རྩོམ་པ་པོ། མཆོག་ཚང་ཀ་གནམ།
དེ་ཡང་ཇི་སྐད་དུ། ཀུན་མཁྱེན་ཇོ་ནང་པ་ཆེན་པོས་ཞལ་ནས། མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་སུ། ཆུ་བོ་་འགྲམ་ལ་སྟེན་པའི་ལུང་བ་རུ། ཨ་མུ་སྐུ་མཆེད་དག་གིས་བསྟན་པ་དར། ཞེས་ལུང་གིས་ཡང་ཡང་བསྔགས་པའི་གནས་མཆོག་ཁྱད་པར་ཅན་ཤར་འཛམ་ཐང་ཆོས་ཀྱི་ཕོ་བྲང་གི་ཉེ་འདབས་སུ། ༡༩༡༧ ལོར་ཡབ་སྐལ་བཟང་དང་ཡུམ་ཡག་ཤུལ་བཟའ་བཀྲ་ཤིས་སྐྱིད་རྣམ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས་སོ།
དགུང་གྲངས་དགུ་ནས་ཀློག་བསླབ་ཀྱི་ཉེར་མཁོ་ཆོས་སྤྱོད་ཀྱི་རིགས་ཡོངས་རྫོགས་ཚེགས་མེད་དུ་ཐུགས་སུ་ཆུད་པར་བྱས། དགུང་གྲངས་བཅུ་བཞི་ནས་ཁོང་ཝ་ཤུལ་ལྷ་བཟོ་རྡོ་རྗེ་འཆང་གི་ནང་ཐུགས་ཀྱི་སྲས་གཅིག་པུ་དཔལ་ཀ་ལ་ཙཱཀྲའི་རྡོ་རྗེ་སློབ་དཔོན་བྱ་ཡུལ་བླ་མ༧ངག་དབང་བསྟན་པ་རབ་རྒྱས་ཀྱི་ཞབས་པད་ཉེ་བར་བསྟེན་ནས། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་གཙོའི་རྒྱལ་བ་ཇོ་ནང་པའི་རང་ལུགས་དྲི་མ་མེད་པའི་དབང་ལུང་མན་ངག་རྒྱ་མཚོའི་ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད།
དགུང་གྲངས་ཉི་ཤུའི་སྐབས་དམར་དམག་རྒྱང་བསྐྱོད་ཀྱི་དམག་དཔུང་ཆེན་པོ་ཐོན་ཞིང་མི་འཚམས་པའི་ལས་ལ་བྲོས་བྱོལ་དུ། པཎྚིཏ་ཆེན་པོ་ངག་དབང་ཚོགས་གཉིས་རྒྱ་མཚོ་མཆོག་དང་ལྷན་དུ་ཡུལ་མགོ་ལོག་ཏུ་ཆིབས་བསྐྱོད་གནང་། དེའི་སྐབས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོ་མཆོག་མགོ་ལོག་ཏུ་བྱོན་པའི་དུས་དེར་ཁེལ་བས་རྗེ་ངག་དབང་ཚོགས་གཉིས་རྒྱ་མཚོ་དང་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་སོགས་བླ་སྤྲུལ་ཆེ་དགུ་མང་པོར་ཆོས་འབྲེལ་དང་ཕྱག་དབང་གནང་། དེ་དག་གི་གྲྭལ་ནས་རང་ཅག་གི་མེ་ཏོག་ཕོག་པའི་བླ་མ་མཁས་བཙུན་གྲུབ་པའི་ཁྱུ་མཆོག་ཕ་རྩ་བའི་བླ་མ༧ངག་དབང་བློ་བཟང་འཕྲིན་ལས་དཔལ་བཟང་པོ་མཆོག་ལ། ཀུན་གཟིགས་ཐམས་ཅད་མཁྱེན་པ་མཆོག་གིས་ཞལ་འཛུམ་པ་དང་བཅས་ཕྱག་ཟུང་གིས་འགྲམ་པ་གཉིས་དལ་གྱི་བྱུགས་ཤིང་དབུ་ཐུག་མཛད་པ་མ་གཏོགས་ཕྱག་དབང་གནང་བར་མ་མཛད་དེར་ཡོད་སེར་སྐྱ་རྣམས་ཀྱང་ཧ་ལས་པར་གྱུར་རོ།
