རྒྱུད་སྡེ་བཞིའི་རྣམ་བཞག་ལ་ཅུང་ཙམ་དཔྱད་པ།

༄༅།།རྒྱུད་སྡེ་བཞིའི་རྣམ་བཞག་ལ་ཅུང་ཙམ་དཔྱད་པ་ངེས་གསང་སྙིང་པོའི་དགའ་ཚལ།

རྩོམ་པ་པོ། ལུང་སྐྱ་དགོན། བསོད་ནམས་རིན་ཆེན།

བདུད་བཞི་བཅོམ་ཞིང་ལས་བཞི་ལྷུན་འགྲུབ་སྐུ་བཞིའི་གཉེན་གྱུར་ཟས་གཙང་སྲས།།
ཐེག་གསུམ་བསྟན་ནས་དུག་གསུམ་སེལ་མཛད་སྒོ་གསུམ་སྐྱོན་བྲལ་ཐུབ་པའི་དབང་།།
ཚོགས་གཉིས་ལམ་གྱིས་སྐུ་གཉིས་མངོན་གྱུར་དོན་གཉིས་མཐར་ཕྱིན་བཅོམ་ལྡན་འདས།།
སྲིད་ཞིའི་འཇིགས་བཅོམ་རྒྱལ་བའི་དབང་པོས་དུས་གསུམ་ཀུན་ཏུ་བདག་སྐྱོངས་ཤིག།

རྒྱལ་བའི་ལྗགས་བཟང་དཔལ་གྱི་མགུལ་ལས་ངེས་དོན་སྐྱེས་བུར་དབུགས་དབྱུངས་ཤིང་།།
དགོངས་པ་མཐར་ཐུག་གཞན་སྟོང་དབུ་མའི་ཤིང་རྟའི་སྲོལ་བཟང་འབྱེད་པས་ཕུལ།།
རིགས་ལྡན་སྤྲུལ་སྐུ་ས་གསུམ་འགྲན་བྲལ་རྟོན་པ་བཞི་ལྡན་ཇོ་ནང་པ།།
གངས་ཅན་འདི་ན་མཁས་གྲུབ་གླིང་གའི་སྐར་ཚོགས་ཁྲོད་ཀྱི་ཟླ་བར་བསྔགས།།

གསང་ཆེན་རྒྱུད་སྡེའི་སྨིན་གྲོལ་ལམ་ལ་སྔར་མེད་མཆོག་གི་གོ་འཕང་བརྙེས།།
ལྟ་ངན་མུན་པར་གསེར་གྱི་ཉི་མས་རྨོངས་མུན་འཇོམས་པའི་གསེར་ལྡན་འཁོར།།
གྲུབ་པ་མཆོག་བརྙེས་དབུ་མའི་སྒྲ་སྒྲོག་གངས་ཅན་མཁས་པའི་གཙུག་གི་རྒྱན།།
ཚད་མེད་ཡོན་ཏན་བྱེ་བའི་གཏེར་མཛོད་འཇམ་མགོན་སྒྲོལ་བའི་མགོན་པོར་བསྔགས།།

ཚོགས་དྲུག་རང་གྲོལ་འགྲོ་བའི་དཔལ་གྱུར་མཚམས་པ་སྨོན་ལམ་བཟང་པོ་དང་།།
མར་མེ་མཛད་དཔལ་ཞིང་འདིར་གར་བསྒྱུར་མཁན་ཆེན་གསང་སྔགས་བསྟན་འཛིན་རྗེ།།
པདྨ་དཀར་པོའི་སྒྱུ་འཕྲུལ་རོལ་གར་ངག་དབང་པདྨ་རྣམ་རྒྱལ་ཞབས།།
ཡོངས་རྫོགས་བསྟན་པའི་ཉིན་བྱེད་འདྲེན་པའི་བརྒྱུད་ལྡན་བླ་མས་དགེ་ལེགས་སྩོལ།།

ཐབས་མཁས་མཛད་པས་གདུལ་བྱའི་དཔལ་གྱུར་ཐར་འདོད་བྱེ་བའི་གཙུག་གི་ནོར།།
རྡོ་རྗེ་འཆང་དངོས་ཡིད་བཞིན་ནོར་བུ་ས་གསུམ་རྫོགས་ལྡན་འགོད་པའི་གཉེན།།
འཇམ་དབྱངས་བླ་མ་སྐྱེ་རྒུའི་བསོད་ནམས་མཁྱེན་བརྩེ་ནུས་པའི་འཕྲིན་ལས་ཅན།།
བདག་བློའི་དད་པའི་དཔལ་དུ་བཞུགས་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྩོལ།།

དྲི་བ། སྤྱིར་རྒྱུད་སྡེ་བཞིའི་རྣམ་བཞག་དང་བྱེ་བྲག་དུས་ཀྱི་འཁོར་ལོའི་རྒྱུད་བྱུང་ཚུལ་ལ་ཅུང་ཙམ་དཔྱད་པ།
དེ་ལ་ལན་མདོར་བསྡུས་ཤིག་ཕུལ་ན།
དེ་ཡང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་གང་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས།མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་གདུལ་བྱ་རང་རང་གི་སྐལ་བ་དང་མཐུན་པར་དམ་པའི་ཆོས་ཀྱི་སྒོ་མོ་སྣ་ཚོགས་པ་གསུངས་པ་ཐེག་པ་ཆེ་ཆུང་གི་གསུང་རབ་ཐམས་ཅད་གནད་བསྡུས་ན་རྒྱུའི་ཐེག་པ་མདོ་དང་། འབྲས་བུའི་ཐེག་པ་སྔགས་གཉིས་སུ་འདུ་ཞིང་། དེ་ཡང་གདུལ་བྱ་རང་རང་དང་འཚམས་པར་ཆོས་འཁོར་རིམ་པ་གསུམ་བསྐོར་བར་མཛད་པ་ནི། བཀའ་དང་པོ་བདེན་པ་བཞིིའི་ཆོས་འཁོར། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར། བཀའ་ཐ་མ་ལེགས་པར་་རྣམ་པར་ཕྱེ་བའི་ཆོས་འཁོར་སྔགས་རྒྱུད་སྡེ་བཞིར་བྱས་པས་མདོ་སྔགས་གཉིས་སོ། །དེ་གཉིས་ལས་ཐེག་པ་ཀུན་གྱི་ཡང་རྩེ་དང་བླ་ན་མེད་པ་ནི་བླ་མེད་རྡོ་རྗེ་ཐེག་པ་ཡིན། དེ་ལ་ཡང་ཕ་རྒྱུད་དང་མ་རྒྱུད་གཉིས་མེད་རྒྱུད་རྣམས་ལས་སྐབས་འདིར་བརྗོད་བྱ་གཙོ་བོར་སྟོན་པ་ནི་གཉིས་མེད་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་རྒྱུད་ཡིན། བཅོམ་ལྡན་འདས་ཀྱིས་མདོ་སྔགས་གཉིས་བསྟན་པའི་ཉིང་དགོས་ནི་བདེ་སྟོང་དབྱེར་མེད་ཀྱི་འབྲས་བུ་མངོན་ཏུ་གྱུར་བྱེད་ཡིན་པས་འདིར་སྐབས་བབས་ཀྱི་གླེང་བསླངས་པ་ནི། མདོ་སྔགས་གཉིས་ལས་སྔགས་ཐུན་མོངས་མ་ཡིན་པར་བརྗོད་པར་བྱེད་པ་ལ་རྒྱུད་སྡེའི་སྤྱིའི་རྣམ་བཞག་དང་བྱེ་བྲག་དུས་ཀྱི་འཁོར་ལོའི་རྒྱུད་བཤད་པ་གཉིས་སོ། །
དང་པོ་ལ། རྒྱུད་སྡེ་བཞི་ནི་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། བླ་མེད་རྒྱུད་རྣམས་ཡིན་ཞིང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ལས་ཟབ་པར་བསྟན་ལ་སྤྱིར་བཏང་ཐེག་པའམ་བཀའི་མཆོག་དམན་གྱི་ཁྱད་པར་དེ་དག་རང་གི་ངོ་བོའི་སྒོ་ནས་འཇོག་པ་མ་ཡིན་པར། གཙོ་བོ་ཆེད་དུ་བྱ་བའི་གདུལ་བྱ་དང་བརྗོད་བྱ་སྟོན་ཚུལ་གྱིས་འཇོག་པར་གསུངས་ལ། བྱེ་བྲག་བླ་མེད་ཀྱི་རྒྱུད་ལའང་མང་བོ་ཞིག་ཡོད་པ་ལས་རྒྱུད་སྡེ་ཐམས་ཅད་ཀྱི་རྩ་བ་གྱུར་བ། མདོ་སྡེ་ཀུན་གྱི་ཟ་མ་ཏོག་ལྟ་བུ་ནི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་མཆོག་ཡིན་ཞིང་། དུས་འཁོར་ལ་ཡང་ཐབས་བསྐྱེད་པའི་རིམས་པ་དང