རྩོམ་པ་པོ། ཀུན་དགའ་ཆོས་འཁོར།
དཔལ་ངེས་དོན་བསམ་འགྲུབ་གླིང་གི་ལོ་རྒྱུས་དངོས་བཤད་པ་ལ་དགོན་སྡེ་འདི་ཐོག་མར་ཕྱག་འདེབས་མཛད་པ་པོའི་རྣམ་ཐར་ཅུང་ཟད་ལས་བརྩམས་ཏེ་དགོན་པ་ཆགས་ཚུལ་བཤད་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རིམ་བྱོན་རྣམས་ཀྱིས་ཆོས་སྡེ་འདི་བསྐྱངས་ཚུལ་བཤད་པ་དང་གཉིས་ལས། དང་བོ། ཕྱག་འདེབས་མཛད་པ་པོ་ནི། དཔོན་སློབ་ཀུན་དགའ་དཔལ་བཟང་བོ་ཞེས་གྲགས་སྙན་གཡུ་འབྲུག་གི་སྒྲ་དབྱངས་འོག་མིན་གྱི་བར་དུ་ཁྱབ་པ་དེ་ཉིད་ཡིན་ཏེ། ཁོང་ནི་གཙང་སྒར་ཕུན་ཚོགས་འབྲོང་མོ་རྫོང་ཞེས་རྭ་ཆེན་རྡོ་རྗེ་གྲགས་པ་ནས་མཁས་གྲུབ་པདྨོའི་འཕྲེང་བ་ཚར་དུ་དངར་བའི་དབོན་རྒྱུད་དུ། རབ་བྱུང་བཅུ་གཅིག་པའི་དཀར་བོ་ཞེས་པ་ས་མོ་སྦྲུལ། ༼ སྤྱི་ལོ་༡༦༢༩༽ལོར་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་མཚན་དཔེའི་མེ་ཏོག་སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་བཞད་པ་ཡིན་ནོ། དམ་པ་འདི་འཁྲུངས་ལོར་པཎ་ཆེན་རིན་པོ་ཆེས་དགའ་ལྡན་གསེར་ཐོག་བཞེངས། ས་སྐྱ་ཨ་མྱེས་ས་སྐྱའི་གདུངས་རབས་བརྩམས་པ་སོགས་དང་དུས་མཚུངས། དེ་ནས་བཟུང་ད་བར་རབ་བྱུང་བཅུ་བདུན་པའི་བགྲང་བྱ་བདུན་པ་ཆུ་བྱ་༼ སྤྱི་ལོ་༡༩༩༣༽ཡན་ཆད་ལོ་སུམ་བརྒྱ་དང་རེ་བཞི་སོང་།
དེ་ཡང་ཐོག་མར་དཔོན་སློབ་ཀུན་དགའ་དཔལ་བཟང་བོའི་རིགས་རུས་དང་འབྲེལ་བའི་གཏམ་ཅུང་ཟད་ཅིག་བརྗོད་ན། སྐད་གཉིས་སྨྲ་བ་མཐུ་སྟོབས་ཀྱི་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ་ཞེས་མཚན་སྙན་སྲིད་པ་གསུམ་དུ་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་སྐུའི་རིགས་རུས་སུ་འཁྲུངས་ཤིང་། དེའི་རིགས་རྒྱུད་མ་ཆད་པ་ལས་འཁྲུངས་པ་དགེ་སློང་ཀུན་དགའ་དཔལ་བཟང་གིས་ཆོས་གཞི་གཙང་སྒར་ཕུན་ཚོགས་འབྲོང་མོ་རྫོང་བཏབས་པས། གནས་མིང་དང་མཚན་བསྒྲགས་ཏེ་འབྲོང་དགེ་སློང་ཚང་ཞེས་འབོད་པས་འབྲོང་དགེ་ཚང་དུ་གྲགས་སོ། །དེ་ལྟར་ཡིན་ཡང་འབྲོག་དགེ་ཞེས