སློབ་མའི་བོད་ཡིག་སྦྱོང་བའི་འདུན་པ་སྐྱེད་སྲིང་བྱ་ཐ

༄༅། །སློབ་མས་བོད་ཡིག་སྦྱོང་བའི་འདུན་པ་སྐྱེད་སྲིང་བྱ་ཐབས་སྐོར་གྱི་བསམ་ཚུལ་མདོར་ཙམ་གླེང་བ།

རྩོམ་པ་པོ། མེ་སོན།
ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་དུ་སློབ་མ་རྣམས་ཀྱི་སྐད་ཡིག་གི་ཆུ་ཚད་ཇེ་ཞན་དང་སྐད་ཡིག་སྦྱོང་བའི་འདུན་པ་ཉམས་བཞིན་པའི་གནས་ཚུལ་ལ་གཞིགས་ནས། སྐད་ཡིག་དགེ་རྒན་ཞིག་གི་ངོས་ནས་ཇི་ལྟར་བགྱིས་ཏེ་སློབ་མས་སྐད་ཡིག་སྦྱོང་བའི་འདུན་པ་སྐྱེད་ཐབས་ཀྱི་སྐོར་ལ་བསམ་ཚུལ་རགས་ཙམ་བཀོད་པའོ། །

གནད་ཚིག དགེ་རྒན། སློབ་མ། སྐད་ཡིག སྤྲོ་སྣང་།

གླེང་གཞི།
སྐད་ཡིག་ནི་མི་རིགས་ཤིག་གི་ཁྱད་རྟགས་གཙོ་བོ་ཡིན་ལ། སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གང་ལེགས་བྱེད་པ་ནི་མི་རིགས་གང་དེའི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་དང་། ལྷག་པར་དུ་མི་རིགས་དེའི་ལོ་རྒྱུས་ཀྱི་རྒྱུན་སྐྱོང་བྱེད་ཀྱི་ལག་ཆ་གཙོ་བོ་ཡིན་པས། རང་མི་རིགས་ཀྱི་སྐད་དང་ཡི་གེར་སློབ་སྦྱོང་དང་རྒྱུས་ལོན་ལེགས་པོ་ཞིག་བྱས་པའི་རྨང་གཞིའི་སྟེང་། མི་རིགས་གཞན་གྱི་རིག་གནས་ལས་སྙིགས་དོར་བཅུད་ལེན་བྱས་ནས་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་ནས་འབད་ན། མི་རིགས་རང་གི་སྐད་དང་ཡི་གེ་དེ་སྔར་ལས་འཕེལ་རྒྱས་དང་སྔར་ལས་འོད་སྟོང་ལྡན་པ་ཞིག་ཏུ་འགྱུར་ངེས་མོད། འོན་ཀྱང་དེང་སྐབས་མི་ལ་ལས་བོད་སྐད་ཀྱིས་བརྡ་མི་འཕྲོད་ཅིང་དོན་མི་གོ་ལ་དགོས་མཁོ་མེད་པར་སྨྲས་ནས་བོད་སྐད་བཤད་པ་དང་། བོད་ཡིག་བཀོལ་བ་རྩིས་མེད་དུ་བཟུང་ཞིང་དེ་ལ་དམའ་འབེབས་དང་ཟུར་ཟ་བྱས་པ་རེད། དེ་བཞིན་སློབ་མའི་ཁྲོད་ན་བོད་ཡིག་དང་བོད་སྐད་ལ་དུངས་པ་ཞན་པའི་ཚད་ཇེ་དྲག་ཏུ་འགྲོ་བཞིན་པའི་གནད་དོན་ལ་གཞིགས་ནས་གུས་པོས་ལོ་འདི་དག་ལ་བོད་སྐད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་དང་རང་ཉིད་བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་བོད་ཡིག་སློབ་སྦྱོང་བྱས་པའི་ཁྲོད་ཀྱི་མྱོང་བ་གཞིར་བཞག་གི་ཐོག་ནས་སློབ་མས་སྐད་ཡིག་སྦྱོང་བའི་འདུན་པ་སྐྱེད་ཐབས་སྐོར་གྱི་བསམ་ཚུལ་རགས་ཙམ་གླེང་བར་བྱའོ། །


གཅིག དགེ་རྒན་གྱིས་སློབ་མར་མིག་དཔེ་བཟང་བོ་སྟོན་དགོས།

སྤྱིར་སློབ་གསོའི་ལས་དོན་ནི་དཀའ་ཚེགས་ཆེ་ཞིང་རྙོག་འཛིང་ལྡན་ལ་དེ་ལས་ཀྱང་བླ་ན་མེད་ཅིང་གཟི་བརྗིད་ཆེ་བའི་ལས་འགན་ཞིག་ཀྱང་རེད། དགེ་རྒན་གྱིས་རང་དཔེ་གཞན་སྟོན་གྱི་ཐོག་ནས་སློབ་མ་རྣམས་ལ་ཡང་དག་པའི་མི་ཚེའི་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་སོགས་བརྒྱུད་སྤྲོད་བྱེད་དགོས་ཤིང་སློབ་མའི་བསམ་བློ་ཀུན་སྤྱོད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་དགོས་ངེས་ཀྱི་ནུས་པ་ཐོན་གང་ཐུབ་བྱེད་དགོས། སློབ་འབྲིང་གི་དུས་ནི་སློབ་མའི་སེམས་ཁམས་དང་གཟུགས་པོ། སྤྱོད་ལམ་སོགས་ཕྱོགས་གང་ཅིའི་ཐད་ནས་འཚར་ལོངས་དང་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་ལ། ཁོར་ཡུག་གི་ལེགས་ཉེས་སྣང་ཚུལ་གང་རུང་གིས་ཤུགས་རྐྱེན་ཐེབས་སླ་བ་ཡིན། ལྷག་པར་དགེ་རྒན་གྱི་འགྲོ་འདུག་སྤྱོད་ལམ་དང་ལྟ་སྒོམ་གྱིས་སློབ་མར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད་པས། དགེ་རྒན་གྱིས་སློབ་གསོ་གཏོང་བར་ཐོག་མར་རང་ཉིད་ཀྱི་བྱ་བྱེད་དང་ལྟ་སྤྱོད་ལ་རེ་བ་ནན་མོ་འདོན་དགོས་པ་རེད། དེ་ཡང་སློབ་གསོ་བ་སི་ཕེན་སི་ཡིས་གསུངས་པ་ནང་བཞིན་སློབ་མར་སློབ་གསོ་གཏོང་བ་དང་གཅར་རྡུང་བྱེད་པ་ལས་རང་གི་བྱ་སྤྱོད་དངོས་ཀྱིས་མིག་དཔེ་བསྟན་པ་ནི་ལྡབ་འགྱུར་གྱིས་ཕན་ནོ། །ཞེས་པ་ལས་མ་འདས་པར་དགེ་རྒན་གྱི་ལས་ཀ་བྱེད་ཕྱོགས་དང་བསམ་བློ་གཏོང་ཕྱོགས་ཀྱིས་སློབ་མར་ཤུགས་རྐྱེན་ངེས་ཅན་ཐེབས་ཀྱིན་ཡོད་པས་དགེ་རྒན་གྱིས་དུས་རྒྱུན་ཏུ་ཕྱོགས་གང་ཐད་ནས་སྣང་འཇོག་དང་ཡིད་གཟབ་བྱས་ཏེ་སློབ་མ་རྣམས་ལ་མིག་དཔེ་དང་བག་ཆགས་ལེགས་པོ་ཞིག་འཇོག་ཐུབ་པ་བྱེད་དགོས་སོ། །

