མཛད་པ་པོ། མཁན་དཔལ་འབྱོར་ཚེ་རིང་།
ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་རང་ལུགས་དྲི་མ་མེད་པ་ལས་བརྩམས་ཏེ་མཐར་ཐུག་གཞན་སྟོང་ཟབ་མོའི་དགག་བྱ་འགོག་ཚུལ་ཐུན་མོངས་མ་ཡིན་པ་མདོར་བསྡུས་ཙམ་ངོ་སྤྲོད་ཞུ་བ་ལ།
ཐུན་མོངས་ཀྱི་རིགས་པའི་དཔྱད་པ་ལས་བརྩམས་ཏེ་འཆད་ཚུལ་དང་། མཉམ་བཞག་ཟབ་མོའི་གཟིགས་ཚུལ་གོ་བབ་ཀྱི་སྟེང་ངོ་སྤྲོད་པའི་འཆད་ཚུལ་དང་། ཤིན་ཏུ་སྦས་པ་མན་ངག་ཟབ་མོ་ལ་བརྟེན་ནས་ཡེ་ཤེས་མངོན་སུམ་དུ་སྟོན་པའི་ཐབས་ཀྱིས་འཆད་ཚུལ་གསུམ་ལས།
དང་པོ་ནི་ལྟ་བ་ཁ་ལ་ཁྱེར་བ་ཕལ་ཆེར་གྱི་ཁ་ན་བྱང་བ་གཅིག་ཏུ་བྲལ་དང་མཐའ་བཞི་སྐྱེ་འགོག་སོགས་ཀྱི་དཔྱོད་ཚུལ་དེར་ཟད་ལ། དེ་ལ་ཡང་ཐུན་མོང་མིན་པའི་རྣམ་བཞག་ཅུང་ཟད་མཆིས་མོད། རེ་ཞིག་བཞག་ནས་མི་འཆད། གསུམ་པ་ནི་རང་དགར་བྲིས་ན་དོན་དུ་འགྱུར་བར་དཀའ་ཞིང་ཤིན་ཏུ་གསང་སྒྲོག་ཁོ་ནར་གནས་པས་མི་འཆད་དོ། །
དེས་ན། འདིར་རེ་ཞིག་མཉམ་བཞག་ཟབ་མོའི་གཟིགས་ཚུལ་གོ་བབ་ཀྱི་སྟེང་ངོ་སྤྲོད་པའི་སྒོ་ནས་ཅུང་ཟད་འཆད་པར་བྱའོ། །དེ་ལ་འཁོར་འདས་སྲིད་དོ་ཅོག་གི་ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པ་རང་བྱུང་གི་ཡེ་ཤེས་འོད་གསལ་མཐའ་དབུས་མེད་ཅིང་དྲི་མ་དང་བྲལ་བའི་ཡེ་ཤེས་སྐུ་ཐུགས་རྣམ་པ་ཐམས་ཅད་པ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་གདོད་ནས་ལྷུན་འགྲུབ་ཏུ་བཞུགས་པ་དེ་ག་ཁོ་ན་དོན་དམ་གཞན་སྟོང་གི་དབུ་མ་ཆེན་པོ་ཡིན་ནོ། །དེ་ཡང་ལམ་གྱིས་གསར་དུ་སྒྲུབ་པ་དང་བསྒོམས་ནས་སྐྱེས་པ་མ་ཡིན་ཏེ། འགྲོ་ཀུན་སེམས་ཅན་ཐམས་ཅད་ལ་རང་སྲོག་རང་སྙིང་དུ་གནས་ཀྱང་ངོ་མ་ཤེས་པ་ཁོ་ནར་ཟད་དོ། །
