རྩོམ་པ་པོ། ཀུན་དགའ་ཐུབ་བསྟན་རིག་འཛིན།
རྒྱལ་དང་རྒྱལ་ཚབ་ཀླུ་ཐོགས་ཡབ་སྲས་ལ།།
སྒོ་གསུམ་གུས་པས་འདུད་ཅིང་ཕྱག་འཚལ་ནས།།
ཀུན་མཁྱེན་དོལ་པོའི་ལྟ་གྲུབ་ལས་བརྩམས་ཏེ།།
དྲང་ངེས་རྣམ་གཞག་ཅུང་ཙམ་ཞུ་ལ་སྤྲོ།།
ཀུན་མཁྱེན་དོལ་པོ་ཡབ་སྲས་དང་རྗེ་བཙུན་ཏཱ་ར་ནཱ་ཐ་བརྒྱུད་པ་དང་བཅས་པ་ལ་སྒོ་གསུམ་གུས་པས་འདུད་དོ།།
དེ་ལ་འདིར་སྟོན་མཆོག་མཉམ་མེད་ཐུབ་པའི་དབང་པོ་གང་ཉིད་ཀྱིས་གདུལ་བྱ་རིགས་ཅན་གསུམ་ལ་བཀའ་འཁོར་ལོ་རིམ་པ་གསུམ་གསུངས་པ་ལས་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་མདོ་དང་དེའི་དགོངས་འགྲེལ་ཀླུ་ཐོགས་ཡབ་སྲས་སོགས་ཀྱི་གཞུང་སྤྱི་དང་ཁྱད་པར་དུ་རྒྱལ་ཚབ་བྱམས་པ་མགོན་པོ་དང་དབུ་མ་པ་ཆེན་པོ་སློབ་དཔོན་དབྱིག་གཉེན་སྐུ་མཆེད་སོགས་ཀྱི་གཞུང་གི་དགོངས་པ་རྩལ་ཏུ་བཏོན་ནས་འཆད་པའི་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དྲང་ངེས་ཀྱི་སྐོར་ནས་ཅུང་ཟད་ཅིག་ཞུ་བ་ལ།
གཞན་གྱི་འདོད་པ་དགོད་པ་དང་། རང་ལུགས་བསྟན་པ་དང་། དེ་ལ་ཤེས་བྱེད་ཀྱི་ཁུངས་དགོད་པ་དང་། རྩོད་སྤོང་ངོ་། །
དེ་ལ་དང་པོ་གཞན་གྱི་འདོད་པ་དགོད་པ་ནི།
ཇོ་ནང་པའི་མཁས་པ་ཁ་ཅིག་གིས། བློ་གྲོས་མི་ཟད་པའི་བསྟན་པའི་མདོ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པ་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་སྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་པ་དང་། ཇོ་ནང་ལོཙྪ་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། མཐར་ཐུག་དོན་དམ་པ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཟབ་མོ་སྟོན་པ་རྣམས་ངེས་པའི་དོན་ཡིན་ཞིང༌། གནས་སྐབས་ཀུན་རྫོབ་ཀྱི་བདེན་པ་རྒྱུ་འབྲས་ལ་ཡིད་ཆེས་པའི་དོན་དུ་སེམས་ཅན་དང་གང་ཟག་ལ་སོགས་པ་སྟོན་པ་ནི་དྲང་བའི་དོན་ཡིན་ཏེ། ཞེས་སོགས་ཀྱི་རྗེས་སུ་འབྲངས་ནས་ཀུན་རྫོབ་བརྗོད་བྱའི་གཙོ་བོར་བྱས་པའི་ཆ་ནས་དྲང་དོན་གྱི་མདོ་དང་། དོན་དམ་བརྗོད་བྱའི་གཙོ་བོར་བྱས་པའི་ཆ་ནས་ངེས་དོན་གྱི་མདོར་བཞེད་པ་དང་།
ཡང་ཁ་ཅིག་གིས། དྲང་དོན་གྱི་མདོ་ལ་འཁོར་ལོ་དང་པོ་གཉིས་གང་རུང་དང་། ངེས་དོན་གྱི་མདོ་ལ་འཁོར་ལོ་ཐ་མས་ཁྱབ་པར་བཞེད་པ་མང་པོ་ཡོད་ཀྱང་། དེ་དག་ནི་ཇོ་ནང་རང་ལུགས་ཀྱི་དམ་པ་གོང་མ་རྣམས་ཀྱིས་མི་བཞེད་པར་འདྲ་སྟེ། འོག་ཏུ་དེ་ལ་ཤེས་བྱེད་ཀྱི་ཁུངས་དགོད་པ་དང་རྩོད་སྤོང་གི་སྐབས་སུ་ཤེས་པར་བྱའོ། །དེ་ལས་གཞན་འཁོར་ལོ་བར་བ་ངེས་དོན་གྱི་མདོ་དང་ཐ་མ་དྲང་དོན་གྱི་མདོར་བཞེད་པའང་ཡོད་ཅིང་དེ་དག་སྐབས་འདིར་མི་སྤྲོའོ། །
གཉིས་པ་རང་ལུགས་བསྟན་པ་ནི།
སྒྲས་ཟིན་སྒྲ་ཇི་བཞིན་དུ་གཟུང་དུ་མི་རུང་བའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད། མཚན་གཞི་ནི། ཉི་ཁྲིའི་གཞུང་ཚིག་ཏུ་གྱུར་བའི་བུམ་པ་བུམ་པའི་སྟོང་ཞེས་པའི་མདོ་དང་། ལང་གཤེགས་ཀྱི་གཞུང་ཚིག་ཏུ་གྱུར་བའི་ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ་ཞེས་པ་ལྟ་བུའོ། །
སྒྲས་ཟིན་སྒྲ་ཇི་བཞིན་དུ་གཟུང་དུ་རུང་བའི་མདོ་དེ། ངེས་དོན་གྱི་མདོའི་མཚན་ཉིད། མཚན་གཞི་ནི། མྱང་འདས་དང༌། རྔ་བོ་ཆེའི་མདོ་དང༌། སོར་ཕྲེང་དང༌། དཔལ་ཕྲེང་གི་མདོ་ལ་སོགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པ་རྣམས་དང་། བཀའ་བར་བར་གྱུར་པ་ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་ལྟ་བུའོ། །
དེ་ལས་གཞན་སྤྱི་རིགས་ནས་འཁོར་ལོ་དང་པོ་གཉིས་ཀྱིས་ཀུན་རྫོབ་དང་། ཐ་མས་དོན་དམ་བརྗོད་བྱའི་གཙོ་བོར་བྱས་པས་དང་པོ་གཉིས་དྲང་དོན་གྱི་མདོ་དང་། ཐ་མ་ངེས་དོན་གྱི་མདོར་བཞེད་པ་ཡོད་ལ། དེ་ཡང་མཐར་གཏུགས་ན་སྒྲས་ཟིན་ཡིན་མིན་ལ་ཐུག་ཡོད་ཅིང་། འཁོར་ལོ་དང་པོ་གཉིས་ལ་དྲང་དོན་མདོ་དང་ཐ་མ་ལ་ངེས་དོན་མདོས་ཁྱབ་པ་མི་བཞེད་དོ།།
འདིས་ནི་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་སོགས་མཐའ་དྲུག་གིས་བསྟན་པའི་དགོངས་དོན་ཡང་ཇི་བཞིན་དུ་བཀྲལ་བའོ། །
གསུམ་པ་དེ་ལ་ཤེས་བྱེད་ཀྱི་ཁུངས་དགོད་པ་ལ།
རྒྱ་གར་མཁས་པའི་ཁུངས། མཚན་ཉིད་ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་པ་ལས། ཇི་བཞིན་སྒྲ་དང་ཇི་བཞིན་སྒྲ་མིན་ངེས་པའི་དོན་དང་དྲང་བའི་དོན་ཡང་བསྟན། །ཞེས་དང་། ཤེར་ཕྱིན་མན་ངག་ཏུ། མདོ་གང་དག་གི་དོན་སྒྲ་ཇི་བཞིན་པ་དེ་ནི་ངེས་པའི་དོན་ཁོ་ནའོ། །ཞེས་དང་། གང་ཡང་དེ་བཞིན་གཤེགས་པ་དང་། དེས་ཚད་མར་གནང་བའི་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ངེས་པར་མཛད་པའི་དོན་ནི་དེ་ལས་གཞན་པའི་དོན་དུ་དྲང་བར་མི་བྱ་སྟེ། བཅོམ་ལྡན་འདས་ཉིད་ཚད་མའི་དམ་པར་གྱུར་པ་དང་། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཡང་ཕྱིར་རོ། །ཞེས་སོགས་རྒྱ་གར་མཁས་པའི་ཁུངས་ལུང་མང་ཡང་དགོས་པ་ཆེར་མ་མཐོང་བས་མ་སྤྲོས་སོ།།
ཇོ་ནང་པ་རང་གི་མཁས་པའི་ཁུངས། ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས་མཛད་པའི་རི་ཆོས་ངེས་དོན་རྒྱ་མཚོ་ལས། གལ་ཏེ་ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་དང༌། ཡང་དག་པའི་མཐའ་ལ་སོགས་པ་རང་སྟོང་མ་ཡིན་ན། རྒྱལ་བའི་ཡུམ་ལས། ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཀྱིས་སྟོང༌། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང༌། ཡང་དག་པའི་མཐའ་ནི་ཡང་དག་པའི་མཐས་སྟོང༌། ཞེས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང༌། ཤིན་ཏུ་མེད་ན། དེ་ལ་འགྲོ་བའམ་འོང་བ་ལྟ་ག་ལ་ཡོད། ཅེས་པ་ལ་སོགས་པ་རྒྱ་ཆེར་གསུངས་པའི་དགོངས་པ་གང་ཞེ་ན། དེ་ནི་དྲང་བའི་དོན་དུ་དགོངས་ནས་གསུངས་པ་སྟེ། ཞེས་པས་འཁོར་ལོ་བར་བར་དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱིས་སྟོང་། ཞེས་སོགས་བར་བར་སྒྲས་ཟིན་དུ་གཟུང་དུ་མི་རུང་བ་མང་པོར་གསུངས་པས་འཁོར་ལོ་བར་བ་དྲན་དོན་དགོངས་པ་ཅན་དུ་བསྟན་པ་དང་།
གཞན་ཡང་མངའ་རིས་པ་ཇོ་ནང་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་ཀྱིས་མཛད་པའི་བདེ་གཤེགས་སྙིང་བོའི་རྒྱན་གྱི་འཁྲུལ་འཇོམས་ལས། དེ་ལྟར་གསུངས་པ་ནི་ལྡེམ་དགོངས་མ་ཡིན་གྱི་ངེས་པའི་དོན་སྒྲ་ཇི་བཞིན་པ་ཁོ་ན་ཡིན་ནོ། །ཞེས་དང་། མྱང་འདས་དང༌། རྔ་བོ་ཆེའི་མདོ་དང༌། སོར་ཕྲེང་དང༌། དཔལ་ཕྲེང་གི་མདོ་ལ་སོགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་པ་དགོངས་པ་ཅན་དྲང་དོན་མ་ཡིན་གྱི། ངེས་པའི་དོན་སྒྲ་ཇི་བཞིན་པ་ཁོ་ན་ཡིན་ཏེ། ཞེས་དང་། དྲང་དོན་དང་ངེས་དོན་དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་ལ་སོགས་པའི་མདོའི་རྣམ་པར་དབྱེ་བ་ནི་མདོའི་སྒྲ་ཇི་བཞིན་པའི་དོན་ལ་ལྟོས་ནས་འཇོག་པ་ཡིན་གྱི་དགོངས་གཞི་ལ་ལྟོས་ནས་འཇོག་པ་ནི་མཁས་པའི་ལུགས་མ་ཡིན་ནོ། །ཞེས་གསུངས་པ་དང་།
ས་སྐྱའི་མཁས་མཆོག་ཉ་བརྩོན་གཉིས་ཟེར་བའི་ཉ་དང༌། དབུས་གཙང་མཁས་པ་མི་དྲུག་གི་གཙུག་ན་ཟླ་བའི་ཟླ་བ་དང༌། དཔལ་ལྡན་བླ་མའི་ལམ་འབྲས་སྲོལ་འཛིན་མཁས་པ་མི་བརྒྱད་ཟེར་བའི་བརྒྱད་ཀྱི་གཙོ་བོ་དང་། དོལ་བུའི་འགྲན་ཟླ་བྲལ་བའི་སློབ་མ་གཅིག་ཟེར་བའི་མཁས་པ་ཉ་དབོན་ཀུན་དགའ་དཔལ་གྱིས་ཀྱང་། ཕར་ཊཱིཀ་ཡིད་ཀྱི་མུན་སེལ་ལས། དེས་ན་འཁོར་ལོ་ཐ་མ་གཉིས་རང་བཞིན་སྤྲོས་བྲལ་སྟོང་ཉིད་འོད་གསལ་སྟོན་པར་འདྲ་ཡང་ཐ་མ་གསལ། བར་བ་ཅུང་མི་གསལ་ཞིང་བར་བར་ཐམས་ཅད་མེད་ཐམས་ཆད་ཡོད་ཅེས་དང་ཐམས་ཅད་དགེ། ཐམས་ཅད་མི་དགེ། ཐམས་ཅད་ལུང་མ་བསྟན་ཞེས་སོགས་དགོངས་པ་ཅན་མང་བས་དྲང་དོན་དུ་གསུངས་ཤིང༌། ཐ་མར་ཡོད་མེད་སོགས་ལེགས་པར་ཕྱེ་ནས་བསྟན་པས་ངེས་དོན་དུ་གསུངས་པ་སྟེ་རྒྱས་པར་ཤེས་དགོས་ཤིང་སྐབས་འགྲིག་ན་ཕྱི་ནང་གི་གྲུབ་མཐའ་རྣམ་འབྱེད་རྩོམ་པར་སྤྲོ་བ་ཡོད་དོ། །ཞེས་དང་། གང་གི་དོན་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་བའི་མདོ་སོགས་ནི་དྲང་དོན་ཡིན་ཞེས་ཐོབ་པོ། །ཞེས་དང་། གཞི་ལམ་འབྲས་གསུམ་ལས་བརྩམས་ཏེ་དྲིས་ལན་ཡིད་ཀྱི་མུན་སེལ་ལས། གསུངས་དེ་དག་དྲང་དོན་དགོངས་པ་ཅན་ཡིན་གྱི། སྒྲ་ཅི་བཞིན་པའི་ངེས་པའི་དོན་མ་ཡིན་ཏེ། ཞེས་གསུངས་པ་དང་།
དེ་བཞིན་དུ་ཇོ་ནང་ལོ་ཙྪ་བ་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་གྱིས་མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ལས། དགོངས་པའི་དབང་གིས་སྦས་ཏེ་གསུངས་པ་ལ་སོགས་པའི་སྒྲའི་དངོས་ཀྱི་བརྗོད་བྱ་ལ་གནོད་བྱེད་ཡོད་པས་དགོངས་པ་གཞན་བཙལ་དགོས་པ་ནི་དྲང་བའི་དོན་དང་། གསལ་པོར་