་། ཤེས་རབ་རྫོགས་པའི་རིམས་པ་གཉིས་ཀྱི་ནང་དུ་གཞི་ལམ་འབྲས་གསུམ་གྱི་གནད་མ་ལུས་པར་འདུས་ཤིང་གྲུབ་པ་ཡིན། དེ་ཡང་རྒྱུད་ཀྱི་རྒྱལ་པོའི་ཡེ་ཤེས་ལེའུ་ལས། ཤེས་རབ་རྒྱུད་ནི་ཤར་ནས་སླར་ཡང་རྣལ་འབྱོར་རྗེས་སུ་རིག་པ་ཉིད་ནི་ནུབ་ཀྱི་ཞལ་ལས་སོ། །གཡས་ཀྱི་ཞལ་ནས་རྒྱལ་བའི་བདག་པོས་རྣལ་འབྱོར་རྒྱུད་གསུངས་གཡོན་གྱི་ཞལ་ནས་བྱ་བ་ལ་སོགས་སོ། །སྤྱིར་རྒྱུད་སྡེ་འོག་མ་རྣམས་ནི་ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ལས་ཁྲུས་དང་གཙང་སྦྲ་ལ་སོགས་པའི་ཕྱིའི་བྱ་བ་ཤིན་ཏུ་མང་བོ་ལ་ལྟོས་པ་ནི་བྱ་༵རྒྱུ༵ད་དང་། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཆ་མཉམ་པའི་བྱ་བ་ཧ་ཅང་མི་མང་བ་ལ་སྤྱོད་པས་ན་སྤྱོ༵ད་རྒྱུ༵ད། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ལས་ནང་གི་ཏིང་ངེ་འཛིན་གཙོ་བོར་གྱུར་ཅིང་ཕྱིིའི་བྱ་བ་ཉུང་ཟད་ལ་ལྟོས་པས་ན་རྣ༵ལ་འབྱོ༵ར་རྒྱུ༵ད། ཕྱིའི་བྱ་བ་ལ་མི་ལྟོས་ཤིང་ནང་གི་རྣལ་འབྱོར་གཙོ་བོར་བྱེད་ཅིང་། རྣལ་འབྱོར་དེ་ལས་བླ་མར་གྱུར་བའི་རྒྱུད་གཞན་མེད་པས་ན་སྔགས་བླ༵་མེ༵ད་ཀྱི་རྒྱུད་དུ་བཞག་པ་ཡིན་ནོ།། དེ་ལའང་བླ་མེད་ཀྱི་རྒྱུད་ལ་རྣམ་གྲངས་གང་གཉིས་སུ་ངེས་སྟེ། ཕ་རྒྱུད་དམ་ཐབས་རྒྱུད། མ་རྒྱུད་དམ་ཤེས་རབ་ཀྱི་རྒྱུད་གཉིས་སུ་གསུངས་ཤིང་གང་ཞིག་ཕ་རྒྱུད་དང་ཅི་ཞིག་ལ་མ་རྒྱུད་དུ་འཇོག་པ་ཡིན་ཞེ་ན། སྟོང་ཕྱོགས་ཤེས་རབ་ཀྱི་ཆ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཉིད་བརྗོད་བྱའི་སྙིང་བོར་བྱས་ནས་སྟོན་པས་ན་མ༵་རྒྱུ༵ད་དང་། སྣང་ཕྱོགས་ཐབས་ཀྱི་ཆ་དེ་དག་རྩལ་དུ་བཏོན་ནས་མི་འཆད་དོ།།
ཕ་རྒྱུད་ནི། སྟོང་ཕྱོགས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱང་བརྗོད་བྱར་རྒྱས་པར་སྟོན་ལ། གཙོ་བོར་སྣང་ཕྱོགས་ཐབས་ཀྱི་ཆར་རྩལ་དུ་བཏོན་ནས་རྒྱས་པར་འཆད་པའི་བླ་མེད་ཀྱི་རྒྱུད། དེའི་སྡེར་གཏོགས་ཀྱི་རྒྱུད་གང་རུང་ཡིན་པ་ཞིག་ལ་ཕ༵་རྒྱུ༵ད་ཅེས་གསུངས་ཤིང་དུས་ཀྱི་འཁོར་ལོ་ནི་དེ་ལྟ་མ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་མཛད་པས་བསྐྱེད་རིམ་དངོས་གྲུབ་ཉེར་འཚོ་ལས། སྤྱོད་པའི་རྒྱུད་དང་རྟོག་པའི་རྒྱུད་ལ་སོགས་པ་བསྡུས་པ་ཡིན་ལ། རྣལ་འབྱོར་རྗེས་སུ་རིག་པ་ནི་མཚོན་བྱེད་དེ་རྣལ་འབྱོར་བླ་མེད་ལས་ཐབས་ཀྱི་རྒྱུད་རྣམས་སོ། །དེ་ལ་བྱ་སྤྱོད་རྟོག་པ་གསུམ་ནི་གཙང་སྦྲ་ལ་སོགས་པ་ལུས་ཀྱི་བྱ་བ་གཙོ་བོར་སྟོན་པའི་ཕྱིར། དཔལ་དུས་ཀྱི་འཁོར་ལོའི་གཡོན་ཞལ་སྐུ་རྡོ་རྗེའི་འཕྲིན་ལས་ཡིན་པས་དེས་གསུངས་པ་དང༌། རྣལ་འབྱོར་གྱི་རྒྱུད་རྣམས་ནི་འདོད་ཆགས་བདེ་བ་ཆེན་པོ་ཅུང་ཟད་རྒྱས་པའི་ལམ་ཉིད་ཀྱི་ཕྱིར་གཡས་ཞལ་དམར་པོས་ཀྱང་མཚོན་ལ། སྔགས་ཀྱི་ཡིག་འབྲུའི་དངོས་གྲུབ་ཉིད་མཐར་ཐུག་ཏུ་སྟོན་པའི་ཕྱིར། གཡས་ཞལ་གསུང་རྡོ་རྗེས་གསུངས་པ་དང༌། རྣལ་འབྱོར་རྗེས་སུ་རིག་པ་དང་འདུས་པ་ལ་སོགས་པ་ཐབས་རྒྱུད་རྣམས་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡེ་ཤེས་རྡོ་རྗེ་དེ་ཁོང་དུ་སྦས་པའི་ཟ་མ་ཏོག་བསྐྱེད་རིམ་བྱ་བ་དང་བཅས་པ་གཙོ་བོར་སྟོན་པའི་ཕྱིར། རྒྱབ་ཞལ་ཡེ་ཤེས་རྡོ་རྗེས་གསུངས་པ་དང༌། བདེ་མཆོག་དང་དགྱེས་རྡོར་ལ་སོགས་པ་རྣལ་འབྱོར་མ་རྒྱུད་རྣམས་མི་འགྱུར་བའི་བདེ་བ་ཆེན་པོའི་ཟ་མ་ཏོག་ཐུགས་རྡོ་རྗེའི་ལམ་ཞུ་བདེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་པའི་སྣང་བ་ནུབ་པ་ཅན་དེ་ཉིད་གཙོ་བོར་སྟོན་པའི་ཕྱིར། མདུན་ཞལ་ཐུགས་རྡོ་རྗེའི་འཕྲིན་ལས་ཡིན་པ་དང་དེས་གསུངས་པའོ། ། དེ་ལྟར་ན་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལས་ཆེས་མཆོག་ཏུ་གྱུར་པ། བཞི་པ་རྣལ་འབྱོར་བླ་ན་མེད་པ་ཡིན་ལ། དེ་ལ་ཡང་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་ལས་བྱིན་རླབས་མྱུར་བའི་ནས་རྣལ་འབྱོར་མའི་རྒྱུད་མཆོག་ཡིན་ཅིང༌། དཔལ་དུས་ཀྱི་འཁོར་ལོ་ནི། རྣལ་འབྱོར་མ་རྒྱུད་ཁྱད་པར་ཅན་ཡིན་ཡང་གོང་དུ་གསུངས་པ་ལྟར་གྱི་ཞལ་རེ་རེའི་ཕྱོགས་སུ་ལྷུང་བ་མ་ཡིན་པར་ཞལ་བཞིའི་སྤྱི་བོའམ་ཡང་ན་སྐུ་ལུས་དང་མཚུངས་པར་བསྟན་པ་སྟེ། དེ་ཡང་དཔལ་གྱི་མགུར་ནས་གསུངས་པའི་རྒྱུད་རྣམས་ལ་སྤྱི་ལྡོག་ནས་བཟང་ངན་གྱི་དབྱེ་བ་མི་ཐུབ་ཀྱང༌། རྗོད་བྱེད་ཚིག་གི་དངོས་བསྟན་སྒྲ་ཇི་བཞིན་པ་ལ། བརྗོད་བྱ་ཟབ་མི་ཟབ་དང་རྒྱ་ཆེ་ཆུང་གི་ཁྱད་པར་ནི་ངེས་པར་འབྱུང་དུ་རུང་བ་ལས། དུས་ཀྱི་འཁོར་ལོ་ནི་ལྷག་པར་ཟབ་ཅིང་རྒྱ་ཆེ་བ་ཡིན་ནོ། ཞེས་གསལ་བོར་བསྟན་