འོ་ན། དེ་ལྟའི་ཡེ་ཤེས་ཆེན་པོ་ཞིག་སེམས་ཅན་དམྱལ་བ་པ་ནས་བཟུང་སྟེ་ཐམས་ཅད་ལ་གནས་པ་ཡིན་ན། འཁོར་བ་ཞེས་བྱ་བ་ཇི་ལྟར་གྲུབ་པ་ཡིན་སྙམ་ན། དེ་འཆད་པར་བྱ་སྟེ། གཉུག་མ་ལྷུན་འགྲུབ་ཀྱི་ཡེ་ཤེས་ཆེན་པོ་ལས་ངོ་བོ་དོན་ལོགས་སུ་གྲུབ་པ་མེད་ཀྱང་། རྣམ་པ་དེ་ལས་ཅུང་ཟད་རགས་པ་ཤིན་ཏུ་ཕྲ་བའི་ཀུན་གཞིའི་རྣམ་པར་ཤེས་པ་གཉུག་མའི་ཡེ་ཤེས་དང་ཤིན་ཏུ་འདྲ་རུང་བ་ཞིག་ཡོད་པ་དེ་ནི། ཀུན་རྫོབ་ཐམས་ཅད་ཀྱི་ཕྲ་མ་མཐར་ཐུག་པ། རྣམ་གྲངས་པའི་དོན་དམ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཏེ། འདི་ལ་ལྟོས་ན་ཡིད་ངོར་ཤར་བའི་བདེན་སྟོང་དང་སྤྲོས་བྲལ་ཞེས་པའི་ཁས་བླངས་བྲལ་བ་ཡུལ་ཡུལ་ཅན་དང་བཅས་པ་ཤིན་ཏུ་རགས་པ་ཡིན་པས། དོན་དམ་གནས་ལུགས་ལས་ཤིན་ཏུ་རང་ཞིང་། རྣམ་གྲངས་པའི་དོན་དམ་གྱི་ནང་ནས་ཀྱང་ཕལ་བ་དང་། དོན་དམ་ཀྱི་གནས་ལུགས་ལས་ཐག་རིང་བའི་ཆོས་ཁོ་ཡིན་ནོ། །
དེ་མ་ཐག་བཤད་པའི་ཀུན་རྫོབ་ཀྱི་ཤེས་པ་ཤིན་ཏུ་ཕྲ་དེ་མངོན་དུ་གྱུར་བ་ན། ཁོ་རང་དོན་དམ་རྗེན་ཅར་བ་མ་ཡིན་ཡང་། སྤྲིན་པ་བསྲབས་མོའི་ཕ་རོལ་ན་ཉི་མའི་དཀྱིལ་འཁོར་འོད་ཀོར་བ་ཞིག་ཡོད་པ་མཐོང་ལྟར། གདོད་ནས་བཞུགས་པའི་ཆོས་སྐུ་ལ་གོ་བབས་ཙམ་མ་ཡིན་པའི་ཉམས་མྱོང་གི་ཡིད་ཆེས་བསམ་མི་ཁྱབ་པ་འདྲེན་པར་བྱེད་པ་ཞིག་གོ། །དེ་ལས་ཀྱང་ཅུང་ཟད་བག་ཆགས་ཀྱིས་སེམས་དཀྲུགས་ན་ད་དུང་ཀུན་གཞི་རྣམ་པར་ཤེས་པ་ལས་ཚོགས་བདུན་ལྟར་རགས་པ་མ་ཡིན་ཡང་། ཀུན་གཞི་དེ་མྱོང་བ་རགས་མོར་གྱུར་ཏེ་ཀུན་གཞི་རྣམ་པར་ཤེས་པ་འཐུག་པོ་གྱུར་བ་ནི། སྤྲིན་པ་སྟུག་པོ་ལངས་པ་ན་ཕ་རོལ་གྱི་ཉི་མའི་དཀྱིལ་འཁོར་གྱི་འོད་ཅུང་ཟད་ཀྱང་མི་མཚོན་པ་ལྟ་བུ་སྟེ། རས་བསྲབས་མོ་ཚགས་ལྷོད་པོ་ཞིག་གི་ཕ་རོལ་ནས་དངོས་པོ་ལྟ་བའི་ཚེ་ན། ཕ་རོལ་གྱི་དངོས་ཅུང་ཟད་རིག་ཀྱང་། རས་དེ་ཚགས་དམ་པོ་གྱུར་ཏེ་ཇེ་འཐུག་ལ་སོང་ན་ཕ་རོལ་གཏན་ནས་མི་རིག་པ་དང་འདྲ་བའོ། །འདི་དང་སྔར་གྱི་ཀུན་གཞི་གཉིས་ནི་ངོ་བོ་གཅིག་ལ་མི་ཕྱེད་པ་ལྟ་བུར་རང་ཅག་ཕལ་བ་ལ་ཡོད་ཀྱང་