༡ དགེ་རྒན་གྱིས་སྐད་ཆ་གཙང་མ་བཤད་དགོས།

རྒྱལ་ཡོངས་ཀྱི་དགེ་འོས་སློབ་གྲྭ་ཚང་མར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་བཀའ་ཡིག་ལྟར་རྒྱའི་སྤྱི་སྐད་རྒྱུགས་བླངས་ནས་དེ་ཡིས་དགེ་རྒན་གྱི་ཚད་འཛིན་གནང་གིན་ཡོད་པ་རེད། འདི་ཙམ་གྱིས་ཀྱང་ང་ཚོས་རྟོགས་པ་ནི་སྐད་ཆ་གཙང་མ་ཞིག་བཤད་པ་ནི་དགེ་རྒན་ཞིག་གི་མ་མཐའི་ཆ་རྐྱེན་ཡིན་པ་དེ་རེད། འོན་ཀྱང་རང་རིགས་ཀྱི་དགེ་རྒན་མི་ཉུང་བ་ཞིག་གིས་ར་མ་ལུག་གི་སྐད་ཆ་མང་པོ་ཞིག་བཤད་པར་མ་ཟད། སྐད་ཆ་དེ་དག་སློབ་ཁང་ནས་སློབ་ཁྲིད་བྱེད་པའི་ཁྲོད་དུ་མངོན་གསལ་དོད་པོས་བརྗོད་པ་དང་། ད་དུང་སྐད་ཆ་དེ་འདྲ་བེད་སྤྱོད་བྱས་ན་དགེ་རྒན་ལ་བརྗོད་བདེ་བ་དང་། སློབ་མས་གོ་བ་ལོན་སླ་བ་སོགས་ཀྱི་དགེ་མཚན་འདུག་ཅེས་མུན་འཐོམས་ངང་གླེང་བ་ནི་དོན་དུ་སློབ་མའི་རྒྱུད་ལ་སྐད་ཡིག་འཇོག་པ་མ་ཡིན་པར་སློབ་མའི་རྒྱུད་ནས་སྐད་ཡིག་འཇོམས་པའི་ངང་ཚུལ་འབའ་ཞིག་སྟེ། འདྲེས་སྐད་ཀྱིས་སློབ་ཁྲིད་བྱེད་པ་ནི་སློབ་བུ་ཚོས་མི་རིགས་རང་གི་རིག་གནས་ཀྱི་གཏིང་ལ་ཉར་བའི་ཤེས་བྱར་རྒྱང་བཀྱེད་པ་དང་སློབ་སྦྱོང་བྱེད་པའི་གེགས་རྐྱེན་ལས་མ་འདས་ཏེ། “དགེ་རྒན་གྱི་སྤྱོད་ལམ་ནི་སྒྲ་མེད་ཀྱི་སྐད་ཆ་དང་གཟུགས་ལྡན་གྱི་མིག་དཔེ་ཡིན་”ཞེས་གསུངས་པ་ལྟར། དགེ་རྒན་གྱི་སྐད་ཆ་ནི་སྒྲ་ལྡན་གྱི་སྤྱོད་ལམ་དང་གཟུགས་མེད་ཀྱི་མིག་དཔེ་རུ་བརྗོད་འོས་ཏེ། དགེ་རྒན་གྱི་སྐད་ཆས་སློབ་མའི་སྐད་ཆ་དང་རིན་ཐང་ལྟ་ཚུལ། ཀུན་སྤྱོད་ཚད་གཞི། བསམ་གཞིགས་དང་ལྟ་སྤྱོད་སོགས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་རེད། དེ་བས་སྐད་དང་ཡི་གེ་གང་དེའི་བརྡ་སྤྲོད་གཞུང་དང་བཅས་པར་ཤེས་རྟོགས་དཔྱིས་ཕྱིན་པ་བྱ་ཕྱིར། གཞུང་དེར་བསླབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་སྐད་ཆ་ར་མ་ལུག་ལ་བརྟེན་ནས་སློབ་ཚན་འཆད་ཁྲིད་ཀྱི་གོམས་གཤིས་ཡ་མ་ཟུང་དོར་ཏེ། སྐད་དང་ཡི་གེ་གཙང་མ་སྤྱོད་རྒྱུ་ནི་སྐད་ཡིག་སློབ་ཁྲིད་ཀྱི་གནས་བབ་འགངས་ཆེ་ཤོས་ཤིག་ཏུ་མཐོང་བས་ཐོག་མར་དགེ་རྒན་གྱིས་སྐད་ཆ་དག་མ་ཞིག་བཤད་ནས་སློབ་མར་བག་ཆགས་ལེགས་པོ་ཞིག་འཇོག་པ་ནི་གལ་ཆེའོ། །

