སྔགས་ཀྱི་དཔྱད་རྩོམ།

སྔགས་ཀྱི་དཔྱད་རྩོམ།


རིས་མེད་མཐོ་སློབ་མཁན་ཆེན་བསམ་གཏན་རྒྱ་མཚོ།
མཆོག་གི་དང་པོའི་དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། འདིར་དུས་འཁོར་གྱི་ཕྱོགས་ལ་དཔྱད་པ་བསྡུས་ཙམ་བརྗོད་པ་ལ།

ཐོག་མར་བཅོམ་ལྡན་འདས་ཇི་ལྟར་མངོན་པར་སངས་རྒྱས་པའི་ཚུལ། སངས་རྒྱས་ནས་རྒྱུད་ཀྱི་རྒྱལ་པོ་ལེགས་པར་གསུངས་པའི་ཚུལ། ལེགས་གསུངས་རྒྱུད་སྡེ་བཞིའི་དགོས་པ་བསྟན་པའོ།།


དང་པོ་ལ་ངོ་བོ་ཉིད་ཀྱི་སྐུ་མངོན་པར་བྱང་ཆུབ་པའི་ཚུལ་དང་ཀུན་རྫོབ་གཟུགས་ཀྱི་སྐུ་མངོན་པར་བྱང་ཆུབ་པའི་ཚུལ་སོགས་ཡོད་ཀྱང་མདོར་བསྡུས་ན། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བཤད་པ་ལ་འཇུག་པ་ངོ་མཚར་རྟོགས་བརྗོད་ལས། དེས་ན་སྐུ་བཞིའི་བདག་ཉིད་དེ་ཐོབ་པར་བྱ་བའི་ཕྱིར། གློ་བུར་གྱི་དྲི་མ་སྦྱང་བའི་དོན་དུ། ལམ་གྱི་ངོ་བོ་ཡེ་ཤེས་ཀྱི་ཚོགས་དང་ལམ་གྱི་ཡན་ལག་བསོད་ནམས་ཀྱི་ཚོགས། སེམས་ཅན་ཡོངས་སུ་སྨིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སྨོན་ལམ་ཡོངས་སུ་རྫོགས་པར་བྱས་ནས། གདོད་ནས་ལྷུན་གྲུབ་ཀྱི་སྐུ་བཞི་མངོན་དུ་བྱས་པ་ལ་སངས་རྒྱས་ཐོབ་པ་ཞེས་བྱའོ།། ཞེས་གསུངས་པ་ལྟར་རོ།།
གཉིས་པ་ནི། སྟོན་པ་བཅོམ་ལྡན་འདས་འདི་རྒྱ་གར་འཕགས་པའི་ཡུལ་དུ་ས་ག་ཟླ་བའི་ཉའི་སྐྱ་རེངས་འཆར་བའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་ཚུལ་བསྟན་ནས། དང་པོར་ལོ་གཅིག་གི་བར་དུ་བྱ་རྒོད་ཕུང་པོའི་རིར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཐེག་པ་གསུམ་བསྟན་ནོ།། དེ་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཟླ་བ་ཉ་ནས་བཟུང་སྟེ། བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྟོན་པ་དང་། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་ཕུང་གི་མཆོད་རྟེན་ཆེན་པོར་བྱོན་ནས་སྔགས་ཀྱི་ཐེག་པ་སྟོན་པའི་ཚུལ་གཉིས་མཛད་པ་ཡིན་ཏེ། རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ།། ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།། ཆོས་བསྟན་དཔལ་ལྡན་འབྲས་ཕུང་དུ།། དེ་བཞིན་གསང་སྔགས་ཚུལ་རབ་གསུངས།། ཞེས་དང་། ངོ་མཚར་རྟོགས་བརྗོད་ལས། ཁ་ཅིག་སྟོན་པ་མྱ་ངན་ལས་འདའ་ཁའི་ལོ་དེ་ལ་དཔལ་ལྡན་འབྲས་ཕུང་དུ་རྒྱུད་གསུངས་པར་འདོད་པ་ཡང་། རྒྱུད་འགྲེལ་དང་འགལ་ཏེ། རྒྱུད་འགྲེལ་ལས། ས་ག་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ཐེག་པ་གསུམ་བསྟན་པ་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་པའི་ཉ་ལ་ཤྲི་དྷཱ་ན་ཀ་ཊ་ཀར། ཞེས་གསུངས་པའི་ཕྱིར་ཏེ། ནག་པའི་ཟླ་བ་དང་པོ་ཡིན་པ་ལ། ས་ག་ཟླ་བ་ནས་བགྲངས་པའི་ཟླ་བ་བཅུ་གཉིས་པར་བྱས་ནས། དེ་ལ་འབྲས་ཕུང་དུ་རྒྱུད་གསུངས་པར་བཤད་པས། སངས་རྒྱས་ནས་ལོ་གཅིག་ན་འབྲས་ཕུང་རྒྱུད་གསུངས་པར་བཤད་པའི་ཕྱིར།། ཞེས་གསུངས་པའི་ཕྱིར་རོ།།


གསུམ་པ་ནི། འདོད་ཆགས་ལ་འདོད་པའི་ཁམས་ན་རིགས་བཞི་སྟེ། མཛོད་ལས། གཉིས་གཉིས་འཁྱུད་དང་ལག་བཅངས་དང་།། རྒོད་དང་བལྟས་པས་འཁྲིག་པ་ཡིན།། ཞེས་པས་བཞིར་བཤད་པས། དེ་སྦྱོང་བྱེད་ལ་རྒྱུད་སྡེ་བཞི་གསུངས་པ་ཡིན་ཏེ། སཾ་པུ་ཊི་ལས། རྒོད་དང་ལྟ་དང་ལག་བཅངས་དང་།། གཉིས་གཉིས་འཁྱུད་དང་རྣམ་པ་བཞི།། སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས།།ཞེས་དང་། ངོ་མཚར་རྟོགས་བརྗོད་ལས། དེ་ལྟར་ཆགས་པ་བཞིའི་གཉེན་པོར་རྒྱུད་སྡེ་བཞི་གསུངས་སོ།། ཞེས་པ་ལྟར་རོ།། འདི་ཡང་སྔགས་ལ་བག་ཆགས་ཙམ་འཇོག་ཕྱིར་རིས་མེད་སློབ་གླིང་ནས་ཉིན་ཡུལ་དགོན་གྱི་གྲྭ་བསམ་མིང་བས་སོ།།

ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།