པ་ལྟར་སྤྱིར་ཤེས་རབ་ཀྱི་རྒྱུད་ཡིན་ཞེས་གསུངས་ཏེ། འགྲེལ་ཆེན་དྲི་མེད་འོད་ཀྱི་ཁམས་ལེའུ་སྐབས་སུ་ཡང་མ་རྒྱུད་གསུངས་ལ་སྐབས་འགར་གཉིས་མེད་རྒྱུད་ཞེས་ཚིག་ཡོད་ཀྱང་དེ་ནི་བརྗོད་བྱེད་ཚིག་དང་བརྗོད་བྱ་དོན་གཉིས་ལས་དོན་སྟོན་པས་ཚིག་ཡིན་པས་རྒྱལ་བའི་བཀའ་འམ་ཐེག་པ་ཐམས་ཅད་དུ་དོན་དམ་པའི་དོན་སྟོན་པ་ཡིན་པ་གང་ཞིག དེ་ན་རྒྱུད་འདིར་གཉིས་མེད་རྒྱུད་ཞེས་བཏགས་དགོས་པའི་རྒྱུ་མཚན་ཡང་ཐབས་ཤེས་གཉིས་ལྡན་ཏེ་མདོ་རྒྱུད་ཀུན་གྱི་གནད་མ་ལུས་པར་འདུས་པའི་ཡིན་ལ། རྗེ་བཙུན་རིན་པོ་ཆེས་དུས་འཁོར་ཆོས་འབྱུང་ལས་རྣལ་འབྱོར་བླ་མེད་ལ་རིགས་གསུམ་དུ་ངེས་པར་འབྱེད་ན་ནི། གཉིས་མེད་རྒྱུད་ཀྱི་ངོས་འཛིན་དུས་འཁོར་ཁོ་ན་ལ་བྱེད་དགོས་ཏེ། ཐབས་ཤེས་རབ་ཀྱི་ཕན་ཚུན་རྒྱས་གདབ་མང་པོ་དུས་འཁོར་ནས་གསུངས་ལ། དུས་འཁོར་ལ་ལྟོས་ན་རྒྱུད་སྡེ་གཞན་རྣམས་རྒྱས་གདབ་སྟེ་བསྡུས་པས་སོ། འོན་ཀྱང་། བླ་མེད་ཀྱི་རྒྱུད་ལ་ཐབས་རྒྱུད་དང་། ཤེས་རབ་ཀྱི་རྒྱུད་དང་། གཉིས་མེད་ཀྱི་གསུམ་དུ་འབྱེད་པ་ནི། བོད་ཀྱིས་བཏགས་པའི་རྣམ་རྟོག་ཙམ་མོ། ཞེས་གསུངས་པར་ལྟར་གཞན་དུ་དེ་ལྟར་མི་འཆད་དོ།།


གཉིས་པ། བྱེ་བྲག་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་བྱུང་ཚུལ་ཅུང་ཙམ་ཞུ་ན།
དེ་ལ་དང་པོ་སྟོན་པ་ཉིད་ཀྱིས་རྒྱུད་སྡེ་སྤྱི་དང་བྱེ་བྲག་དུས་འཁོར་གྱི་རྒྱུད་གསུང་ཚུལ་ལ་བཞེད་ཚུལ་མི་མཐུན་པ་འགའ་བྱུང་ཏེ།
སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདའ་བའི་ཚུལ་མཛད་ནས་བྱང་ཕྱོགས་ཤམ་བྷ་ལར་དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པར་བཞེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་དགུང་གྲངས་བརྒྱད་ཅུ་པ་མྱ་ངན་ལས་འདས་པའི་ལོ་དེའི་ནག་པའི་ཉ་ལ་གསུངས་པར་བཞེད་པ་དང་། བཅོམ་ལྡན་འདས་སངས་རྒྱས་པའི་ཕྱི་ལོའི་ནག་པའི་ཉ་ལ་དུས་འཁོར་གྱི་རྒྱུད་གསུངས་པར་བཞེད་པ་སྟེ་གསུམ་བྱུང་སྟེ།
དེ་དག་ལས་ཕྱི་མ་ལྟར་འཆད་པར་བྱེད་ལ།