། ལམ་བསྒོམས་ནས་སེམས་ཀྱི་རང་ངོ་བསྐྱངས་པ་ལས་ཀུན་གཞི་འཐུག་པོའི་གནས་སྐབས་དང་དེ་ཉིད་ཤིན་ཏུ་བསྲབས་མོར་གྱུར་པའི་ཁྱད་པར་ཡོད་པས། ཆོས་ཉིད་གཉུག་མའི་ཡེ་ཤེས་མཚོན་ནུས་པ་དང་མི་ནུས་པའི་གནས་སྐབས་སོ་སོ་བ་ཡིན་ནོ། །སྔོན་གྱི་མཁས་མང་པོ་ཞིག་ཀུན་གཞི་རྣམ་ཤེས་དང་ཡེ་ཤེས་ཁྱད་མི་ཕྱེད་པ་དེ་ཡང་། ཤིན་ཏུ་ཕྲ་བའི་གནས་སྐབས་ཀྱི་ཀུན་གཞི་འདི་ལ་དགོངས་ནས། དེ་མངོན་ཏུ་གྱུར་པ་ན་ཆོས་ཉིད་གཉུག་མའི་ཡེ་ཤེས་ཀྱི་སྣང་ཆ་མང་པོ་ཞིག་སངས་རས་ཀྱི་གདོང་གཡོགས་ནས་དངོས་པོ་ལ་ལྟ་བ་བཞིན་ཉམས་སུ་བསྟར་བར་འགྱུར་ཞིང་། རྗེས་ཐོབ་ངེས་ཤེས་ཀྱི་སྐབས་སུ་དོན་དམ་ལ་ཐེ་ཚོམ་ཆོད་ནས་ཉམས་མྱོང་གིས་དཔོག་ནུས་པ་ཞིག་སྐྱེ་བར་འགྱུར་བ་འདི་ལ་དགོངས་པ་ཡིན་ནོ། །སྤྱིར་ཆོས་ཉིད་མཚོན་མི་ནུས་པའི་གནས་སྐབས་ཀྱི་ཀུན་གཞི་ལ་ཡང་ནང་ཚན་ཕྲ་བ་དང་རགས་པའི་གནས་སྐབས་མང་པོ་འབྱེད་དུ་ཡོད་ལ། ཕྲ་བ་ཆོས་ཉིད་ཀྱི་རང་མདངས་ཕོག་པ་ཕྲ་བའི་གནས་སྐབས་ཀྱི་ཀུན་གཞི་ལ་ཡང་ནང་ཚན་ཕྲ་རགས་མང་པོ་དབྱེར་ཡོད་དེ། འདིར་ཆ་ཙམ་སྟེ་མངས་བར་འགྱུར་བས་རེ་ཞིག་བཞག
ཐེག་ཆེན་མཐོང་བའི་ལམ་མ་ཐོབ་ཀྱི་བར་དུ་ཇི་ལྟར་བཟང་ཡང་ཆོས་ཉིད་མཐོང་བ་ལ་ཤིན་ཏུ་ཕྲ་བའི་ཀུན་གཞིའི་སྦུབ་རྒྱ་ལས་གྲོལ་བ་མི་སྲིད་དེ། དེ་ལས་གྲོལ་ནས་ཆོས་ཉིད་རྗེན་པ་ཅེར་ཐོན་བྱུང་བ་ན་མཐོང་ལམ་ཐོབ་པ་ཞེས་བྱའོ། །
དེས་ན་སྦྱོར་ལམ་གྱི་ངོ་བོ་དོན་སྤྱིའི་སྒྲིབ་གཡོགས་ཅན་གྱི་རྟོག་པ་ནམ་ཡང་མ་ཡིན་ཡང་། ཆོས་ཉིད་ལ་རྟོག་མེད་ཀྱི་ཤེས་པ་ཀུན་གཞི་དང་འདྲེས་པར་གྱུར་བ་ཡིན་པས། རྣལ་འབྱོར་མངོན་སུམ་མ་ཡིན་པའི་དོན་རྟོགས་པར་འགྱུར་རོ། །སྒོམ་འཆད་པོ་དག་གིས་ཀུན་གཞིའི་རྣམ་ཤེས་ཀྱི་སྣང་བ་ཅན་ཡིན་ན་སྟོང་ཉིད་ཟབ་མོ་ལ་མཉམ་བཞག་ཏུ་མི་འགྲོ། ཀུན་གཞི་ཡེ་ཤེས་ཁོ་ནའི་སྟེང་དུ་གནས་དགོས་ཞེས་པ་དེ་ཡང་། དོན་དམ་འོད་གསལ་རབ་འབྱམས་ཀྱི་རྣམ་པ་དང་འདྲེས་ཏེ་ངེས་ངོར་ཆོས་ཉིད་གདོད་མའི་སེམས་ཉིད་མཚོན་ནུས་དེ་ལ་ལ་ཀུན་གཞི་ཡེ་ཤེས་དང་། ལས་སྣང་འཐུག་པོའི་གནས་སྐབས་ཀྱི་ཀུན་གཞི་ལ་རྣམ་ཤེས་སུ་སྨྲས་པ་ཡིན་ན་ནི་ཐ་སྙད་ཙམ་ཡིན་པས་སྐྱོན་མེད་ཀྱང་། ཀུན་གཞི་རྣམ་ཤེས་ཀྱི་ངོ་བོ་ཙམ་ཡང་ཇི་ལྟར་ཡིན་མ་གོ་བར། ཀུན་གཞི་རྣམ་ཤེས་ཀྱིས་མི་འོང་གི། ཀུན་གཞི་ཡེ་ཤེས་ཁོ་ནའི་སྟེང་དུ་གནས་དགོས་ཟེར་བ་དག་ནི་ཆོས་སྐད་མཐོ་བ་ཁོ་ན་ལ་དགའ་བར་ཟད་པ་འད་འུད་སད་སུད་ཀྱི་གཏམ་འབའ་ཞིག་ལས་ཅི་ཡང་མེད་དོ། །འདི་དག་ཀྱང་ཁོ་བོ་སྨྲ་བ་པོ་ངན་པའི་གང་ཟག་གི་སྐྱོན་ཆོས་ལ་མི་བསྲེ་བར་དོན་ཡིན་ལུགས་ལ་རྟོན་ན་ནི་གནད་དམ་པ་ཞིག་བཀྲལ་བ་ཡིན་ནོ། །
ཉོན་མོངས་ཀྱི་ས་བོན་མ་སྤངས་པ་གཞིར་བྱས་ལ། ཀུན་གཞི་རྣམ་པར་ཤེས་པ་སྟུག་པོའི་གནས་སྐབས་ཇི་སྙེད་ཡོད་པ་དེ་སྲིད་དུ། ཉོན་མོངས་ཅན་གྱི་ཡིད་འདི་ཡང་ཀུན་གཞི་རྣམ་ཤེས་སྟུག་པོ་དེ་དང་ལྷན་ཅིག་འབྲལ་མི་ཤེས་པ་ཡིན་ཏེ། ཉོན་ཡིད་ཅེས་པ་རྟག་ཏུ་ངར་སེམས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ཡིན་ཞེས་པ་ཙམ་ཐམས་ཅད་ཀྱི་ཁ་ན་འདོན་བཞིན་པ་དེ་ཡིན་མོད། དེའི་ངར་སེམས་ཚུལ་ཞིབ་མོར་འཆད་པ་ན་མང་པོ་ཞིག་ལ་ངེས་ཤེས་སྐྱེས་པའི་བཤད་པ་མེད་པར་ཚིག་བཟློ་བ་ཙམ་མང་དུ་མཐོང་ངོ་། །ཉོན་ཡིད་ཅེས་བྱ་བ་འདི་ཡང་ངོ་བོ་རྟོག་མེད་ཁོ་ན་ཡིན་ལ། ངར་སེམས་ཚུལ་ཡང་ཡིད་བློ་རྟོག་བཅས་ལ་འཆར་ཚུལ་ལས་ཤིན་ཏུ་ཕྲ་བ་ཞིག་སྟེ། ཉིན་ཡིད་ཀྱིས་ཀུན་གཞི་ལ་དམིགས་ཅེས་བྱ་བ་ཡང་ཀུན་གཞི་ལ་ཡུལ་ཡུལ་ཅན་ཐ་དད་པའི་སྣང་བ་འཆར་ཚུལ་ཅིག་བཞག་ནས་དམིགས་པ་གཏན་མ་ཡིན་ནོ། །འོ་ན་ཇི་ལྟ་བུ་སྙམ་ན། ཀུན་གཞི་རྣམ་པར་ཤེས་པ་ལས་འདས་པའི་ཆོས་ཉིད་ཟབ་མོ་དེ་ལ་རྒྱུད་ཐ་དད་པའི་སྒོ་ནས་ངོ་བོ་དབྱེར་མེད་ཀྱང་། ཀུན་གཞི་རྣམ་ཤེས་སྟུག་པོར་གྱུར་པ་ན། དེ་དང་ལྷན་གཅིག་ཏུ་འདྲེས་པའི་ཚུལ་དུ་རྣམ་ཤེས་དེ་རང་གི་ངོ་བོ་ཕ་རོལ་གྱི་སེམས་ཅན་གྱི་ཤེས་པ་སོགས་དང་མ་འདྲེས་པར། རང་གི་ངོ་བོ་དོན་ལོགས་སུ་བར་འཆར་ལ། ཉོན་མོངས་ཀྱི་ས་བོན་མ་བྲལ་བ་དེ་སྲིད་དུ་དེའི་ཆ་ལས་བདག་གཞན་དུ་འཛིན་པ་མཐའ་དག་སྐྱེད་པར་བྱེད་པའི་གཞི་བྱེད་པ་སྟེ། དེ་ལ་ངར་སེམས་པ་ཞེས་བྱ་བ་ཡིན།
ཆོས་ཉིད་ནམ་མཁའ་ལྟ་བུ་དབྱེར་མེད་པ་ལ། ནམ་མཁའ་ལས་སྐར་མའི་ཚོགས་མང་པོ་འཆར་བ་ལྟར། འོད་གསལ་གདོད་མའི་ཡེ་ཤེས་གཅིག་ལས་ཀུན་གཞི་རྣམ་ཤེས་སྐར་མའི་ཚོགས་ལྟ་བུ་མཐའ་ཡས་པར་གྱུར་པ་ལ། གྲངས་མེད་པའི་སེམས་ཅན་ཞེས་བྱ་བ་སྟེ། དེ་ཡང་རང་རང་སོ་སོའི་སྟེང་དུ་ང་དང་བདག་ཅེས་སོ་སོ་ཁོ་ནར་བདག་གཞན་དུ་བཟུང་བ་ལས་འཁོར་བ་འདིར་འཁྱམས་པ་ལགས། དེ་དག་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣ་ཚོགས་ཐ་དད་དུ་འཆར་ཡང་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་གཅིག་ལ་འཆར་སྣང་རྣམས་བདག་གཞན་དུ་འཁྲུལ་བར་གོ་ཞིང་དོན་ཉམས་སུ་མྱོང་བ་ན་སྟོང་ཉིད་རྟོགས་པའི་བློས་གང་ཟག་གི་བདག་མེད་པ་ཡོན་ཏན་ཡར་ལྡན་དུ་བྱས་ཏེ་རྟོགས་པ་ཞེས་བྱ་ཞིང་།
ཉོན་ཡིད་ཀྱིས་བདག་དང་ངར་འཛིན་པ་ཡང་ཀུན་གཞིའི་སྟེང་དུ་སེམས་ཅན་གཞན་གྱི་ཀུན་གཞི་གཞན་དང་མ་འདྲེས་པར་རང་ངོ་ཁོ་ན་སྟུག་པོར་ཉམས་སུ་མྱོང་བ། ཉོན་མོངས་ཀྱི་ས་བོན་མ་སྤངས་པ་དེ་སྲིད་དུ་ང་དང་ང་ཡིར་སྣང་བ་ཐམས་ཅད་ཀྱི་འཛིན་ཚུལ་དང་སྣང་ཚུལ་མ་ལུས་པ་སྐྱེད་འཕེལ་དང་མཐུན་པར་གྱུར་བའི་འཆར་སྣང་ཞིག་ཡོད་པ་དེ་ལ་ཉོན་ཡིད་ཅེས་བྱ་ཞིང་། བདག་ཏུ་སྣང་བ་དང་ངར་སེམས་པ་ཞེས་བསྟན་པ་ཡིན་ནོ། །
ཉོན་ཡིད་རྒྱ་མཚོ་ལྟ་བུ་དེ་ཇི་སྲིད་ཡོད་པ་དེ་སྲིད་དུ་ཡིད་ཀྱི་རྣམ་པར་ཤེས་པ་ལ་བདག་ཏུ་སྣང་བ་དང་བདག་ཏུ་འཛིན་པ་ཐམས་ཅད་དེ་ལས་རླབས་འཁྲུགས་པ་ལྟར་ཇི་དགར་སྐྱེ་བར་འགྱུར་ལ། བདག་ཏུ་འཛིན་པ་འདི་མ་དོར་བའི་དབང་གིས་ཆགས་སྡང་རྨོངས་པའི་འཁོར་ལོ་ཆད་མེད་དུ་འཁོར་བ་འདི་ཉིད་ཡིན་ནོ། །