༢ དགེ་རྒན་གྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས།

དེ་ཡང་ཨ་ལག་དོར་ཞི་རིན་པོ་ཆེ་མཆོག་གིས“རིགས་ཀྱི་བླ་སྲོག་སྐད་ཡིག་རིག་གནས་དང་། །རིགས་ཀྱི་འདུ་ཤེས་རིགས་ཀྱི་གཅེས་སེམས་ཏེ། །རིགས་ཀྱི་བླ་སྲོག་སྟེ་དག་བོར་བའི་ཚེ། །རིགས་ཆད་རིགས་མེད་དག་དང་ཁྱད་པར་ཅི། །”ཞེས་གསུངས་པ་ནང་བཞིན་སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག་དང་མཚོན་རྟགས་ཡིན་པ་རེད། སྐད་དང་ཡི་གེ་བེད་སྤྱོད་དང་སློབ་སྦྱོང་ལེགས་པོ་བྱེད་པ་ནི་མིའི་རིགས་གང་དེའི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་བྱེད་པ་དང་འབྲེལ་བ་དམ་ཟབ་ཡོད་པས། ཁ་ཆེ་ཕ་ལུ་ལས། ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང་། ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་རེད། བླ་མའི་ཆོས་རར་ཡི་གེ་མེ་ལོང་རེད། རྒྱལ་པོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད་ཅེས་པའི་གསུངས་ལས་གསལ་པོར་རྟོགས་ཐུབ། ལྷག་དོན་བོད་ཀྱི་ན་གཞོན་ཚོའི་ངོས་ནས་བརྗོད་ན། རང་རིགས་ཀྱི་སྐད་ཡིག་སྦྱོང་རྒྱུ་དེ་དོར་དུ་མི་རུང་བའི་འགན་འཁྲི་ཞིག་ཡིན་པས། སྣང་ཆུང་དུ་བཏང་ན་ཤིན་ཏུ་ཕངས་བས་འབད་པ་ལྷུར་ལེན་གྱིས་སྦྱངས་བརྩོན་བྱེད་དགོས་པ་གལ་ཆེ། དེང་གི་ཆར་རིམ་པ་གོང་མས་མི་རིགས་སོ་སོའི་སྐད་དང་ཡི་གེ་སྦྱོང་ཆོག་པའི་དབང་ཆ་སྤྲད་ཡོད་རུང་། “བླ་མ་ཡོད་དུས་དད་པ་མེད། དད་པ་ཡོད་དུས་བླ་མ་མེད་”པའི་སྣང་ཚུལ་འབྱུང་གིན་ཡོད་པ་འདིའང་དོན་ལ་སློབ་གསོ་བ་སི་ཕེན་སི་ཡིས་“སློབ་མའི་བྱ་སྤྱོད་དང་སྐད་ཆ་ལས་ནམ་རྒྱུན་དགེ་རྒན་གྱི་བྱ་བྱེད་དང་སྐད་ཆ་མཐོང་ཐུབ་”ཅེས་གསུངས་པ་བཞིན་དགེ་རྒན་མི་ཉུང་བ་ཞིག་གིས་བོད་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་མི་བྱེད་པར་སྣང་མེ་དུ་བཞག་ཐལ་ཆེ་བ་འདིས་ཀྱང་སློབ་མས་སྐད་ཡིག་ལ་བཟུང་བའི་རྣམ་འགྱུར་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པས་འགོ་བའི་ནད་བཞིན་རིང་དུ་འགྱེད་པ་གལ་ཆེའོ། །


གཉིས། སློབ་ཁྲིད་ལ་སྤྲོ་སྣང་དང་གསོན་ཤུགས་སྐྲུན་དགོས།

དགེ་རྒན་ནི་སློབ་ཁྲིད་ཀྱི་གཙོ་ཁྲིད་པ་ཡིན་པས་དགེ་རྒན་གྱི་རྣམ་འགྱུར་དང་བྱ་བྱེད་ཀྱིས་སློབ་མར་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། སློབ་ཁྲིད་བྱེད་སྐབས་དགེ་རྒན་ལ་སྙིང་སྟོབས་མེད་པ་དང་། ཉོབ་མདངས་ཆེ་བ། སེམས་ཤུགས་དང་བྲལ་ན་སློབ་མར་ཡང་སློབ་ཁྲིད་ལ་ཉན་པའི་སྤྲོ་སྣང་མེད་པར་འགྱུར་ངེས། དེས་ན་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་གྱིས་རང་གི་རྣམ་འགྱུར་ལ་ཡིད་གཟབ་ཆེན་པོ་བྱས་ནས་སེམས་ཤུགས་ཆེར་བསྐྱེད་ཀྱིས་སློབ་ཁྲིད་བྱས་ན། སློབ་མར་ཡང་རང་བཞིན་དུ་ཤུགས་རྐྱེན་ཐེབས་ནས་སློབ་ཁྲིད་ཀྱི་ཕན་འབྲས་ཆེན་པོ་ཐོན་ངེས་ཡིན། དེ་ལས་རྟོགས་ཐུབ་པ་ནི་དགེ་རྒན་གྱི་སེམས་ཤུགས་ནི་སློབ་མའི་སེམས་ཤུགས་སུ་འགྱུར་ནུས་པ་དང་དགེ་རྒན་གྱི་སྙིང་སྟོབས་ཀྱང་སློབ་མའི་སྙིང་སྟོབས་སུ་འགྱུར་ནུས་པས། དགེ་རྒན་གྱིས་འགན་སེམས་ཆེན་པོ་བཅངས་ནས་ཡིད་སེམས་གཅིག་སྡུད་ཀྱིས་སློབ་ཁྲིད་ལ་གཞོལ་བ་དེ་ཡང་སློབ་མས་སྤྲོ་སྣང་གིས་སློབ་སྦྱོང་བྱེད་པའི་སྒུལ་ཤུགས་སུ་འགྱུར་ནུས་རེད། སྤྲོ་སྣང་ནི་ཆེས་ལེགས་པའི་དགེ་རྒན་དང་། སློབ་ཁྲིད་ལ་མཉམ་འཇོག་བྱེད་ནུས་སྐྱེད་སྲིང་བྱེད་པའི་སྨན་མཆོག་ལྟ་བུ་ཡིན་ཏེ། སློབ་གསོ་བ་སེ་ཕེན་སི་ཞེས་པས“སློབ་མར་འབྲེལ་ཡོད་ཤེས་བྱ་ཅི་རིགས་ཁྲིད་དུས་ཐོག་མར་ཁོ་ལ་སྤྲོ་བ་འཕེལ་དུ་འཇུག་རྒྱུ་གལ་ཆེ་སྟེ། དེ་ལྟར་བྱས་ན་ཕྱིས་ཀྱི་བྱ་བ་ཡོད་ཚད་ལེགས་ལམ་དུ་འགྲོ་ངེས་སོ། །”ཞེས་དང༼ཡ་ཧུ་དཱ་པའི་སློབ་གསོའི་མན་ངག༽ལས་“སློབ་གསོའི་འབྲས་བུ་ནི་སློབ་མའི་རྒྱུད་ལ་ཤེས་བྱ་འབྱོར་བའི་ཚད་ཀྱིས་འཇོག་པ་ཡིན་ལ་ཤེས་བྱ་འབྱོར་ཚད་ཀྱང་གཙོ་བོ་སློབ་ཁྲིད་སྐབས་སུ་སློབ་མའི་སྤྲོ་བ་འཕེལ་མིན་གྱིས་ཐག་གཅོད་པ་ཡིན་”ཞེས་གསུངས་པ་ལྟར་སྐད་ཡིག་སློབ་གསོ་སྒྲུབ་མཁན་ཞིག་ཡིན་ཚེ། བརྩི་འཇོག་དང་རྩིས་མཐོང་གི་འདུ་ཤེས་དང་དགེ་རྒན་རང་ངོས་ཀྱི་སྤྲོ་སྣང་སེམས་ཤུགས་དང་བྱ་སྤྱོད་ཀྱིས་སློབ་ཁྲིད་ལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་པ་མ་ཟད་ཐབས་མཁས་ཀྱིས་སྐད་ཡིག་སློབ་ཁྲིད་ལ་སྤྲོ་བ་ཡོད་དུ་འཇུག་དགོས་པ་ལས་དགེ་རྒན་ནི་སློབ་མའི་མདུན་དུ་སློབ་གསོ་དྲིལ་བསྒྲགས་བྱེད་སྤྱད་ཀྱི་སྒྲ་སྒམ་ཙམ་དང་། སློབ་མར་སྣང་དོགས་ཡེ་ནས་མི་བྱེད་མཁན་ཞིག རང་སྣང་གང་ཤར་གྱིས་བཙིར་གནོན་དང་གཅར་རྡུང་བྱེད་མཁན་གྱི་དབང་ཆེན་ཞིག་མི་བྱེད་པར། དགེ་རྒན་གྱིས་བསླབ་གཞི་དང་དེར་འབྲེལ་བའི་ཤེས་བྱ་ཁོང་དུ་ཆུད་པ་དང་། འཆད་ཁྲིད་རྣམ་འགྱུར་སྤྲོ་སྣང་དང་ལྷུན་ཆགས་ཡིན་པ། སྐད་ཆ་དག་ཅིང་གནད་ལ་འཁེལ་བ། བརྩེ་དུང་ཕུན་སུམ་ཚོགས་པ། སྐད་གདངས་མཐོ་དམའ་རན་ཞིང་འགྱུར་ཁུག་ལྡན་པ། སྨྲ་བརྗོད་བདེ་བའི་ངང་མགོ་རྩོམ་ཚུལ་དང་འབྲེལ་མཚམས། ཁ་ཕྱོགས་བསྒྱུར་བ། མཇུག་བསྡུ་བ་བཅས་སུ་བཀོལ་བའི་ཐ་སྙད་དང་ཉམས་འགྱུར་འོས་ཤིང་འཚམ་པ། ཁྲིད་ཆས་གཙང་ཞིང་ཆ་ཚང་བ། སློབ་ཁང་དག་གཙང་ཡིན་པ། སྒོ་སམ་དུ་ཡི་གེ་བྲིས་པ་སྙིང་བསྡུས་དང་མིག་ལ་མཛེས་པ་བཅས་བྱ་དགོས། འདི་དག་ཚང་མས་སློབ་མའི་མཉམ་འཇོག་བྱེད་ནུས་དང་སྤྲོ་སྣང་བསྐྱེད་ཐུབ་པ་རེད། ལྷག་དོན་སྐད་ཡིག་གི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན། བོད་རིགས་ཀྱི་གཤིས་སྤྱོད་དང་ལུགས་སྲོལ་མ་ཉམས་པའི་སྟེང་རྒྱུན་དུ་ཡ་རབས་ཚུལ་མཐུན་གྱི་སྐད་ཆ་ཤོད་པ་དང་ཞེ་ཚིག་མང་ཙམ་བཀོལ་བ། སློབ་མར་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་གི་སྤྲོ་སྣང་ཆེན་པོ་ལྡན་དུ་འཇུག་དགོས། སློབ་ཚན་གྱི་ནང་དོན་གསར་བའི་འདྲེན་ཚིག་དེས་རྡོ་ཁབ་ལེན་བཞིན་སློབ་མའི་བློ་ཁ་འདྲེན་གང་ཐུབ་བྱས་ཏེ། སློབ་མའི་ནུས་པ་གཙོ་བོ་འདོན་སྤེལ་བྱེད་པ་དང་། ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ནས། གང་ཐུབ་ཀྱིས་སློབ་མ་རྣམས་ཤེས་བྱ་གསར་བར་རྩད་ཞིབ་བྱེད་པའི་བྱ་འགུལ་ནང་ཞུགས་སུ་འཇུག་པ་དང་། སློབ་མར་གྲུབ་འབྲས་ཐོབ་པའི་སྤྲོ་སེམས་དང་སློབ་སྦྱོང་གི་དགའ་སྣང་མྱོང་དུ་བཅུག་སྟེ། སློབ་སྦྱོང་གི་སྤྲོ་སྣང་དེས་སློབ་མས་བློ་སེམས་གཅིག་སྒྲིལ་སྒོས་སློབ་སྦྱོང་བྱེད་པར་སྐུལ་བ་དང་། དཀའ་སྤྱད་ཀྱིས་སློབ་སྦྱོང་བྱེད་པ་དེ་དགའ་སྤྲོའི་ངང་སློབ་སྦྱོང་བྱེད་པར་བསྒྱུར་དགོས། སློབ་སྦྱོང་གི་ཁྲོད་དུ་འགྱུར་ལྡོག་མེད་པའི་སྣ་གཅིག་ཁྲིད་ཐབས་གཏན་འགོག་བྱས་ཏེ་སྣ་མང་ཕུན་ཚོགས་དང་གང་ལ་གང་འཚམ་གྱི་ཐབས་ཤེས་སྤྱོད་དགོས།


གསུམ། སྨྱན་མང་གཟུགས་སྤྱོད་པ་དང་སྙན་ངག་གྱེར་འདོན་སྒྲ་རུ་ལེན་པ།


༡ སྨྱན་མང་གཟུགས་བཀོལ་ན་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་སྣང་བསྐྱེད་པ།