དེ་རྗེས་རང་ཡུལ་དུ་ཞབས་སོར་འཁོད་ཀྱང་མཁས་དབང་ཁོང་དང་རྗེ་བླ་མ་ངག་དབང་བློ་གྲོས་གྲགས་པ་རྣམ་གཉིས་ཀྱི་ཡོངས་འཛིན་དམ་པ་རྣལ་འབྱོར་གྱི་དབང་ཕྱུག་ངེས་པ་དོན་གྱི་བྱ་བྲལ་བ་ཆེན་པོ༧བླ་མ་བློ་གྲོས་ཚུལ་ཁྲིམས་ཀྱི་དྲུང་ནས། དབུ་ཕར་ཚད་མ་སོགས་ལྔ་ཟུང་རིག་པའི་གནས་ལ་བརྩོན་པ་ལྷོད་མེད་རྡོ་རུས་ཐུག་པ་ཞིག་གནང་བར་མཛད། དེ་དུས་ཡོངས་འཛིན་རིན་པོ་ཆེས་ཀྱང་ཁྱེད་ལ་ཟབ་པའི་ཤེས་རབ་ཡང་དག་མངའ་བ་དང་། འཇུ་མི་ཕམ་རིན་པོ་ཆེའི་སྤྲུལ་བའི་སྐུ༧ངག་དབང་བློ་གྲོས་གྲགས་པར་གསལ་བའི་ཤེས་རབ་ཕུན་སུམ་ཚོོགས་པར་འདུག་ཞེས་ཁོང་གི་ཐུགས་སྲས་རྣམ་གཉིས་ལ་ནམ་རྒྱུན་བསྟོད་བསྔགས་མང་པོ་གནང་། སྐབས་ཞིག་ནས་བླ་མ་བཀའ་དྲིན་ཅན་ཁོང་ལ་ཀླུ་གདོན་གྱིས་གནོད་པས་སྐུ་ལ་བསྙུང་གཞི་ཚབ་ཆེན་བཞེས་ཀྱང་སྐུ་འཚམས་དམ་པོར་ལོ་མང་རིང་བཞུགས་ནས། དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་བསྐྱེད་རིམ་དང་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ལམ་རྟགས་རྣམས་མངོན་ཏུ་གྱུར་ཞིང་། དཔལ་ཕྱག་ན་རྡོ་རྗེའི་ཞལ་གཟིགས་སྒྲུབ་གཏོར་རྣམས་ཀྱང་རང་བསྲེལ་གྱི་ཕུང་པོར་གྱུར། ནང་མཆོད་བདུད་རྩིར་ཁོལ་ཞིང་སྐུའི་སྙུང་གཞི་ཡང་སངས་དྲགས་དུ་གྱུར་རོ། ཆོས་སྐྱོངས་ཁྱབ་འཇུག་ཆེན་པོ་བཙུན་པ་ཞིག་གི་རྣམ་པར་བྱོན་ནས་བསྟན་པ་སྲུང་བ་ཞལ་གྱི་བཞེས། དུས་དེ་ནས་བཟུང་ཁོང་གི་མེ་བཙའ་གཏར་ཁ་སྔགས་ཆུ་གསང་ཆབ་སོགས་ཀྱི་བཀའ་དྲིན་ཁོ་ནས་ཀྱང་ནད་པ་ཁྲི་སྟོང་མང་པོ་སྡུག་བསྔལ་གྱི་ནད་ལས་སྐྱབས་པ་ལ་གྲངས་ཀ་མེད་དོ།
དགུང་གྲངས་བཞི་བཅུ་ནས་དཔལ་ཆོས་ཐང་དགོན་གྱི་རྡོ་རྗེ་སློབ་དཔོན་ཆེན་མོ་དང་མདོ་སྔགས་གཞུངས་བརྒྱ་སྨྲ་བའི་མཁན་པོའི་ཁྲིར་བཞུགས། མགོ་ལོག་ཨ་སྐྱོང་རྒྱ་དགོན་པའི་འཆད་ཁྲིད་དགེ་བའི་བཤེས་གཉེན་ཆེན་པོའི་ཐུགས་འགན་ཀྱང་བཞེས།
དགུང་གྲངས་ཞེ་གསུམ་ནས་བཟུང་དུས་འཁྲུགས་མི་དགེའི་སྤྱོད་པ་ཡ་ང་བའི་སྐབས་སྐྱེས་ཆེན་དམ་པ་གཞན་དང་འདྲ་བར་དཀའ་སྡུག་ཚད་མེད་མྱོང་ནམ་ཁོམས་སུ་དཔལ་ལྡན་སྨན་གྱི་རྒྱུད་བཞི་ལ་གཟིགས་ཅིང་དགོངས་དོན་ལག་ལེན་མ་ནོར་ཇི་བཞིན་དུ་མཁྱེན་ཅིང་ཕུལ་བྱུང་སྨན་རམས་པའི་གྲགས་པ་ཡང་ཕྱོགས་སུ་ཁྱབ།
དགུངས་གྲངས་རེ་གཅིག ༡༩༨༢ ནས་བསྟན་པ་ཡང་དར་གྱི་ཉི་གཞོན་ཤར་རིའི་ཕྲག་ནས་ཤར་བའི་རྟེན་འབྲེལ་གྱི་རྩ་བའི་གདན་ས་དཔལ་ཆོས་ཐང་དགོན་བཤད་སྒྲུབ་ནོར་བུའི་གླིང་ནས་ངེས་དོན་བསྟན་པ་ཡོངས་རྫོགས་ཀྱི་ཁུར་ཆེན་བདག་གིར་བཞེས་ནས། མི་ལོ་བཅོ་བརྒྱད་ཀྱི་བར་དུ་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་བསྟན་པ་དང་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་བཤད་པའི་བསྟན་པ་རིན་པོ་ཆེ་རྣམ་པ་གཉིས། འགལ་མེད་བཤད་སྒྲུབ་གཉིས་ཀྱི་བསྟན་པའི་རྒྱལ་མཚན་ནམ་ཡང་ནུབ་པ་མེད་པའི་མཁའ་ལ་བསྒྲེངས་བར་མཛོད། ལྷག་པར་མདོ་སྨད་འཛམ་ཐང་གི་ཡུལ་འདིར་བཤད་པའི་བསྟན་པ་རིན་པོ་ཆེ་ཉམས་དམའ་བའི་སྐབས་སུ་དམ་པ་གཞན་ལས་ཀྱང་བཀའ་དྲིན་ཆེ་བ་ནི། འཇམ་པའི་དབྱངས་དངོས་འབའ་མདའ༧པཎྚི་ཏ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ། ངག་དབང་ཚོགས་གཉིས་རྒྱ་མཚོ། མཁས་དབང་བློ་གྲོས་ཚུལ་ཁྲིམས། བདག་ཅག་གི་དྲིན་ཆེན་བླ་མ་ཁོང་རྣམ་པ་བཞི་པོ་ཡིན་ནོ། རྔ་ཡུལ་བསེ་དགོན་པ་སོགས་ཆོས་སྡེ་མང་པོར་བཤད་གྲྭ་གང་མང་གསར་འཛུགས་མཛད། མདོར་ན་ཁོང་གི་སྟོན་པའི་དམ་ཆོས་བཤད་སྒྲུབ་ཁོ་ན་ལས་དེང་སྐབས་ཀྱི་ཆོས་བརྒྱད་ཀྱིས་སླད་པའི་བྱ་བ་ལས་ཀྱི་འཁོར་ལོ་སོགས་ལ་ཐུགས་གཙུག་གཏད་ནས་མི་མཛད། སྐུ་ཚེ་གང་པོར་གདན་ས་གཅིག་ཏུ་བཞུགས་པ་མ་གཏོགས་ཡུལ་ཕྱོགས་གཞན་ལ་བྱོན་མ་མྱོང་། དེ་རྗེས་ཕ་རྒོད་བླ་མ་རྡོ་རྗེ་འཆང་ཆེན་པོ་གང་ཉིད་གཟིམ་ཆུང་ཡིད་དགའ་ཆོས་འཛིན་དུ་དགུང་གྲངས་གྱ་གཉིས་པ་སྤྱི་ལོ༡༩༩༨བོད་ས་སྟག་ལོའི་ཧོར་ཟླ་བཞི་བའི་ཚེས་བཅུ་གསུམ་གྱི་ཉིན་གུང་གི་སྐབས་སུ་ནུབ་ཕྱོགས་བདེ་ཆེན་ཞིང་གི་རྒྱལ་བ་འོད་མཐའ་ཡས་པའི་མདུན་སར་གཤེགས་སོ། ཟུར་ཞུ༧སྐྱབས་རྗེ་བཀའ་དྲིན་ཁོང་ལ་སྐུ་གོང་མའི་མཚན་སྙན་པོ་ཞིག་དང་ཁྲི་མཐོན་པོ་ཞིག་འཚོལ་མི་དགོས་མོད། འོན་ཀྱང་སྔོན་གྱི་ཚད་ལྡན་གྱི་དམ་པ་འགའ་ཞིག་གིས་ཟོལ་བསྟོད་མ་ཡིན་པར་འདི་ལྟར་གསུངས་མྱོང་། སྨན་རྩིས་མཁས་དབང་སྟག་བླ་ནོར་བུས་་སངས་རྒྱས་སྨན་བླའི་སྤྲུལ་བར་བསྔགས། ཟམ་ངོའི་རྡོ་རྗེ་འཆང་གིས་མུ་མདའི་རླུང་རོ་མར་བུ་སྐྱེས་བུ་དམ་པ་ཞིག་སྐྱེས་ངེས་ཡིན་གསུངས། དཔལ་ཡུལ་མགར་ཀློང་གིས་མགོན་པོ་འོད་དཔག་མེད་དུ་གཟིགས། ཁོང་གི་རྩ་བའི་སློབ་དཔོན་བླ་མ་བསྟན་པ་རབ་རྒྱས་མཆོག་གིས་རྒྱ་གར་གྱི་གྲུབ་ཞིག་གི་སྤྲུལ་བར་བསྔགས། འཇམ་མགོན་བློ་གྲོས་གྲགས་པས་གསང་བདག་དངོས་ཡིན་པས། བསེར་རྒྱལ་གདོན་ལ་སོགས་ཀྱི་ཁོང་གི་སློབ་བརྒྱུད་ལ་གནོད་པས་ལས་གཏན་ནས་མི་བྱེད་གསུངས། གྲུབ་དབང་ཆོས་རྗེ་མྱི་བཟང་གིས་རྗེ་བཙུན་འཇམ་དཔལ་དབྱངས་སུ་མཐོང་བ་སོགས་རྣམ་ཐར་མང་ཡང་རེ་ཞིག་དེ་ཙམ་གྱི་འཐུས་པར་བྱའོ།
ནང་དོན་ཡོངས་ཁུངས། ཀ་ལཱ་པའི་གྲོང་།