དཔེར་ན། ཉན་ཐོས་དགྲ་བཅོམ་པ་ཐོབ་པའི་ཚེ་ན། ཀུན་གཞི་རྣམ་ཤེས་སྟུག་པོའི་སྟེང་གི་གཞན་དང་མ་འདྲེས་པར་སྣང་མྱོང་གཅིག་ཏུ་འདྲེས་པ་ཞིག་ཡོད་པ་དེ། བདག་ཏུ་འཛིན་པའི་འཆར་སྣང་དང་མི་མཐུན་པར་དོན་འགྱུར་བ་དང་། ཉོན་ཡིད་ཅེས་མི་བྱ་བར་བདུན་ཡིད་ཅེས་མིང་འགྱུར་བ་ཡིན་ནོ། །དེ་འདྲའི་བདུན་ཡིད་དེ་སྔར་བདག་ཏུ་སྣང་བ་དང་མཐུན་པའི་ཆ་ཤས་དེ་དགྲ་བཅོམ་ཐོབ་པ་ན་ཡོངས་སུ་ཤོར་ནས་མེད་ཀྱང་། ད་དུང་ཀུན་གཞི་ལ་མྱོང་ཞེན་སྟུག་པོ་ཙམ་དུ་གྱུར་ནས། ཡིད་ཀྱི་ཤེས་པ་ལ་བདེན་སྣང་དང་བདེན་པར་འཛིན་པ་མ་ལུས་པའི་སྐྱེ་གཞིར་གནས་པ་ཡིན་ནོ། །
སྔར་བཤད་པའི་ཀུན་གཞི་དེ་ལས་སླར་ཡང་དབང་པོའི་ཤེས་པ་དང་ཡིད་བློ་སྣ་ཚོགས་པ་ཆུ་ལ་རླབས་འཁྲུགས་པ་བཞིན་སྐྱེ་བར་འགྱུར་ཏེ། དེ་དག་ཐམས་ཅད་དོན་ལ་སྒྱུ་མ་རྨི་འཁྲུལ་ལྟར་བག་ཆགས་བརྟས་པ་ཁོ་ནའི་སྣང་བར་ཟད་ཀྱི། དོན་འདི་ཡིན་གྱི་རྐང་ཚུགས་ཐུབ་པ་གཅིག་ཀྱང་མེད་པ་ཁོ་ནའོ། །
བཤད་པ་འདི་དག་གིས་གཞན་སྟོང་པའི་ལུགས་ཀྱི་དགག་བྱ་ལེགས་པར་ངོ་འཕྲོད་པར་ནུས་ཏེ། རྣམ་པར་ཤེས་པ་ཚོགས་བརྒྱད་ཡུལ་དང་བཅས་པ་གཉུག་མའི་ཡེ་ཤེས་ཆེན་པོ་དེའི་ངོ་བོར་མ་གྲུབ་ཅིང་། དེ་གཟིགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་གཟིགས་ངོར་ཡང་མེད་པས་ན། ཀུན་བཏགས་དང་གཞན་དབང་གིས་བསྡུས་པ་ཀུན་རྫོབ་མཐའ་དག་གཞན་སྟོང་དབུ་མ་ཆེན་པོའི་དགག་བྱ་ཡིན་ལ། གཞན་སྟོང་དབུ་མ་ཆེན་པོའི་དགག་བྱ་ཡིན་པ་ལ་ཐ་སྙད་དུ་ཡང་མ་གྲུབ་པའི་རི་བོང་གི་རྭ་ལྟ་བུ་ཞིག་ལ་མཛུབ་མོ་འཛུགས་མི་དགོས་ཤིང་། ཁྱད་པར་དུ་གཞན་སྟོང་དབུ་མ་པ་དག་གིས་ནི། ཕུང་སོངས་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་སྣང་བ་འཁྲུལ་བར་ཁས་ལེན་པར་མ་ཟད། ཕུང་སོགས་རང་སྣང་དུ་སྣང་ཙམ་ཞིག་ཡོད་ན་ཡང་འཁྲུལ་བར་ཁས་ལེན་ཏེ། ཀུན་རྫོབ་སྣང་ཙམ་ཞིག་རང་སྣང་དུ་ཡོད་པའི་བློ་ཐམས་ཅད་འཁྲུལ་རྒྱུ་བག་ཆགས་ཀྱིས་ལྷད་པ་ཅན་ཁོ་ན་ཡིན་ཞེས་བྱའོ། །