་ཕྱིས་སུ་བརྗོད་བདེ་བའི་དབང་གིས་ཀུན་ལ་དེ་ལྟར་གྲགས་པར་སྣང་ངོ་། །དེ་ནས་ཁོང་རིན་པོ་ཆེ་སྐུ་ཚེ་ཆེར་སོན་པ་ན་དབུས་གཙང་ཕྱོགས་སུ་ཕེབས་ནས། རིམ་པས་རི་བོ་དགེ་ལུགས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས། དེར་གྲྭ་སར་བཞུགས་ཏེ་གཞུང་ལུགས་ཀྱི་ཆོས་བཀའ་རྒྱལ་བའི་བསྟན་པ་ལ་འཇུག་པའི་སྒོ་གཅིག་པུར་གྱུར་པ་ཚད་མ་དང་། མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ། དབུ་མ་མཛོད་འདུལ་བཅས་མཚན་ཉིད་ཕྱོགས་ཀྱི་གཞུང་པོད་ལྔ་ལ་སྦྱངས་བརྩོན་ཁྱད་པར་བ་མཛད་པས་རིང་བོར་མ་ཐོག་པར་མཁས་པའི་གྲགས་པ་ཕྱོགས་སུ་འབར། དེ་ནས་སྡེ་སྲིད་སྟག་ཚ་རིན་པོ་ཆེ་ཁོང་གི་ཕོ་བྲང་དུ་ཆོས་རྗེ་ཉིད་གདན་དྲངས་ཤིང་མཆོད་གནས་སུ་བཀུར། སྡེ་སྲིད་རྒྱ་གར་དུ་བྱོན་ཤུལ་རྒྱལ་ཚབ་ཀྱང་མཛད། དེ་ནས་ལོ་གཅིག་གི་སྡེ་སྲིད་ཕྱིར་ཕེབས་ནས་ཕན་ཚུན་ཐུགས་བརྩེ་བའི་ངང་ནས་ལྷན་དུ་བཞུགས། སྡེ་སྲིད་ནས་ཙན་དན་སྦྲུལ་སྙིང་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་དང་ཁྲི་རྒྱན་ནབ་བཟའ་ཆ་ཚང་སོགས་ཀྱི་མཆོད་འབུལ་བླ་ན་མེད་པའི་གུས་བཀུར་མཛད་དོ།
དེ་ནས་ཁོང་ཉིད་རྒྱ་བལ་ཕྱོགས་སུ་ཕེབས་ནས་ཁོང་གིས་བལ་ཡུལ་མཆོད་རྟེན་ཆེན་མོ་ལ་མཇལ་ཕྱག་དང་གསེར་གྱི་མེ་ཏོག་མང་བོའི་མཆོད་འབུལ་དང་། འཕགས་པ་ཤིང་ཀུན་དང་མཆོད་རྟེན་གོ་མ་ས་ལ་གནྡྷོ་རྣམས་ལའང་མེ་ཏོག་ཙམ་པ་ཀ་མང་བོ་མངོན་པར་གཏོར་བ་སོགས་ཀྱི་བསགས་སྒོ་བཅས་རླབས་པོ་ཆེའི་སྨོན་ཚིག་ཀྱང་བརྩམས་པ་སོགས་ལེགས་ཚོགས་སྒོ་ཐམས་ཅད་ནས་ཡར་ཟླའི་དཔལ་ལ་འགྲན་པར་གྱུར་ཏོ། །དེ་ནས་ཇོ་ནང་རྟག་བརྟན་དུ་རྒྱལ་ཚབ་རིན་ཆེན་རྒྱ་མཚོ་སྐུ་དངོས་བཞུགས་ཀྱི་དྲུང་དུ་ཁོང་ཉིད་ཕྱིན་ཏེ་རྗེ་རྒྱལ་ཚབ་དེ་ཉིད་ཁོང་གི་དད་གུས་རྒྱ་ཆེན་པོས་བླ་མ་མཆོག་ཏུ་བཀུར་ཞིང་དམ་པ་གང་གི་ཞལ་སྔ་ནས། སྡོམ་པ་གསུམ་རིམ་པར་ནོད་ཅིང་དབང་ལུང་མན་ངག་གི་སྒོ་མང་བོ་ཞིག་གསན་པ་དང་། ཁྱད་པར་ཐེག་མཆོག་དབུ་མ་སོགས་གཞན་སྟོང་གི་རྣམ་བཤད་དུ་མ་ལ་གསན་སྦྱངས་མཛད་ནས་ཁོང་གིས་ཇོ་ནང་དེ་ཉིད་དུ་རྗེ་བཙུན་གྱི་གཞན་སྟོང་དབུ་མའི་རྒྱན་ལ་འགྲེལ་བཤད་ཅིག་ཀྱང་བརྩམས་ཏེ་རྗེ་རྒྱལ་ཚབ་མཆོག་ཉིད་ཀྱིས་འགྲེལ་བཤད་དེ་ལ་གཟིགས་རྟོག་གིས་ཞིབ་ཏིག་ཀྱང་གནང་། དེ་ནས་བདུད་རྩི་ཕུག་ཏུ་རྗེ་བཙུན་རིན་པོ་ཆེའི་ཉེ་གནས་གྲགས་པ་དཔལ་བཟང་གི་མདུན་ནས་ཆོས་རྗེ་འདིས་ཆོས་བཀའ་མང་བོ་ཞུས་ཤིང་ཁྱད་པར་ལྷ་མཆོག་བཀྩེ་ལྕམ་སྲིང་གི་རྗེས་གནང་བཀའ་གཏད་ལས་ཚོགས་སོགས་མང་བོ་གསན་ཚེ་འཕྲིན་ལས་ཚུལ་བཞིན་དུ་སྒྲུབ་པའི་རྟགས་མཚན་མངོན་སུམ་དུ་གཟིགས་། མཁས་གྲུབ་བློ་གྲོས་རྣམ་རྒྱལ་གྱིས་བདེ་མཆོག་ནག་པོའི་དབང་དང་རྭ་བ་ཚུལ་ཁྲིམས་རྣམ་རྒྱལ་གྱི་ཕྱག་བྲིས་བདེ་མཆོག་དཀྱིལ་ཐང་གནང་ཞིང་མདོ་ཁམས་བསྟན་པའི་སྒྲོན་མེར་མངའ་གསོལ། སྔོན་རྗེ་བཙུན་སྐུ་གཤེགས་ཁར་ཉིད་ཀྱི་ཆོས་གོས་དང་། མཁན་རིན་ཆེན་རྒྱ་མཚོའི་ཆོས་གོས་གཉིས་ལྷན་དུ་བཞག་ནས་ཕྱིས་སུ་འདིར་ཨ་མདོ་བ་གཉིས་གྲྭ་སར་འོང་བ་ལ་རྟེན་སྐལ་འདི་སྟེར་གསུངས་པ་ལྟར་མཁན་རིན་པོ་ཆེ་ནས་འབྲོག་དགེ་བ་ལ་རྗེ་བཙུན་གྱི་སྐུ་ཆོས་དང་། སྒོ་ཉིན་ཁྱི་གུ་རབ་འབྱམས་པ་ལ་ཉིད་ཀྱི་སྐུ་ཆོས་གནང་ངོ། རྗེ་བཙུན་ཀུན་དགའ་འཕྲིན་ལས་དབང་མོའི་དྲུང་ནས་གདམས་པའི་གནད་མ་ལུས་པ་ཞུས་ཤིང་། ཁྱད་པར་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་ལུས་སྦྱོང་འཁྲུལ་འཁོར་གྱི་ལག་ལེན་གནང་སྐབས་རྗེ་བཙུན་མ་ཉིད་ཞབས་རྡོ་རྗེ་དཀྱིལ་དཀྲུང་བཅས་ནས་བར་སྣང་ལ་ཡུན་རིང་བཞུགས་པའི་གྲུབ་རྟགས་ཀྱང་བསྟན་པ་ཡིན། དེ་ནས་རྗེ་བཙུན་མས་བུ་ཁྱོད་མདོ་ཁམས་སུ་ངེས་དོན་བསྟན་པའི་སྒྲོན་མེར་འགྲོ་དགོས་གསུངས། འགྲོ་བ་ལགས། མདོ་སྨད་ཕྱོགས་སུ་ངེས་དོན་གྱི་ཆོས་གཞི་འདེབས་པ་ལ་བཀའ་ལུང་གསལ་བོར་ཞུ་ཞེས་བྱས་ཚེ། རྗེ་བཙུན་མའི་གསུང་ལས། དགོན་པའི་དབྱིབས་དང་ཁྱད་པར་ངོ་མཚར་ཆེ་བ་དགུན་དུས་སུ་མཚོ་ཁར་མེ་ཏོག་རྒྱས་པ་སྙེད། དེར་བུ་ཁྱོད་ཀྱིས་དགོན་པ་ཐོབ་ཅིག་གསུངས། དེ་ནས་ཆོས་རྗེ་ཉིད་སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་རྒྱ་ཆེན་པོས་ཉེ་བར་བསྐུལ་ཏེ་མདོ་ཁམས་ཕྱོགས་སུ་ཞབས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་བཀོད་དེ་རང་ཡུལ་དུ་ཕེབས་པ་ཡིན། སྤྱིར་ཆོས་རྗེ་དགུང་གྲངས་བཅུ་གཉིས་སུ་སོན་པའི་ལྕགས་འབྲུག་ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་འཁྲུངས་པ་དང་། དགུང་གྲངས་བཅུ་གསུམ་ལྕགས་སྦྲུལ་ལོར་གཙང་སྡེ་སྲིད་ཀརྨ་བསྟན་སྐྱོང་གི་རྒྱལ་སྲིད་ལ་ཉམས་ཉེས་ཆེ་བ་སོང་བ་དང་། དགུང་གྲངས་བཅུ་བཞི་ཆུ་རྟ་ལ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་རྒྱལ་བཟུང་ཞིང་། བོད་ཁྲི་སྐོར་བཅུ་གསུམ་རྒྱལ་དབང་ལྔ་བ་ལ་ཕུལ་ཏེ་བོད་ཡོངས་ཀྱི་ཆོས་སྲིད་ཀྱི་དབང་བསྒྱུར་བ་དང་དུས་མཉམ་ཡིན་ལ། དེ་ནས་གཙང་སྒར་ཕུན་ཚོགས་འབྲོང་མོ་རྫོང་དུ་ཕེབས་ནས་ཀུན་མཁྱེན་རྒྱལ་བའི་ལུགས་བཟང་མི་ནུབ་པའི་རྒྱལ་མཚན་ཅི་ཡང་བསྒྲེང་སྟེ་བསོད་ནམས་ཀྱི་སྐལ་བ་དང་ལྡན་པ་རྣམས་ཀྱི་དཔལ་དུ་བཞུགས་སོ། །དེ་རྗེས་ཐོག་མར་རང་དགོན་གོང་མ་དགོན་སྲིབ་དགོན་པའམ་རྒྱ་མཁར་དགོན་གྱི་དབུ་བླ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་དངོས་སློབ་ཤར་མཚོ་ནམ་མཁའ་རྒྱལ་མཚན་གྱི་གདན་ས་ལ་ཆོས་གཞི་བཙུགས་ཏེ་རྟེན་བཞེངས་སོགས་མཛད་པ་དང་། རྗེ་ཤར་མཚོ་བ་དང་དགོན་ཉིན་ཁྱེའུ་རབ་འབྱམས་པ་རྣམ་གཉིས་རང་རེས་བླ་མ་བརྒྱུད་པའི་གསོལ་འདེབས་སུ་གསལ་བ་ལྟར་དང་། ཁོང་རྣམ་གཉིས་ཀྱི་སྐུ་གདུང་དང་དབུ་ཐོད་གཉིས་ད་ལྟ་ཡང་མཇལ་རྒྱུ་ཡོད། དགོན་བར་མ་ཨ་ཀྱ་དགོན་གྱི་བླ་མ་ངེས་དོན་རྒྱ་མཚོ་སོགས་བླ་རབས་མང་དུ་ཡོད་པའི་དཀོར་བདག་ད་ལྟ་ཡང་གསོལ་མཆོད་བྱེད་སྲོལ་ཡོད་ལ། ད་དུང་དགོན་འོག་མ་སྔགས་སྐོར་དགོན་གྱི་བླ་མ་བཀྲ་ཤིས་དོན་གྲུབ་ཁོང་ཟབ་མོ་གཅོད་ཡུལ་བརྒྱུད་པའི་གསོལ་འདེབས་སུ་བཞུགས་པ་དང་། དེ་ཐམས་ཅད་ཀྱི་དགོན་མ་ལག་གཅིག་ཏུ་ཚོགས་པ་ནི་རྗེ་འབྲོག་དགེ་བ་གང་ཉིད་རྒྱ་མཁར་དགོན་དུ་ཡོད་པ་སླད་ནས་ཕེབས་བཞུད་གནང་ཚེ་ན་ཆུའི་ཁར་དགུན་དུས་སུ་མེ་ཏོག་གསར་བ་མང་བོ་གཟིགས་པས་ཐུགས་ཤིན་ཏུ་དགྱེས་ཤིང་བླ་མས་ལུང་བསྟན་པའི་གནས་དང་འཕྲད་པ་ནི་ལྷ་དང་བླ་མའི་ཐུགས་རྗེ་དང་སྔོན་བསགས་ཀྱི་བསོད་ནམས་ཀྱི་དཔལ་ལས་བྱུང་བ་ཡིན་པས་ཆེས་ཤིན་ཏུ་ཡ་མཚན་པའི་གནས་སུ་དགོངས་ཏེ་ཞབས་ཟུང་དེར་ཕེབས་ཏེ་སྨོན་ལམ་རྒྱ་ཆེར་བཏབ་པས་རྟགས་མཚན་ཕུན་སུམ་ཚོགས་པ་བྱུང་ངོ་། །དེ་ལྟ་བུའི་རླབས་ཆེན་གྱི་མཛད་འཕྲིན་ཕུན་སུམ་ཚོགས་པས། ཆོས་སྲིད་ཟུང་འབྲེལ་གྱི་དཔལ་ལ་མངའ་དབང་བསྒྱུར་བའི་གྲགས་སྙན་ཕྱོགས་ཀྱི་ཐ་གྲུ་ཐམས་ཅད་ལ་ཁྱབ་པས་མི་དབང་ཆེ་དགུ་འབངས་སྡེ་མང་བོས་ཀྱང་གུས་འདུད་ཞུས་ཤིང་སྐྱེས་འབུལ་མཛད་དོ། །སྤྱིར་ཆོས་རྗེ་འདི་བའི་དགུང་གྲངས་རེ་དྲུག་ཏུ་སོན་པའི་ཤིང་ཁྱིའི་ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་མཆོད་ཁང་དམར་བོ་དགུ་ཐོག་བརྩིགས་པ་དང་། རྗེ་འདི་ཉིད་ཞིང་དུ་གཤེགས་པའི་ཕྱི་ལོ་མེ་གླང་ལ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རབ་བྱུང་མཛད་པ་སོགས་དང་དུས་མཚུངས་སོ། །རྗེ་འདི་ལ་སློབ་ཚོགས་གང་གཱའི་རྡུལ་ལས་འདས་པ་ཞིག་བྱོན་པ་ལས་ཐུགས་སྲས་བུ་ཆེན་བཞི་ནི། མཁར་བླ་ཀུན་དགའ་དར་རྒྱས། ཚ་ཀོ་ཡེ་ཤེས་རྒྱ་མཚོ། སོག་པོ་བཀྲ་ཤིས་རྒྱ་མཚོ། ཨ་དཔའ་འཇམ་དབྱངས་བསྟན་འཛིན་རྣམས་སོ། །གཞན་ཡང་སྐུ་དབོན་ཆོས་སྐྱོང་དོན་འགྲུབ། དབོན་ཡོན་ཏན་ལྷུན་གྲུབ་སོགས་སྐུ་ཚ་གྲགས་ཆེན་རྣམས་སོ།།
གཉིས་པ་བསྟན་འཛིན་གྱི་སྐྱེས་བུ་རིམ་བྱོན་རྣམས་ཀྱིས་ཆོས་སྡེ་འདི་བསྐྱངས་ཚུལ་ནི། དང་པོ། ཇི་སྐད་དུ། ཆོས་སྐྱོང་དོན་འགྲུབ་གུར་མགོན་བྲན་དུ་འཁོར། ། གྲགས་པ་བསམ་འགྲུབ་མཁས་གྲུབ་བཟང་པོའི་མཆོག ། ཀུན་དགའ་ལྷུན་གྲུབ་མཁས་གྲུབ་འཕྲིན་ལས་ཅན།། མཆོག་སྤྲུལ་འཇིགས་མེད་དབང་ཕྱུག་གྲུབ་པའི་རྗེ།། ཀུན་དགའ་ལྷུན་གྲུབ་སླར་བྱོན་འཇིགས་མེད་མཚན།། ཁྱབ་བདག་ཡོན་ཏན་རྒྱ་མཚོའི་ཞང་བོའོ།། ཞེས་གསུངས་པ་ལྟར་གདན་རབས་རིམ་བྱོན་ནི།
