པས་བར་ཆད་ཐམས་ཅད་སེལ། །
ཐོགས་མེད་མཐུ་སྟོབས་མངའ་ལ་ཕྱག་འཚལ་ལོ། །

སངས་རྒྱས་ཀུན་དངོས་བླ་མ་རིན་པོ་ཆེ། །
བར་ཆད་སྲུང་ཕྱིར་ཆོས་སྐྱོང་བཀའ་སྡོད་སྐུ། །
སྒྲུབ་པ་པོ་ལ་བུ་བཞིན་གཟིགས་མཛད་པའི། །
བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ། །

རྡོ་རྗེ་སེམས་དཔའི་ངོ་བོ་སྒྲིབ་ཀུན་སྦྱོང༌། །
ཉིད་ཀྱི་དཔྲལ་བར་བརྟེན་པའི་ཆོས་འབྱུང་དབྱིབས། །
སིནྡྷུར་ཐིག་ལེ་ཡུམ་གཅིག་རྣལ་འབྱོར་མ། །
ཆོས་ཀུན་བསྐྱེད་མ་ཁྱོད་ལ་ཕྱག་འཚལ་ལོ། །

དེ་དབུས་ཧྲཱིཿཡིག་དཔལ་ལྡན་འཇིག་རྟེན་མགོན།
ཁམས་གསུམ་དབང་བསྒྱུར་མཁའ་འགྲོ་མ་རྣམས་སྤྲོ། །
འགུགས་བྱེད་བཅུ་གསུམ་ཡིག་འབྲུའི་གསང་སྔགས་མཆོག །
འཕགས་མ་སྒྲོལ་མ་ཁྱོད་ལ་ཕྱག་འཚལ། །

མི་བསྐྱོད་དབང་ཕྱུག་རིགས་ཀྱི་བདག་པོར་བཞུགས། །
བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་མཐུ་སྟོབས་སྦྱིན། །
ཁྱོད་ལ་ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི། །
རྟག་ཏུ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །

སྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །
ཆོས་ཀུན་རྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །
རྨི་ལམ་རང་གྲོལ་འཆར་བར་བྱིན་གྱིས་རློབས། །
གཏུམ་མོའི་བདེ་ཆེན་འཆར་བར་བྱིན་གྱིས་རློབས། །

འོད་གསལ་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །
ཚེ་འདིར་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །
བར་དོའི་འཇིགས་པ་སེལ་བར་བྱིན་གྱིས་རློབས། །
བར་དོར་ལོངས་སྐུ་ཐོབ་པར་བྱིན་གྱིས་རློབས། །

འགལ་རྐྱེན་ཐམས་ཅད་ཞི་བར་བྱིན་གྱིས་རློབས། །
མཐུན་རྐྱེན་ཐམས་ཅད་འགྲུབ་པར་བྱིན་གྱིས་རློབས། །
ཐུགས་ཡིད་གཉིས་སུ་མེད་པར་བྱིན་གྱིས་རློབས། །
སངས་རྒྱས་བསྟན་པ་རྒྱས་པར་བྱིན་གྱིས་རློབས། །

ཞེས་བླ་མ་མགོན་པོ་དབྱེར་མེད་ཉིད་ལ་བསྟོད་པ་འདིའང་ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་པ་ལའོ། ། གཅིག་ཞུས།། བཀྲ་ཤིས།། དགེའོ།། དགེའོ།། དགེའོ།།

ནང་དོན་ཡོངས་ཁུངས། ཧི་མ་ལའི་རྩོམ་རིགས་སྤྱི་སྟེགས་རིག་གཞུང་མེ་ཏོག་གླིང་།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།