དེ་ཡང་དཔལ་དུས་འཁོར་རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོའི་རིར།། ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན།། ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ།། དེ་བཞིན་གསང་སྔགས་ཚུལ་རབ་བསྟན།།ཞེས་གསུང་པ་ལྟར། སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་དང་ལྡན་པ་གང་ཉིད་ས་ག་ཟླ་བའི་ཉའི་སྐྱ་རེངས་འཆར་བའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་ནས་དང་པོར་ལོ་གཅིག་གི་བར་དུ་བྱ་རྒོད་ཕུང་པོའི་རིར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཐེག་པ་གསུམ་བསྟན། དེ་ནས་ཟླ་བ་བཅུ་གཉིས་པ་ནག་པའི་ཟླ་བ་ཉ་ནས་བྱ་རྒོད་ཕུང་པོའི་རིར་ཟབ་མོ་ཤེར་ཕྱིན་གསུངས་པ་དང་མཉམ་དུ་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་ཆེན་པོའི་ནང་སྟེང་འོག་ཏུ་དཔག་ཚད་དྲུག་དང༌། རྒྱང་གྲགས་གཅིག་ཡོད་པར། འོག་ཏུ་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོ་སྤྲོས་ཏེ། སྟོན་པ་ཤཱཀྱ་ཐུབ་པས། བདེ་བ་ཆེན་པོའི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་ནས། དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས། གསང་སྔགས་རྡོ་རྗེ་ཐེག་པ་བསྟན་ནོ།། ཞེས་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་ཡང༌། དཔལ་ལྡན་འབྲས་ཕུང་ཆོས་ཀྱི་དབྱིངས་སུ་སྟོབས་བཅུ་པ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་བསྟན། །ཞེས་གསུངས་ཤིང༌། མཚན་བརྗོད་འགྲེལ་པ་ཉི་མ་དཔལ་ཡེ་ཤེས་ཀྱིས་མཛད་པ་ལས་ཀྱང༌། འདིར་ངེས་པར་དཔལ་ལྡན་འབྲས་ཕུང་རྒྱལ་བའི་མཆོད་རྟེན་ཆེན་པོར་སངས་རྒྱས་ཤཱཀྱ་སེང་གེ་ཞེས་བྱ་བ་ལ། རྒྱུད་སྣ་ཚོགས་པ་ཉན་པར་འདོད་པ་རྣམས་ཀྱིས་གསོལ་བ་བཏབ་པས། དཔྱིད་ཟླ་འབྲིང་པོའི་ཉ་ལ་དཔལ་ཆོས་ཀྱི་དབྱིངས་གསུང་གི་དཀྱིལ་འཁོར་དང༌། དེ་སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དང་པོའི་སངས་རྒྱས་རྣམ་པར་སྤྲོས་ནས། དེར་ཉི་མ་དེ་ཉིད་ལ་ལྷ་ལ་སོགས་པ་རྣམས་ལ་སངས་རྒྱས་ཀྱིས་དབང་བསྐུར་ནས་རྒྱས་པ་དང༌། བསྡུས་པའི་དབྱེ་བས་གསང་སྔགས་ཀྱི་ཚུལ་ཐམས་ཅད་བསྟན་ཏོ། །ཞེས་བཤད་དོ། །རྒྱུད་སྡེ་བཞི་རྣམས་ཞལ་བཞི་ཀ་ནས་གསུངས་ཤིང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནི་གོང་དུ་རྗེ་བཙུན་གྱིས་གསུངས་པ་ལྟར་དུ་མདུན་ཞལ་ཐུགས་རྡོ་རྗེ་ནས་ཤེས་རབ་ཀྱི་རྒྱུད་རྣམས་མ་ལུས་པར་རྒྱས་པར་གསུངས་པ་ཡིན་ནོ།། བཀའ་སྡུད་པ་པོ་ཡང་ཕྱག་རྡོར་རྣམ་སྤྲུལ་ཆོས་རྒྱལ་ཟླ་བ་བཟང་པོ་ཉིད་ཡིན་ཞིང་། དེ་ཡང་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ལས་གསུངས་པ་ལྟར་ཡིན་ཏེ། རྒྱུད་ལས། དེ་ནས་ཤམ་བྷ་ལར་གྲགས་ནས། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །མི་བདག་ཟླ་བཟང་རྫུ་འཕྲུལ་གྱིས། །རང་ཉིད་དཔལ་ལྡན་ཆོས་དབྱིངས་བྱོན། །དང་པོར་གཡས་སུ་བསྐོར་བྱས་ནས། །སྟོན་པའི་ཞབས་ཀྱི་ཆུ་སྐྱེས་གཉིས། །རིན་ཆེན་མེ་ཏོག་རྣམས་ཀྱིས་མཆོད། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །ཐལ་མོ་སྦྱར་བ་བྱས་གྱུར་ནས། །རྫོགས་སངས་རྒྱས་ཀྱི་སྤྱན་སྔར་འདུག །ཟླ་བཟང་རྒྱུད་ཀྱི་གསོལ་འདེབས་དང༌། །སྟོན་པར་སྡུད་པར་བྱེད་པ་པོ། །ཞེས་དང་། རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོར།། ཀླ་ཀློའི་རྣམས་ཀྱི་སྨིན་དོན་དུ།། མི་བདག་འཇམ་དཔལ་གྲགས་པ་ཞེས།། ཤམྦྷ་ལ་ཞེས་བྱ་ནར་འབྱུང་།། ཞེས་དང་། འགྲེལ་བཤད་བྱེད་པ་པད་དཀར་འཛིན།། ཞེས་པ་ལྟར་རིགས་ལྡན་ཐོག་མ་འཇམ་དཔལ་གྲགས་པས་རྩ་བ་བསྡུས་རྒྱུད་དང་རིགས་ལྡན་པདྨ་དཀར་པོས་རྒྱུད་འགྲེལ་འགྲེལ་ཆེན་དྲི་མེད་འོད་སོགས་བྱང་ཆུབ་སེམས་དཔའི་འགྲེལ་བ་བསྐོར་གསུམ་རྣམས་བཀའ་དང་གཉིས་སུ་མ་མཆིས་པ་ཡིན་པར་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པས་དངོས་གྲུབ་ཉེར་མཚོའི་སྐབས་སུ་རྒྱས་པར་གསུངས་སོ།། དཀྱིལ་འཁོར་ལ་བཀོད་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང་ལྷ་དང་ཀླུ་དང༌། ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལས། ཞུ་བ་པོའི་འཁོར་ཕྱག་ན་རྡོ་རྗེའི་སྤྲུལ་བའི་སྐུ་ཤམ་བྷ་ལའི་ཡུལ་གྱི་རྒྱལ་པོ་ཟླ་བ་བཟང་པོས་ཤམ་བྷ་ལ་ནས་རྫུ་འཕྲུལ་གྱིས་བྱོན་ཏེ། གསོལ་བ་བཏབ་པ་ལ་བརྟེན་ནས། ཉན་པ་པོའི་འཁོར་བྱང་ཆུབ་སེམས་དཔའ་དུ་མ་དང༌། ཤམ་བྷ་ལའི་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་གི་སྤྲུལ་པའི་རྒྱལ་པོ་དགུ་བཅུ་རྩ་དྲུག་དང༌། ལྷ་དང༌། ལྷ་མ་ཡིན་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་ནི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ནོ།།