དེང་སང་སྣང་ཙམ་དགག་བྱ་ཡིན་མིན་དང་། ཐ་སྙད་ཚད་གྲུབ་ཁས་ལེན་མིན་ཞེས་ཐམས་ཅད་ཀྱི་རྩོད་བཞིན་པ་ལས། ཐ་སྙད་དེ་འདྲ་ཇོ་ནང་བའི་ཡིག་ཆ་ན་གསལ་བོར་མེད་ཀྱང་། དོན་ཡིན་ལུགས་འདི་ཡིན་ཞེས་སྨྲས་ན་ཐ་སྙད་གང་དང་འཚམ་པ་ཡིན་མིན་རང་རར་གིས་དཔྱོད་ནུས་པར་འགྱུར་ལ། དོན་མ་འཆུག་ན་ཐ་སྙད་ཙམ་ལ་འཐེན་འཁྱེར་ཆེན་པོས་ངལ་བ་ཡང་མི་དགོས་ཀྱང་། སྣང་ཙམ་པོ་འདི་དོན་ཡིན་ལུགས་ཀྱི་སྟེང་ན་གཏན་མ་གྲུབ་ལ། ཀུན་རྫོབ་ཙམ་དུ་ནི་སྒྱུ་མ་ལྟར་གྲུབ་པར་ཁས་ལེན་ནོ། །ཀུན་རྫོབ་ཏུ་ཡོད་པས་ཡོད་ཀོ་ཆོད་དམ་ཞེ་ན། སྤྱིར་ཡོད་གོ་ཆོད་པ་དང་ཡོད་པ་ཡིན་ཞེས་ལན་འདོན་ཞིང་། སྣང་ཙམ་དེ་ཡང་མཐར་ཐུག་དོན་དམ་པའི་སྟོང་ཉིད་ཀྱི་སྟེང་དུ་དགག་བྱ་ཡིན་པར་ཁས་ལེན་ནོ། །དཔེར་ན། རི་བོ་དགེ་ལྡན་པའི་བཞེད་ཚུལ་ལ། བུམ་འཛིན་མིག་ཤེས་བུམ་པ་སྣང་བའི་ཆ་ནས་མ་གཏན་མ་འཁྲུལ་བར། དེ་ཉིད་གདག་གཞིའི་ངོས་ནས་གྲུབ་པར་སྣང་བའི་ཆ་ནས་འཁྲུལ་བ་ཡིན་པར་འདོད་དེ། ཇོ་ནང་པས་སྣང་ཙམ་འདི་སྤྱིར་ཡོད་པར་ཁས་ལེན་ཞེས་པ་དེ་ལྟར་མ་ཡིན་ཏེ། བུམ་འཛིན་མིག་ཤེས་དེ་བུམ་པ་སྣང་ཙམ་གྱི་ཆ་དེ་ནས་ཀྱང་འཁྲུལ་བ་ནི་ཡིན་པར་ཁས་ལེན་ཏེ། ཀུན་རྫོབ་རང་སྣང་དུ་འབྱུང་བ་འཁྲུལ་བའི་རྟགས་སུ་ཀུན་མཁྱེན་དོལ་པོ་ཆེན་པོ་དང་། རྗེ་བཙུ་་ཏཱ་ར་ནཱ་ཐ་ཞལ་མཐུན་པར་བཞེད་པས་སོ། །འོན་ཀྱང་། དེར་མ་ཟད། དོན་དམ་བདེན་པ་བདེན་པར་གྲུབ་ཅེས་པ་ཡང་མཐར་ཐུག་སྟོང་ཉིད་ཟབ་མོ་རྟོགས་པའི་བློའི་ངོར་དགག་བྱ་མ་ཡིན་པར་སྣང་གནས་མཐུན་པར་གྲུབ་པ་ཁོ་ནའི་དོན་ཡིན་གྱི། སོ་སྐྱེའི་ཀུན་རྟོག་གི་འཛིན་པ་ལྟར་གྱི་བདེན་གྲུབ་ཏུ་ལྟ་ག་ལ་ཞིགའོན་ཀྱང་། ཀུན་རྫོབ་ཡོད་དམ་ཅེ་ན། སྤྱིར་ཡོད་ཅེས་པ་དང་། སྔོ་འཛིན་ཚད་མ་ཚད་མ་ཡིན་ནམ་ཞེ་ན། སྤྱིར་ཚད་མར་ཁས་ལེན་པ་དང་། དོན་དམ་བདེན་པར་གྲུབ་བམ་ཅེ་ན། བདེན་པར་གྲུབ་པར་བཞེད་པ་སོགས་ཀྱི་ཐ་སྙད་ཆོས་སྐད་འདོན་ལུགས་དེ་ལྟར་ཡིན་ནོ། །
ཐ་སྙད་ཚད་གྲུབ་བཞེད་དམ་ཞེ་ན། ཐ་སྙད་ཚད་གྲུབ་ནི་མི་བཞེད་པ་ཡིན་ཏེ། ཕུང་སོགས་ཀུན་རྫོབ་ཀྱི་ཆོས་འདི་དག་ཡོད་པར་ཁས་ལེན་པ་ཙམ་གྱིས། ཐ་སྙད་ཚད་གྲུབ་བཞེད་པར་མི་འགྲོ་སྟེ། ཐ་སྙད་ཚད་གྲུབ་བཞེད་པ་ལ་ནི། ཀུན་རྫོབ་དུ་ཡོད་པས་ཡོད་ཀོ་བཅད་པ་ཙམ་གྱིས་མི་ཆོག་གི། ཡོད་ཀོ་ཆོད་ཚུལ་ཐུན་མོངས་མ་ཡིན་པ་ཞིག་བཞེད་པས་ཐ་སྙད་ཚད་གྲུབ་འདོད་པར་འགྲོ་བའི་ཕྱིར་ཏེ། བུམ་སོགས་འཛིན་པའི་བློ་དེ། གནས་སྐབས་འཁྲུལ་ངོ་ཙམ་ལ་ལྟོས་ནས་ཚད་མར་བཞག་པ་ཙམ་མ་ཡིན་པར། བུམ་སོགས་སྣང་ཙམ་འདིའི་ཆ་ནས་གཏན་དུ་མ་འཁྲུལ་བའི་ཚད་མར་སོང་བར་ཁས་ལེན་ན་ཐ་སྙད་ཚད་གྲུབ་ཏུ་ཁས་ལེན་ཞེས་བྱ་བ་ཡིན་པས། དེ་འདྲའི་ཁས་ལེན་ནི་ཀུན་མཁྱེན་དོལ་པོ་པ་དུས་གསུམ་སངས་རྒྱས་ཡབ་སྲས་ནས། རྗེ་བཙུན་ཏཱ་ར་ནཱ་ཐ་དང་། བདག་གི་འདྲེན་མཆོག་བཀའ་དྲིན་མཚུངས་བྲལ་གྱི་བཤེས་གཉེན་དངོས་གྲུབ་མཚན་ཅན་གྱི་བར་དུ་གཏན་ནས་ཞལ་བཞེས་མི་གནང་བས་སོ། །
སྔ་འགྱུར་བའི་གདན་ས་ཞེ་ཆེན་བཤད་གྲྭའི་སློབ་གཉེར་བ་བསྐོར་ཞིག་གིས་ཆོས་བརྒྱུད་སོ་སོར་མཁས་པ་རྣམས་ཀྱི་དགག་བྱ་ངོས་འཛིན་གྱི་དཔྱད་རྩོམ་ཅི་རིགས་ཕྱོགས་བསྡུ་བྱེད་བཞིན་པ་ལ། དེར་ཇོ་ནང་བའི་ལུགས་ཀྱི་དགག་བྱ་ངོས་འཛིན་ཞིག་ཕྲིས་ཞེས་བསྐུལ་མ་བྱུང་བ་ངོ་མ་ལྡོག་པ་ཙམ་དུ། ཕྱི་ལོ། ༢༠༢༢ཟླ། ༧ཚེས། ༡༦བོད་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ལ་དཔལ་འབྱོར་ཚེ་རིང་གིས་ཤར་མར་སྦྱར་བའོ། །
ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།