བོད་ཁུལ་གྱི་སློབ་མ་བྱིངས་ནི་རོང་འབྲོག་ས་ཁུལ་ནས་ཡོང་བ་ཡིན་པས། དགེ་རྒན་གྱིས་ས་སྨྱུག་དང་སྒོ་སམ། བསླབ་དེབ་སོགས་སྲོལ་རྒྱུན་གྱི་ཡོ་བྱད་ཉུང་ཉུང་ཙམ་ལ་བརྟེན་ནས་མིག་གིས་མཐོང་དཀའ་ཞིང་ཅུང་ལྐོག་གྱུར་ཡིན་པའི་ནང་དོན་སྐོར་ཁྲིད་དཀའ། གལ་ཏེ་ང་ཚོས་སློབ་ཁྲིད་བྱེད་སྐབས་སྨྱན་མང་གཟུགས་ལ་བརྟེན་ནས་སློབ་མ་རྣམས་ལ་དབྱེ་ཞིབ་དང་གྲོས་མོལ་བྱེད་དུ་བཅུག་ན་བློ་སྒོ་ཕྱེས་ནས་སློབ་ཁྲིད་ཀྱི་ནང་དོན་ལ་གོ་བ་ཟབ་མོ་ཞིག་ལེན་པ་དང་སྤྲོ་སྣང་ཤུགས་ཆེན་འགུག་པར་ཕན་པ་ཆེན་པོ་ཡོད་པ་མ་ཟད་སློབ་ཁྲིད་ཀྱི་ཤོང་ཚད་ཇེ་ཆེར་གཏོང་བ་དང་། སློབ་མ་རྣམས་ཀྱིས་གཤར་སྦྱང་དང་ཕན་ཚུན་བརྗེ་རེས་བྱེད་པའི་དུས་ཚོད་ཇེ་མང་དུ་གཏོང་ཐུབ། སྲོལ་རྒྱུན་གྱི་སློབ་ཁྲིད་ཁྲོད་སྒོ་སམ་དུ་ཡི་གེ་འབྲི་བ་དང་རི་མོ་འབྲི་བ། སློབ་ཚན་གྱི་ནང་དོན་ཞིབ་མོར་བརྗོད་པ་སོགས་ལ་དུས་ཚོད་མི་ཉུང་བ་ཞིག་དགོས། གལ་ཏེ་སྨྱན་མང་གཟུགས་བཀོལ་ན་དུས་ཚོད་མང་པོ་གྲོན་ཆུང་བྱས་ནས། སློབ་མ་རྣམས་ལ་གཤར་སྦྱང་དང་གྲོས་མོལ། བརྗེ་རེས་བྱེད་དུ་བཅུག་ན། ཁོ་ཚོའི་རང་སྦྱོང་དང་མཐུན་སྒྲིལ། མཉམ་ལས་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པར་ཕན་པ་ཧ་ཅང་ཆེ། འོན་ཀྱང་། དགོས་མཁོ་ཡོད་མེད་ལ་མི་ལྟ་བར་སློབ་ཁྲིད་ཡོད་ཚད་ལ་སྨྱན་མང་གཟུགས་བཀོལ་ནས་ཁྲིད་པ་ནི་སྣང་ཚུལ་ལེགས་པོ་ཞིག་མིན་པས། ང་ཚོས་སློབ་ཁྲིད་གྲ་སྒྲིག་བྱེད་སྐབས་ངེས་པར་སློབ་ཁྲིད་ཀྱི་ནང་དོན་དང་སློབ་མའི་གནས་ཚུལ་ལ་གཞིགས་ནས། སྨྱན་མང་གཟུགས་བཀོལ་ན་སློབ་ཁྲིད་ལ་སྤྲོ་བ་སློང་བར་ནུས་པ་ཐོན་པ་མ་ཟད་ཕན་འབྲས་ཀྱང་ཆེའོ། །


༢ གྱེར་འདོན་སྒྲ་རུ་ལེན་པ།

བསླབས་པའི་ཡོན་ཏན་གྲངས་མང་བསམ་ཡས་ཀྱང་། །འབྲི་ཀློག་གཉིས་ནི་ཡོན་ཏན་གཞི་མ་ཡིན། །ཞེས་དང་བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱོངས། །ཞེས་གསུངས་པ་ནང་བཞིན་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འཇོག་པར་ཐོག་མར་ཀློག་ནས་འགོ་རྩོམ་དགོས་པ་རེད། དེ་ཡང་ཐོག་མར་དགེ་རྒན་གྱིས་ཚིག་གི་གཅོད་མཚམས་བདེ་ཞིང་དང་གདངས་ཀྱི་མཐོ་དམན་རན་ལ་ངག་གི་གྲིམ་ལྷོད་འོས་པའི་སྒོ་ནས་ལ་ཀློག་དག་མོ་ཞིག་ཁྲིད་པ་གན་ཆེན་ཡིན་མོད། དེར་སློབ་མས་ཡིད་འཇོག་མ་བྱས་ཚེ་མིག་གཉིས་སྒྲིབ་པའི་ཆུ་འཐག་བོང་བུ་ག་ཙམ་སོང་ཡང་སྔར་གནས་ན་བདོག་པ་ནང་བཞིན་ཕན་མེད་འབྲས་མེད་དུ་འགྲོ་བ་རེད། དེ་བས་སློབ་མས་གྱེར་ཀློག་བྱས་པ་སྒྲ་རུ་བླངས་ནས་སློབ་གྲོགས་ཚོར་ཉན་དུ་བཅུག་ན་སློབ་མས་སྤྲོ་དགའ་དང་གཟབ་ནན་ངང་སློབ་ཚན་གྱེར་ཀློག་བྱེད་པའི་བློ་ཁ་འགུག་ཐུབ་པས་སྦྱོར་ཀློག་གི་ནུས་པ་སྐྱེད་པར་ཕན་པའོ། །


བཞི། ཁྲིད་གཞི་ཞིབ་ཚགས་བྲིས་ནས་སློབ་ཁྲིད་ནན་ཏན་བྱེད་པ།

“ཁྲིད་གཞི་ནི་དགེ་རྒན་གྱིས་སློབ་ཁྲིད་བཟང་བོ་ཞིག་བྱ་ཆེད། གྲ་སྒྲིག་བྱས་པའི་ལས་ཀའི་ཁྲོད་ཀྱི་ཡང་སྙིང་ཡིན། འདི་ནི་དམག་དཔུང་གི་གཡུལ་འཁྲུག་འཆར་གཞི་དང་མཚུངས་ཤིང་། ཞིང་ལས་པའི་རྨོ་འདེབས་འཆར་གཞི་དང་ཡང་འདྲ་ས་ཡོད།”ཞེས་གསུངས་པ་ནང་བཞིན་སློབ་ཁྲིད་ལ་གྲ་སྒྲིག་ལེགས་པོ་ཞིག་བྱ་རྒྱུ་ནི་སློབ་ཁྲིད་ལེགས་པོ་ཞིག་བྱེད་པའི་གཞི་རྩ་ཡིན་ལ། སློབ་ཁྲིད་གྲ་སྒྲིག་གི་ལེགས་ཉེས་ཀྱིས་སློབ་ཁྲིད་ཀྱི་བཟང་ངན་ལ་ཐད་ཀར་དུ་ཐག་གཅོད་བྱེད་ཀྱིན་ཡོད། ༼སློབ་གསོ་རིག་པ༽ཞེས་པའི་ནང“ཉམས་མྱོང་ལྡན་པའི་དགེ་རྒན་ཞིག་ཡིན་ཕྱིན་སློབ་ཚན་གྲ་སྒྲིག་མེད་པར་སློབ་ཁྲིད་རྩ་བ་ནས་མི་བྱེད”ཅེས་བཀོད་པ་བཞིན་གྲ་སྒྲིག་དང་འཆར་གཞི་ནི་དགེ་རྒན་ཞིག་ལ་ངེས་པར་ཏུ་ཡོད་དགོས་པའི་སློབ་ཁྲིད་ཀྱི་གྲུབ་ཆ་ཞིག་ཡིན་པ་ལས་དགེ་རྒན་གྱིས་རང་ཉིད་ཀྱི་འཁྲིད་བྱའི་དཔྱད་གཞི་དང་ཟུར་ལྟའི་དཔེ་ཆ་སོགས་ལ་གང་ཡང་མ་བལྟས་པར་བློ་ཐོག་གི་རྩྭ་མགོ་ལྡུམ་མགོ་ཙམ་པོ་དེ་གོ་རིམ་དང་འཆར་གཞི་གང་ཡང་མེད་པར་འགན་ཁུར་འགྲུབ་ཐབས་ཙམ་གྱི་ཕྱིར་ཏུ་ཡི་གེར་བཀོད་ནས་ཡོད་མེད་གང་ཡང་རུང་བའི་ཁྲིད་གཞི་ཙམ་བཟོ་རྒྱུ་དེ་མ་ཡིན་པར། དེར་ནང་གསེས་སུ“བླ་མར་མ་བརྟག་སློབ་མ་དུག་འཐུང་འདྲ། །སློབ་མར་མ་བརྟག་བླ་མ་གཡང་མཆོང་འདྲ། །”ཞེས་གསུངས་པ་ནང་བཞིན་ཁྲིད་གཞི་གྲ་སྒྲིག་བྱེད་སྐབས་སློབ་མའི་ན་ཚོད་དང་རིག་སྟོབས། ཤེས་འཇོན་སོགས་ལ་མ་བརྟགས་པའི་སློབ་ཁྲིད་ནི་མུན་ནག་མདའ་འཕེན་དང་འདྲ་བར་འབེན་མི་མཐོང་བས་ཐོག་མར་དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཁ་གཏད་ས་སློབ་མ་ཡིན་པ་ཤེས་པར་བྱས་ཏེ་སློབ་མ་བློ་ལ་ཡོད་པ་བྱས་པའི་རྨང་གཞིའི་སྟེང་། དགེ་རྒན་གྱིས་ནང་དོན་མང་པོ་འདུས་ཤིང་སློབ་ཚན་ཡང་དུ་མ་ཡོད་ལ། དཀའ་སླའི་ཚད་ཀྱང་གཅིག་འདྲ་མིན་ཞིང་གཙོ་ཕལ་གྱི་དབྱེ་བའང་ངེས་ཅན་ཞིག་ཡོད་པའི་སློབ་དེབ་ཧྲིལ་བོའམ་སློབ་ཚན་སོ་སོའི་ཚིག་དོན་དང་བརྗོད་བྱ་གསལ་བོ་ཞིག་ངེས་བར་བྱས་ཐོག གང་འཁྲིད་བྱའི་སློབ་ཚན་དེའི་སྤྱིའི་དམིགས་ཚད་དང་དཀའ་གཙོ་གནད། ཁྲིད་ཐབས། ཁྲིད་ཆས། ཚད་ཐོན་སྒྲིག་རིམ། ཐུན་གྲངས་སོགས་ལེགས་པར་བཀོད་རྗེས། ཐུན་གྲངས་གང་དེའི་དམིགས་ཚད་དང་དཀའ་གནད་གཙོ་གནད། ཁྲིད་ཐབས་དང་ཁྲིད་ཆས། གླེང་སློང་བ། ཚད་ཐོན་སྒྲིག་རིམ། ནང་དོན་དངོས་དང་ཚད་ཐོན་ཚད་འཇལ། ཕྱོགས་སྡོམ། ལས་བྱ་དང་སམ་ངོས་ཇུས་འགོད་སོགས་ཁྲིད་བྱའི་སློབ་ཚན་གྱི་ནང་དོན་དང་སྒྲིག་གཞི། རྩོམ་སྟངས་སོགས་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཏེ་སློབ་མའི་གནས་ཚུལ་དངོས་དང་འཕེལ་རྒྱས་ལ་དམིགས་ནས་ཁྲིད་ཐབས་གང་ལ་གང་འཚམ་ཞིག་སྤྱོད་པ་ལས་ནད་བརྒྱ་སྨན་གཅིག་གི་དཔེ་ལྟར་རྒྱུན་པར་ཁྲིད་ཐབས་སྣ་གཅིག་རྐྱང་སྤྱད་ན། སློབ་མ་ལ་སུན་སྣང་སྐྱེ་སྲིད། དེ་བས་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་གང་ལ་གང་འཚམ་གྱི་ཁོར་ཡུག་ལེགས་པོ་ཞིག་དང་ཁྲིད་ཆས་འཐུས་ཚང་ཞིག ཁྲིད་ཐབས་ནུས་ལྡན་ཞིག་སྤྱོད་རྒྱུ་དང་སློབ་ཁྲིད་བྱས་ཚར་རྗེས་འཕྲལ་དུ་བསམ་གཞིག་ནང་དུ་བཀུག་ནས་ཁྲིད་རྗེས་ཀྱི་མྱོང་བ་གཟབ་ནན་སྒོས་འབྲི་དགོས། དེ་རིང་གི་ཁྲིད་རྗེས་ཀྱི་ཟིན་ཐོ་ནི་སང་ཉིན་གྱི་སློབ་ཁྲིད་གྲ་སྒྲིག་གི་གཞི་འཛིན་ས་ཡིན་པས་ཅུང་ཞིབ་ཚགས་ཡིན་རྒྱུ་གལ་ཆེ། ཞིབ་ཚགས་ལྡན་པའི་ཁྲིད་རྗེས་ཀྱི་མྱོང་བ་ནི་ཆེས་ལེགས་པའི་སློབ་གསོའི་དཔྱད་རྩོམ་ཞིག་ཡིན་ལ། སང་གི་ཁྲིད་གཞི་གྲ་སྒྲིག་ལ་འདོར་དུ་མེད་པའི་དཔྱད་གཞི་ཅིག་ཡིན་པ་རེད། མདོར་ན། སྤྲོ་སྣང་ལྡན་པའི་ངང་ནུས་ཐོན་གྱི་སློབ་ཁྲིད་ཅིག་བྱེད་པར་ཐོག་མར་དགེ་རྒན་རང་སྟེང་ནས་བྱེད་ཐབས་སྣ་ཚོགས་འཚོལ་སྡུད་དང་། དགེ་རྒན་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱས་ཏེ། བསླབ་གཞིར་ཞིབ་དཔྱོད་གནད་ཐིངས་པ་ཞིག་བྱེད་པ། སློབ་ཁྲིད་མ་བྱས་གོང་སློབ་མར་སྔོན་སྦྱོང་བྱ་རུ་འཇུག་པ། སློབ་ཁྲིད་བྱེད་ཐབས་ཇུས་འགོད་བྱེད་པ། སློབ་ཁྲིད་ཀྱི་འཆར་གཞི་ལེགས་པོ་འགོད་པ་སོགས་ཁྲིད་གཞིར་ཁྲིད་བྱའི་ནང་དོན་དང་ཐབས་ལམ་གཉིས་ཀ་གསལ་བོར་འགོད་རྒྱུ་ནི་སློབ་ཁྲིད་ལམ་སྟོངས་འབྱུང་བའི་གནད་ཅིག་གོ །