དང་པོ་འབྲོག་དགེ་སྐུ་ཕྲེང་དང་པོ་འབྲོག་དགེ་དགོན་སློབ་ཀུན་དགའ་དཔལ་བཟང་། སྤྱི་ལོ་(1629—-1696) གཉིས་པ་སྐུ་དབོན་ཆོས་སྐྱོང་དོན་གྲུབ། སྤྱི་ལོ་(འཁྲུངས་འདས་མི་གསལ།) གསུམ་པ་གྲགས་པ་བསམ་གྲུབ། སྤྱི་ལོ་(འཁྲུངས་འདས་མི་གསལ།) བཞི་བ་དབོན་ཀུན་དགའ་ལྷུན་གྲུབ། སྤྱི་ལོ་(འཁྲུངས་འདས་མི་གསལ།) ལྔ་བ་སྐུ་ཕྲེང་གཉིས་པ་ཡང་སྤྲུལ་འཇིགད་མེད་ཆོས་ཀྱི་དབང་ཕྱུག སྤྱི་ལོ་(འཁྲུངས་འདས་མི་གསལ།) དྲུག་པ་སྐུ་ཕྲེང་གསུམ་པ་འབྲོག་དགེའི་་ཀུན་དགའ་ཡོན་ཏན་རྒྱ་མཚོ། སྤྱི་ལ་(1818—1890) བདུན་པ་དབོན་ཐུབ་བསྟན་རྒྱ་མཚོ། སྤྱི་ལོ་(འཁྲུངས་འདས་མི་གསལ།) བརྒྱད་པ་རིག་འཛིན་རྣམ་སྣང་རྡོ་རྗེ། སྤྱི་ལོ་(1848—དགུ་བ་སྐུ་ཕྲེང་བཞི་བ་དཀོན་མཆོག་བསྟན་པའི་ཉི་མ། སྤྱི་ལོ་(1890—1944)བཅུ་བ་བྱང་སྤྲུལ་དགེ་འདུན་རྒྱ་མཚོ། སྤྱི་ལོ་( 1924—2012)བཅུ་གཅིག་པ་བྱ་བྲལ་བ་ཀུན་དགའ་བདེ་གསལ། སྤྱི་ལོ་(1895 —1968) བཅུ་གཉིས་པ་སྐུ་ཕྲེང་ལྔ་བ་ཀུན་དགའ་ཡོན་ཏན་རྒྱ་མཚོ། སྤྱི་ལོ་( 1946—1963) བཅུ་གསུམ་པ་འབྲོག་དགེ་སྐུ་ཕྲེང་དྲུག་པ་མཆོག་སྤྲུལ་ཡོན་ཏན་ལྷུན་གྲུབ། སྤྱི་ལོ(1964—)ཡང་གྲུབ་པའི་ཁྱུ་མཆོག་ཨ་མདོ་བ་དཔོན་སློབ་ཀུན་དགའ་དཔལ་བཟང་གི་སྐུ་དབོན་ཡོན་ཏན་ལྷུན་གྲུབ་སོགས་ཀྱི་གདན་རབས་རིམ་བྱོན་ནི། དང་པོ་སྐུ་དབོན་ཡོན་ཏན་ལྷུན་གྲུབ། སྤྱི་ལོ(1643—1728)གཉིས་པ་ཀུན་དགའ་བཀྲ་ཤིས། སྤྱི་ལོ(1645—1773)གསུམ་པ་ཀུན་དགའ་དོན་གྲུབ། སྤྱི་ལོ(1658—1766)བཞི་བ་ངག་དབང་བཟོད་པ། སྤྱི་ལོ(1737—1828)ལྔ་བ་ཀུན་དགའ་སངས་རྒྱས་རིན་ཆེན། སྤྱི་ལོ(1766—1851)དྲུག་པ་དཀོན་མཆོག་ཡོན་ཏན་རྒྱ་མཚོ། སྤྱི་ལོ(1809—1884)བདུན་པ་ཀུན་དགའ་དར་རྒྱས། སྤྱི་ལོ(1842—1903)བརྒྱད་པ་དཀོན་མཆོག་ཆོས་བཟང་། སྤྱི་ལོ(1854—1943)དགུ་བ་དབོན་བློ་གྲོས་རྒྱ་མཚོ། སྤྱི་ལོ(1868—1930)བཅུ་བ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། སྤྱི་ལོ(1901—1959)བཅུ་གཅིག་པ་ངག་དབང་བློ་གྲོས་རྣམ་རྒྱལ། སྤྱི་ལོ(1911—1984)བཅུ་གཉིས་པ་ཀུན་དགའ་ཚོགས་གཉིས་རྒྱ་མཚོ། སྤྱི་ལོ(1922—1988)བཅུ་གསུམ་པ་མཆོག་སྤྲུལ་ངག་གི་དབང་ཕྱུག །སྤྱི་ལོ(1947—)དེ་ལྟར་སྒར་ཁག་གི་གདན་རབས་རྣམས་ཀྱི་བྱུང་བ་གོང་དུ་ཅུང་ཟད་སྨྲོས་ཟིན་པ་ལྟར་དང་། སྒྲུབ་གྲྭ་གསང་སྔགས་བདེ་ཆེན་གླིང་གི་རྡོ་རྗེ་སློབ་དཔོན་གྱི་བྱུང་རིམ་ནི། ༡ ངག་དབང་ཆོས་འཕེལ་རྒྱ་མཚོ། ༢ ཀུན་དགའ་ཡོན་ཏན་རྒྱ་མཚོ། ༣ དཔལ་ལྡན་རྣམ་སྣང་རྡོ་རྗེ། ༤ བདེ་ཆེན་བདེ་བའི་རྡོ་རྗེ། ༥ དཀོན་མཆོག་བསྟན་པའི་ཉི་མ། ༦ འཇམ་དཔལ་བཞད་པའི་རྡོ་རྗེ། ༧ ཀུན་དགའ་ཐུགས་རྗེ་དཔལ། ༨ ཤེས་རབ་ཆོས་འཕེལ་རྒྱ་མཚོ། ༩ ཀུན་དགའ་དཔལ་ལྡན་རྒྱ་མཚོ་དང་ད་ལྟའི་རྡོ་རྗེ་སློབ་དཔོན་གྱིས་བར་རོ། །བཤད་གྲྭ་བློ་གསལ་གླིང་ངམ་དུས་འཁོར་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་རབས་རྣམས་ནི། ༡ གོས་ལྷ་པཎྚིཏ་ཆོས་དབྱིངས་རྒྱ་མཚོ། ༢ ཀུན་དགའ་ཡོན་ཏན་རྒྱ་མཚོ། ༣ དཔལ་ལྡན་རྣམ་སྣང་རྡོ་རྗེ། ༤ འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། ༥ དབོན་ཕུན་ཚོགས། ༦ ངག་དབང་བློ་བཟང་འཕྲིན་ལས། ༧ མཁན་ཆེན་ཀུན་དགའ་དཔལ་ལྡན་རྒྱ་མཚོ་དང་ད་ལྟའི་བར་དུའོ།།
གཞན་ཡང་དཔལ་བསམ་འགྲུབ་གླིང་གི་གདན་རབས་སུ་བྱུང་བའི་སྐྱེས་ཆེན་རྣམས་ཀྱི་བཀའ་དྲིན་གྱིས་བསྐྱངས་བའི་དགོན་ལག་རྔ་ཡུལ་ཕྱོགས་སུ་ཨ་དཔལ་ངེས་དོན་བསམ་གཏན་གླིང་། རྩི་ནང་མི་འགྱུར་ངེས་དོན་བདེ་ཆེན་གླིང་། བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་། ཐར་མོ་དགོན་མ་ཉེས་བཀྲ་ཤིས་ཕུན་ཚོགས་གླིང་དང་། གཞན་རྒྱལ་མོ་ཚ་བ་རོང་གི་ཕྱོགས་སུ་ལྷ་ཡག་ལྷུན་གྲུབ་གླིང་། སྣར་འདུས་ཆོས་འཁོར་བདེ་ཆེན་གླིང་། ཀ་མྱོས་ཐུབ་བསྟན་དར་རྒྱས་གླིང་། བཞག་དཔྱོད་དགོན་ལྔར་གྲགས་པ་༡པཱ་ལ་དགོན། ༢བྷོ་ཝཾ་རོའི་དགོན། ༣ཁང་སར་དགོན། ༤ཙཀ་དགེ་བ་དགོན། ༥དཔལ་ལྡན་བཀྲ་ཤིས་སྒང་། སོག་ཡུལ་ཕྱོགས་སུ་བྱམས་ཆེན་དགོན་ངེས་དོན་བདེ་ཆེན་དགའ་ཚལ་གླིང་། རྒྱ་ཡུལ་ཕྱོགས་སུ་ཧྲན་དུང་ཡུལ་གྱི་ཆེན་ཧི་དགོན། ཙེ་ཅིང་ཡུལ་གྱི་བདེ་ཆེན་དགོན་པ་སོགས་དགོན་མ་ལག་བཅོ་བརྒྱད་ཙམ་ཡོད་ཀྱང་ངེས་དོན་གྱི་ཆོས་གཞི་ཆེ་བ་རྣམས་ཀྱི་བྱུང་རབས་མདོ་ཙམ་འདིར་བརྗོད་དགོས་ཀྱང་རེ་ཞིག་དེ་ཙམ་མོ།།
ནང་རྟེན་བྱིན་ཅན་གྱི་གཙོ་བོ་ནི་གཟིམ་ཁང་ངམ་ལྷ་ཁང་གོང་འོག་གཉིས་ཀྱི་ནང་དུ་ཡོད་པར་གྲགས་ཀྱང་། དེ་ཡང་ཐུབ་པ་རྒྱ་གར་རྡོར་གདན་མ། རྗེ་བཙུན་ཏཱ་ར་ནཱ་ཐའི་སྐུ་ཆོས། འབྲོག་དགེ་དཔོན་སློབ་ཀུན་དགའ་དཔལ་བཟང་གི་སྐྱེ་ཕྲེང་བླ་རབས་རིམ་པའི་སྐུ་ཆོས། སྡེ་སྲིད་སྟག་ཚ་རིན་པོ་ཆེས་དཔོན་སློབ་ཀུན་དགའ་དཔལ་བཟང་ལ་ཕུལ་བ་ལས་གོས་བེར། རྒྱ་ནག་གོང་མས་དབོན་ཀུན་དགའ་ལྷུན་གྲུབ་ལ་གནང་བའི་དཔོན་ཞྭ་དང་ཐམ་ཀ ཙནྡན་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། གྲོང་མང་བ་རིག་འཛིན་རྣམ་སྣང་རྡོ་རྗེའི་ཕྱག་ལག དཀོན་མཆོག་བསྟན་པའི་ཉི་མའི་ལྗགས་དང་གཞན་དབུ་ཞྭ་སོགས་མང་པོ་བཞུགས་ལ། གཞན་ཡང་སྒྲོལ་མ་རང་བྱོན་མའི་གསེར་སྐུ་རྒྱ་ནག་མ་ཁྲི་དང་བཅས་པ་དང་། རྭ་བ་ཚུལ་ཁྲིམས་རྣམ་རྒྱལ་གྱི་ཕྱག་བྲིས་བདེ་མཆོག་དཀྱིལ་ཐང་། སངས་རྒྱས་འོད་དཔག་མེད་ཀྱི་གསེར་སྐུ་ཐོག་ཚད་ཅན་ཞིག་ལ་གསུང་འབྱོན་པ་དང་ཐུགས་ཀར་དྲོད་དང་ལྡན་པར་ཞིག་ཡོད་པར་དེའི་མཚོན་གསེར་སྐུ་བྱིན་ཅན་རྣམས་དང་། ཀོས་ལྷ་པཎྚིཏས་ཕྱག་བྲིས་སྐྱེས་རབས་སོ་བཞི་བ་དང་དུས་འཁོར་དཀྱིལ་ཐང་སོགས་ཀོས་ལྷས་ཐང་ཀ་བཞི་བཅུ་ལྷག་དང་། ཆོས་རྗེ་བླ་མས་གནང་བའི་མགོན་པོ་གུར་ངོ་མཚར་རྡོ་སྐུ་རང་བྱོན་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞུགས་སོ།། ད་དུང་ད་ལྟ་ཚོགས་ཆེན་འདུ་ཁང་ནང་ལ་བཞུགས་པའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་རྟན་རྙིང་དང་། གཞན་གྲོང་མང་བ་རིག་འཛིན་རྣམ་སྣང་རྡོ་རྗེས་ཕྱག་བཏབ་མཛད་པའི་ཚ་ཁང་བྱིན་རླབས་ཅན་སོགས་མང་པོ་བཞུགས།
ནང་དོན་ཡོངས་ཁུངས། ཀ་ལཱ་པའི་གྲོང་།