གསུངས་ཤིང་གནོད་བྱེད་མེད་པས་དགོངས་པ་དེ་ཁོ་ན་བཞིན་གཟུང་དུ་རུང་བ་ནི་ངེས་པའི་དོན་ཡིན་ནོ། །ཞེས་དང་། དྲིས་ལན་བླང་དོར་རབ་གསལ་སྣང་བ་ལས། དྲང་བའི་དོན་ཞེས་པའི་རྒྱུ་མཚན་ཡང༌། མེད་པར་བཤད་ཚད་སྒྲ་ཇི་བཞིན་དུ་བཟུང་དུ་མི་རུང་ཞིང༌། ད་དུང་དགོངས་པ་གཞན་དུ་དྲང་དགོས་པའི་ཕྱིར། ཞེས་དང་། ངེས་པའི་དོན་ཡིན་པའི་རྒྱུ་མཚན་ཡང་སྒྲ་ཇི་བཞིན་དུ་བཟུང་དུ་རུང་ཞིང༌། མཐར་ཐུག་འདི་བས་ལྷག་པའི་མཐར་ཐུག་པ་བསྟན་ནས་གོང་དུ་དྲང་དུ་མེད་པའི་ཕྱིར། ཞེས་གསུངས་པས་ས་བཟང་ལོ་ཙྪ་བ་ཆེན་པོས་ཀྱང་དེ་ལྟར་བཞེད་པར་ཤིན་ཏུ་གསལ་ལོ། །
ཞང་སྟོན་བསོད་ནམས་གྲགས་པས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོའི་འགྲེལ་བ་སྙིང་པོ་རབ་གསལ་ལས། འཁོར་ལོ་བར་པ་དང་ཐ་མ་གཉིས་ཀ་བརྗོད་བྱ་འདྲ་བས་བརྗོད་བྱའི་སྒོ་ནས་དྲང་དོན་དུ་མི་སྟོན་གྱི། ལེགས་པར་རྣམ་པར་ཕྱེ་བ་མ་ཡིན་པས་བརྗོད་ཚུལ་གྱིས་དྲང་དོན་དུ་གསུངས་པར་གོ་བར་བྱའོ། །ཞེས་གསུངས་པ་དང་།
ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་དབུ་མ་ཚུལ་གཉིས་རྣམ་འབྱེད་ལས། དེས་ན་རང་སྟོང་སྨྲ་བ་རྣམས་ནི། བཀའ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ནི་དྲང་དོན་དང༌། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི་ངེས་དོན་མཐར་ཐུག །ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གནས་སྐབས་ཀྱི་ངེས་དོན་ཏེ་དྲངས་དོན་ཡིན་པར་བཞེད་ལ། གཞན་སྟོང་སྨྲ་བ་རྣམས་ནི་དང་པོ་དྲང་དོན་དང༌། བར་བ་གནས་སྐབས་ཀྱི་ངེས་དོན། ཐ་མ་མཐར་ཐུག་གི་ངེས་དོན་སྟོན་པར་བཞེད། དེ་ཡང་འཁོར་ལོ་དང་པོ་ཉན་ཐོས་དང་ཐུན་མོང་གི་སྡེ་སྣོད་ཡིན་པས་ཀུན་རྫོབ་ཀྱི་ཆོས་རྣམས་ཡོད་པར་གསུངས་ལ། བར་པ་ཤེར་ཕྱིན་གྱི་མདོ་རྣམས་སུ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་མ་གྲུབ་ཅིང་ཡོད་པའི་ཆོས་རྡུལ་ཙམ་ཡང་མེད་པར་བཤད། ཐ་མ་ནས་ནི་འཕགས་པའི་ཡེ་ཤེས་ཀྱིས་གཟིགས་ངོ་དོན་དམ་བདེན་པ་དབྱིངས་རིག་དབྱེར་མེད་ནི། ངོ་བོ་གདོད་མ་ནས་འགྱུར་བ་མེད་པའི་ཕྱིར། རྟག་བརྟན་ཐེར་ཟུག་པ་འདི་ནི་བདེན་པར་ཡོད་ལ། དངོས་མེད་རྣམས་དང༌། གཟུགས་སོགས་ཡུལ་མིག་སོགས་དབང་པོ་སེམས་སེམས་བྱུང་སྟེ། རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་ལྔ་བཅུ་རྩ་གཅིག་ལ་སོགས་པ་གཟུང་འཛིན་གྱིས་བསྡུས་པ་རྣམས་ནི། དོན་དམ་དེའི་རྣམ་འགྱུར་ཙམ་མེ་ལོང་གི་གཟུགས་བརྙན་ལྟར་གདོད་ནས་མ་སྐྱེས་པས་བདེན་མེད་དུ་གསུངས། ཞེས་པས་འཁོར་ལོ་དང་པོར་ཐམས་ཅད་དོན་དམ་པར་ཡོད་པ་དང་། འཁོར་ལོ་བར་བར་ཐམས་ཅད་མེད་པར་བསྟན་པས་དེ་གཉིས་དྲང་དོན་ཀྱི་མདོ་དང་། འཁོར་ལོ་ཐ་མར་ཡོད་མེད་ལེགས་པར་ཕྱེ་ནས་བསྟན་པས་དེ་ངེས་དོན་གྱི་མདོ་ཡིན་པར་བཞེད་པས་ཀྱང་། རང་ལུགས་ལ་དྲང་ངེས་སྒྲས་ཟིན་སྒྲ་ཇི་བཞིན་པར་གྲུབ་པ་དང་མ་གྲུབ་པས་ཕྱེ་བར་གསལ་ལོ། །
བཞི་བ་རྩོད་སྤོང་ལ།
ཁ་ཅིག་གིས། གོང་ལྟར་རང་ལུགས་འཇོག་པ་མི་འཐད་དེ། དེ་ལྟར་ན་འཁོར་ལོ་བར་བ་ལ་ངེས་དོན་གྱི་མདོ་དང་། ཐ་མ་ལ་དྲང་དོན་གྱི་མདོ་ཡོད་པར་ཐལ་ལོ་ཞེ་ན། དེ་ལྟར་དུ་གྲུབ་སྟེ། འཁྲུལ་འཇོམས་ལས། འཁོར་ལོ་བར་པ་དོན་དམ་པའི་བདེན་པ་དང༌། མྱ་ངན་ལས་འདས་པ་ཆེན་པོ་དང༌། སངས་རྒྱས་ཀྱི་ཆོས་སྐུ་ལ་སོགས་པ་མཐར་ཐུག་དེ་ཁོ་ན་ཉིད་ཀྱི་དོན་རང་གི་ངོ་བོས་སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་། དགོས་པའི་དབང་གིས་རང་གི་ངོ་བོས་སྟོང་པར་བསྟན་པའི་ཆ་རྣམས། དྲང་དོན་དགོངས་པ་ཅན་དུ་གསུངས་པ་ཡིན་ལ། འཁོར་ལོ་ཐ་མར་ནི་མཐར་ཐུག་གི་མྱང་འདས་ཆེན་པོ་དང་། རྣམ་པར་གྲོལ་བ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་དོན་རང་གི་ངོ་བོས་མི་སྟོང་པ་དང༌། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པ་སྟེ། སྟོང་པ་དང་མི་སྟོང་པའི་རྣམ་དབྱེ་ལེགས་པར་རྣམ་པར་ཕྱེ་སྟེ་གསུངས་པས་ངེས་པའི་དོན་དུ་གསུངས་པ་ཡིན་ཏེ། སྤྱིར་ནི་འཁོར་ལོ་ཐ་མ་ལ་ཡང་དྲང་དོན་ཡོད་ཅིང༌། འཁོར་ལོ་བར་པ་ལ་ཡང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་སྟོན་པ་དང༌། ཤེར་ཕྱིན་སྒོམ་པའི་རྣལ་འབྱོར་ཟབ་མོ་སྟོན་པ་དང༌། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་སྟོན་པ་ལ་སོགས་པ་ངེས་དོན་ཤིན་ཏུ་མང་བར་ཡོད་དོ། །ཞེས་གསུངས་པའི་ཕྱིར་རོ། །