ལྔ། རྩོམ་ཡིག་འབྲི་སྦྱོང་བྱས་ནས་སྐུལ་སློང་བྱེད་པ།

མི་སུ་དང་གང་ལ་མཚོན་ནའང་གཞས་གཏོང་པ་དང་ཞབས་བྲོ་འཁྲབ་པ། སྙན་ངག་འབྲི་བར་དགའ་བ་ལ་སོགས་པའི་ལྷན་སྐྱེས་ཀྱི་ཁྱད་ཆོས་ཤིག་ཡོད་པ་རེད། དེ་བས་དགེ་རྒན་གྱིས་སློབ་མའི་རྩོམ་ཡིག་བརྒྱུད་དེ་འཚོ་བའི་གནས་ཚུལ་དང་། འདུ་ཤེས་འཛིན་སྟངས་སོགས་སེམས་ཁམས་ལ་རྒྱུས་ལོན་བྱེད་པ་དང་། སྐད་ཡིག་གི་དུངས་པ་དང་སྐད་ཆའི་བརྡ་སྤྲོད་འཕེལ་རྒྱས་གཏོང་བ་སོགས་སྣ་ཐིག་འདི་ནས་འཇུས་ན་ལེགས་ཏེ། རྩོམ་གང་དང་གང་ཡིན་ཡང་ཁོ་རང་གི་བརྩོན་འགྲུས་ཀྱི་འབྲས་བུ་ཡིན་ངེས་པས། སྐུལ་སློང་དང་གཟེངས་བསྟོད་གཙོ་བྱས་ནས་རྩོམ་ཡིག་ལ་གདེངས་འཇོག་ཆེན་པོ་བྱས་ཏེ། རྩོམ་འདོད་ཀྱི་རལ་གྲི་ལ་ངར་ལྡུད་པར་ནུས་ན་རྩོམ་པར་སྤྲོ་སྣང་ལྡན་པ་ཞིག་ཏུ་འགྱུར་སྲིད་པར་མ་ཟད་སྐད་ཡིག་སྦྱོང་འདུན་འགུག་པའི་ཐབས་མཆོག་ཅིག་ཡིན་པས་སློབ་མའི་རྩོམ་འབྲིའི་ནུས་པ་དང་དགའ་ཕྱོགས་བསྐྱེད་ཐབས་ཕྱོགས་གསུམ་ནས་གླེང་ན།