དེ་ལྟར་མདོ་སྔགས་དགོངས་པའི་ཟབ་ཁྱད་མ་ལུས་འདུས་པའི་རྒྱུད་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་བླ་ན་མེད་དུས་ཀྱི་འཁོར་ལོའི་རྒྱུད་འདི་འཕགས་ཡུལ་ནས་ཤམྦྷ་ལར་དར། དེ་ནས་ཆོས་རྒྱལ་རིགས་ལྡན་རྣམས་ཀྱིས་ཆེས་ཆེར་སྤེལ་ཞིང་དར་བར་མཛད་ནས་རིམས་པར་བརྒྱུད་དེ་རིགས་ལྡན་རྒྱལ་དཀའི་དུས་སུ་(འདི་ལ་བཞེད་ཚུལ་མི་འདྲ་བ་འགའ་ཡོད)འཕགས་ཡུལ་དུ་སླར་ཡང་ཡི་དམ་གྱི་རྗེས་བཟུང་གྲུབ་ཆེན་དུས་ཞབས་པ་ཆེན་པོ་ཉིད་ཀྱིས་གདན་དྲངས་ཤིང་རིམས་པར་བརྒྱུད་དེ་འབྲོ་ལོ་ཙཱ་བ་ཤེས་གྲགས་ཀྱིས་བསྒྱུར་ནས་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ་ཉིད་ཀྱིས་བསིལ་ལྡན་ཁ་བ་གངས་ཅན་གྱི་ལྗོངས་འདིར་སྤྱན་དྲངས། (སྔ་སོར་ཡང་གྱི་ཇོ་ལོ་ཙཱ་བ་སོགས་ཀྱི་བོད་དུ་འགྱུར་ཡོད་པར་ཆོས་འབྱུང་རྣམས་སུ་གསལ) དེ་ནས་རིམས་པར་བརྒྱུད་པའི་དུས་འཁོར་སྦྱོར་དྲུག་པའམ་ཇོ་ནང་པར་ཞེས་ཡོངས་སུ་གྲགས་པའི་མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་རྒྱུད་དོན་མཐར་ཐུག་དུས་འཁོར་སྦྱོར་དྲུག་གཉིས་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་སྒྲུབ་པའི་བཀའ་བབས་པ་ཆེན་པ་འདི་ལ་ནི་ཀུན་མཁྱེན་རྒྱལ་བ་གཉིས་པའི་རང་ལུགས་དྲི་མ་མེད་པར་གྲགས་ཤིང་། རྩ་བརྒྱུད་བླ་མ་གོང་མ་རྣམས་ཀྱིས་ཀྱང་ཐར་འདོད་གདུལ་བྱ་རྒྱ་མཚོར་ཞལ་ནས་ཞལ་དུ་བརྒྱུད། སྙན་ནས་སྙན་དུ་བརྒྱུད་ཅིང་བརྒྱུད་པ་གསེར་ཀྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པའི་བྱིན་རླབས་དོན་བརྒྱུད་ཀྱི་ཆོས་བརྒྱུད་འདི་འཛམ་གླིང་ཤར་ནུབ་ཀུན་ཏུ་དར་ཞིང་རྒྱས་བཞིན་མཆིས་སོ།།
བོད་རབ་གནས་དགེ་བྱེད་ཅེས་ཆུ་ཕོ་སྟག་ལོའི་ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོར་དུས་འཁོར་སྒྲུབ་བརྒྱུད་སྐུ་གསུམ་ནོར་བུའི་སློབ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་བརྒྱད་པའི་དཔྱད་རྩོམ་དམ་བཅའ་ལ་གཉིས་ལྷུན་འགྲུབ་འཛིན་གྲྭའི་ངག་དབང་བསོད་ནམས་རིན་ཆེན་གྱིས་ཕུལ་བ་དགེ། །།།།

ནང་དོན་ཡོངས་ཁུངས། རྨི་ལམ་སད་མའི་རིག་རྩལ་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།