དེ་ལ་ཁ་ཅིག་གིས། དེ་མི་འཐད་དེ། ཤེར་ཕྱིན་བྱམས་ཞུས་ལེའུ་ནི་འཁོར་ལོ་ཐ་མ་ཡིན་ཞིང་དེ་ལས་གཞན་ནི་ཁྱེད་ལ་འཁོར་ལོ་བར་བ་ལ་ངེས་དོན་གྱི་མདོ་མེད་པས་སོ་ཞེ་ན། ཤེར་ཕྱིན་བྱམས་ཞུས་ཀྱི་ལེའུ་འཁོར་ལོ་ཐ་མ་ཡིན་པར་བཞེད་པ་ངེད་རྒྱལ་བ་ཇོ་ནང་པའི་ལུགས་ལས་རིང་དུ་སོང་བ་ཡིན་པར་སྣང་སྟེ། དབུ་མ་ཚུལ་གཉིས་རྣམ་འབྱེད་ལས། གཞན་སྟོང་འདི་བཀའ་ཐ་མར་མ་ཟད། བར་པའི་ཡང་དགོངས་པ་ཡིན་པར་ཤེར་ཕྱིན་གྱི་བྱམས་ཞུས་ཀྱི་ལེའུར། མཚན་ཉིད་གསུམ་ཁས་བླངས་ཕྱིན། ཆོས་ཐམས་ཅད་བདེན་མེད་དུ་ཁྱད་པར་མེད་པར་འདོད་ན། མཚན་ཉིད་གསུམ་གྱི་རྣམ་གཞག་བྱས་པ་དགོས་མེད་དུ་འགྱུར་བ་དང༌། མདོ་སྡེ་རྒྱན་ལས་ཀྱང༌། ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །ཅེས་པའང་ཤེར་ཕྱིན་གྱི་མདོ་ཚིག་གིས་དངོས་བསྟན་ཙམ་མཐར་ཐུག་གི་ངེས་དོན་དུ་བཟུང་རྒྱུ་མིན་པའི་དོན་དུ་སྣང་བས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་སྟེང་གི་ཀུན་བརྟགས་དང་གཞན་དབང་གཉིས་བདེན་མེད་དུ་གསུངས་ནས། ཡོངས་གྲུབ་ལ་རེ་ཞིག་བཏང་སྙོམས་སུ་མཛད་པ་ཡིན་ནོ། །ཞེས་དང་། གཞན་སྟོང་དབུ་མའི་རྒྱན་ལས། དང་པོར་ཆོས་ཀུན་ཚུགས་ཐུབ་ཡིན་ནོ་ཞེས། །སྟོན་ན་ཀ་ཏྱ་ཡ་ནའི་གདམས་ངག་གི །མདོ་སྡེ་སོགས་དང་ནང་འགལ་ཡོད་པར་འགྱུར། །བར་བར་དོན་དམ་དབྱིངས་སོགས་འགོག་ན་ནི། །བྱམས་ཞུས་སོགས་དང་ནང་འགལ་ཡོད་པར་འགྱུར། །ཞེས་གསུངས་པས་ཀྱང་འཁོར་ལོ་དང་པོ་གཉིས་ལ་ངེས་དོན་གྱི་མདོ་ཡོད་པར་གྲུབ་བོ། །
དེ་ལས་གཞན་པའི་འཁོར་ལོ་བར་བ་ལ་ངེས་དོན་གྱི་མདོ་མེད་པར་ཡང་མིན་ནོ། །
ཡང་ཁ་ཅིག་གིས་དེ་ལྟར་མི་འཐད་དེ། མདོ་སྡེ་དགོངས་འགྲེལ་སོགས་འཁོར་ལོ་ཐ་མའི་རང་གཞུང་དུ་མ་ལས། འཁོར་ལོ་དང་པོ་གཉིས་དྲང་དོན་གྱི་མདོ་དང་། ཐ་མ་ངེས་དོན་གྱི་མདོར་གསུངས་པས་སོ་ཞེ་ན། སྤྱིར་དེ་ལྟར་ཡིན་ཀྱང་ཁྱབ་པ་བཞེད་པ་མིན་པར་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ཏེ། འཁྲུལ་འཇོམས་ལས། དེ་ལྟར་བཀའ་འཁོར་ལོ་བར་པ་དྲང་བའི་དོན་དང༌། འཁོར་ལོ་གསུམ་པ་ངེས་པའི་དོན་དུ་གསུངས་པ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །
ཡང་ཁ་ཅིག་གིས་ཀུན་རྫོབ་དང་དོན་དམ་བརྗོད་བྱའི་གཙོར་བོར་བྱས་པའི་རིམ་བཞིན་དྲང་དོན་དང་ངེས་དོན་གྱི་མདོ་གཉིས་སུ་ཕྱེ་བ་ཡིན་ཏེ། སྔར་ཁྱེད་ཀྱིས་བཀོད་པའི་བློ་གྲོས་མི་ཟད་པའི་བསྟན་པའི་མདོ་དེའི་ཕྱིར་ཞེ་ན། དེ་ནི་དྲང་ངེས་ཀྱི་རྣམ་གྲངས་ཙམ་ཞིག་གསུངས་པ་ལས་ཚིག་ཟིན་ལྟར་མིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སྤྱིར་དྲང་ངེས་ལ་སྒོ་མང་སྟེ། ཀུན་རྫོབ་སྟོན་པ་དྲང་དོན། དོན་དམ་སྟོན་པ་ངེས་དོན། ལམ་དང་གང་ཟག་སྟོན་པ་དྲང་དོན། འབྲས་བུ་བློ་གྲོས་མི་ཟད་པས་བསྟན་པའི་མདོར་སྟོན་པ་ངེས་དོན། གང་ཟག་དང་སེམས་ཅན་སོགས་སྟོན་པ་དང༌། སྟོང་ཉིད་སྟོན་པ་ལ་དྲང་ངེས་སུ་བཤད་པ་ མདོ་ན་དངོས་སུ་ཡོད་སོགས་ལས། ཞེས་པ་ནས། གང་གི་དོན་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་བའི་མདོ་སོགས་ནི་དྲང་དོན་ཡིན་ཞེས་ཐོབ་པོ། །ཞེས་གསུངས་པའི་ཕྱིར་རོ། །
དེ་ལྟར་བཤད་པའི་དགེ་ཚོགས་གང་མཆིས་པས། །
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །
ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ལ། །
རྫོགས་བྱང་མྱུར་ཏུ་ཐོབ་པའི་རྒྱུར་གྱུར་ཅིག །
ཅེས་པ་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དྲང་ངེས་ཀྱི་རྣམ་གཞག་ལུང་བརྒྱ་མ་འདི་ནི་དཔལ་ལྡན་བླ་མ་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ངག་དབང་དངོས་གྲུབ་དཔལ་བཟང་པོས་བཀའ་དྲིན་ལས་ཀློག་པ་ཐོས་བསམ་གྱི་ཕྱོགས་ལ་བློ་ཁ་ཅུང་ཟད་ཕྱོགས་པ་ཀུན་དགའ་ཐུབ་བསྟན་རིག་འཛིན་གྱིས་གཞན་ཕན་གྱི་བསམ་པ་ཆུང་ངུ་ཞིག་གིས་ཡོངས་སུ་བརྒྱན་ཏེ་རང་ལུགས་ཀྱི་དམ་པ་གོང་མ་རྣམས་ཀྱི་གཞུང་ལ་བགས་ཆག་འཇོག་པ་དང་བརྗེད་ཐོའི་ཕྱིར་གངས་ཅན་རིས་མེད་སློབ་གླིང་གི་རང་སྤྱིལ་དུ་ཕྱི་ཟླ་༨-༥ངལ་གསོའི་ཉིན་ལ་རྫོགས་པར་བྲིས་པའོ། །
ནང་དོན་ཡོངས་ཁུངས། ཐུབ་པའི་རྗེས་རབས་བོད་ཡིག་སྤྱི་སྟེགས།