༡ གཟའ་ཐོ་འབྲི་བ་ནས་འགོ་བརྩམ་དགོས།

གཟའ་ཐོ་ཞེས་པ་ནི་རང་གི་གཟའ་འཁོར་གཅིག་གི་འཚོ་བའི་ཁྲོད་མཐོང་ཐོས་མྱོང་གསུམ་གང་བྱུང་བ་ལས་དོན་སྙིང་ཡོད་པའི་བྱ་བའམ་མྱོང་སྣང་ཟིན་ཐོར་བཀོད་པ་ལ་ཟེར་ཞིང་། དེ་ལྟ་བུའི་གཟའ་ཐོ་འབྲི་བ་ལ་བརྗོད་བྱའི་དོན་དང་རྗོད་བྱེད་ཀྱི་རྣམ་པ་གང་གི་ཐད་ལ་གུ་དོག་སྒྲིག་འཛུགས་ལྟ་བུའི་འཆིང་རྒྱ་གང་ཡང་མེད་པར་རང་གིས་གང་བརྗོད་འདོད་པ་དེའི་རྗེས་སུ་འབྲངས་ནས་གང་དགར་བྲིས་ཆོག་ལ། བྲི་བྱའི་ཡིག་འབྲུའི་མང་ཉུང་དང་། རྗོད་བྱེད་ཚིག་གི་རྩོམ་ལུས་ལའང་ཚད་བཀག་ཅི་ཡང་མེད་པར། ཚིགས་བཅད་དང་ཚིག་ལྷུག བཅད་ལྷུག་སྤེལ་མ་གང་སྤྱད་ཀྱང་ཆོག ནང་དོན་གྱི་ཕྱོགས་ནས་ཀྱང་གཟའ་འཁོར་དེར་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་མྱོང་ཚོར་དངོས་མ་གཞིར་བཟུང་ནས་དོན་སྙིང་ཡོད་པ་དེ་ཡིག་ཐོག་དུ་འགོད་པར་སྐུལ་རྒྱུ་གལ་ཆེ་བར་སྙམ། དཔེར་ན། ཁྱོད་ཀྱིས་ཉིན་དེར་དཔེ་དེབ་གང་ཞིག་བཀླགས་པ་དང་། དཔེ་དེབ་དེའི་བརྗོད་དོན་གང་ཡིན། དཔེ་དེབ་དེ་བཀླགས་རྗེས་ཁྱོད་ལ་བློ་སྐྱེད་དམ་ཡང་ན་ཡིད་འགྱུར་གྱི་ཚོར་བ་གང་སྐྱེད་པ་དག་ལྟ་ཞིབ་ཡོད་པའི་སྒོ་ནས་བྲིས་ཚེ། སློབ་མའི་གཟའ་ཐོར་བརྗོད་དོན་ཞན་པའི་རྣམ་པ་མེད་ལ། སྨྱུ་གུ་ཤོག་ངོར་བཙུགས་ཏེ་སོར་མོ་འགུལ་བའི་ངལ་བ་དེའང་ཆུད་ཟོས་སུ་གཏན་ནས་མི་འགྲོ། དེ་ལྟར་འབྲི་བ་ལ་གོམ་པ་རིམ་སྤོ་ལྟ་བུས་སྦྱོང་བརྡར་དང་རྒྱུན་འཁྱོངས་ལྷོད་མ་བྱས་ན། ད་གཟོད་སློབ་མས་གསོན་ཉམས་ལྡན་པའི་རྩོམ་ཡིག་ཅིག་འབྲི་ཐུབ་པའི་གདེང་སྤོབས་བཅིང་ཆོག་ལ། གཞན་གྱིས་བྲིས་པའི་རྩོམ་ཡིག་ལ་སྐྱོན་ཡོན་གང་ཡོད་དབྱེ་ཞིབ་བྱ་བའི་བསམ་བློ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེ་ཐུབ་ངེས་ཡིན། ད་དུང་། སློབ་གསོ་ནི“རྒྱུས་ལོན་ནས་འགོ་རྩོམ་དགོས”ཞེས་པ་ནང་བཞིན་སློབ་མའི་ནང་སེམས་ཀྱི་སྐད་ཆ་མང་བོ་བསྔོག་པར་དགེ་མཚན་ཁྱད་པར་བ་ལྡན་པས་དོན་སྙིང་ཆེའོ། །


༢ དཔྱད་བརྗོད་གང་ལེགས་བྱས་ནས་རེ་བ་དང་ཡིད་ཆེས་སྦྱིན་པ།

རྩོམ་ཡིག་ཞུ་དག་བྱེད་སྐབས་ནང་དོན་དང་། སྒྲིག་གཞི། སྐད་ཆའི་བརྡ་སྤྲོད་ནུས་པ་སོགས་ཕྱོགས་ཐམས་ཅད་ལ་ཁེབས་པར་བྱས་ཏེ་གཙོ་གནད་འདོན་ཐུབ་པའི་དཔྱད་གཏམ་འབྲི་རྒྱུ་ལས། དཔྱད་གཏམ་ཐུན་མོང་བ་དང་གཅིག་གྱུར་བ་བྲིས་ན་ཕན་ཐོགས་ཅི་ཡང་མེད། ད་དུང་སློབ་མའི་རྩོམ་པའི་རེ་འདུན་བླ་ལྷག་ཏུ་རྒྱས་ཕྱིར་ཞུ་དག་ཉུང་ཉུང་བྱས་ཏེ་རྩོམ་གྱི་མ་ཕྱིའི་ངོ་བོ་མི་འགྱུར་བ་བྱ་རྒྱུ་དང་། དཔྱད་གཏམ་མང་བོ་བྲིས་ནས་ཞན་ཆ་ཉུང་འདོན་དང་བཟང་ཆ་མང་འདོན་བྱས་ཏེ་རྩོམ་པར་སྐུལ་མ་བྱ་རྒྱུ་གནད་དམ་པ་ཡིན། སྤྱིར་རྩོམ་ལ་དཔྱད་གཏམ་འབྲི་རྒྱུ་ནི་ལེགས་ཉེས་བླང་དོར་འབྱེད་བྱེད་ཀྱི་ཐབས་བཟང་བོ་ཞིག་ཡིན་པས། དཔྱད་གཏམ་གྱི་ཡིག་འབྲུ་རེ་རེ་གནད་ལ་ཐིངས་པ་དང་། བློ་སྒོ་འབྱེད་ཐུབ་པ། ཁ་གསལ་ཞིང་ནོར་འཕྱུག་མེད་པ། སློབ་མ་རང་ཉིད་རྩོམ་པའི་བརྒྱུད་རིམ་ཁྲོད་ནས་གནད་དོན་འདོན་ཤེས་པ་དང་། གནད་དོན་ཐག་གཅོད་ཐུབ་པར་ཕྱོགས་སྟོན་བྱ་ནུས་ན། ད་གཟོད་རྩོམ་པའི་ནུས་པ་མཐོར་འདེགས་གཏོང་ཐུབ། དཔྱད་གཏམ་གྱི་ནང་དོན་སྙིང་བསྡུས་ཡིན་པ་དང་། གོ་སླ་བ། ཕན་ཐོགས་པ་བཅས་ཡིན་ན་འགྲིག་པ་ལས། མིག་སྔར་འབྱུང་བཞིན་པའི་དཔྱད་གཏམ་སྟེ་རབ་འབྲིང་ཐ་གསུམ་དང་། ཤིན་ཏུ་བཟང་། ཁྱོད་ལ་བསྟོད་པའི་ལེགས་སྐྱེས་འབུལ། བརྗོད་བྱ་འབུར་དུ་ཐོན། སྒྲིག་གཞི་ཚགས་དམ་པ། ཚིག་སྦྱོར་བདེ་བ་སོགས་གནད་ལ་མི་ཐིངས་པ་དང་། རབ་རིབ་དང་དོན་མེད་ཀྱི་ཚིག་ཕྲེང་སོགས་སྤེལ་ན་སློབ་མས་རང་རྩོམ་གྱི་བཟང་ཆ་དང་ཞན་ཆ་གང་ན་ཡོད་པ་འཚོལ་མི་ཐུབ་པས་ཡར་ཐོན་མེད་ལ། རྩོམ་པའི་དམིགས་ཡུལ་དང་དགོས་པ་འགྲུབ་མི་སྲིད། དགེ་རྒན་ལ་ལས་ཞུ་དག་གི་བརྒྱུད་རིམ་ཁྲོད་ནས་སློབ་མའི་རྩོམ་ལ་ཟུར་ཟ་དང་། འཕྱ་སྨོད། ཁྱད་གསོད་དང་དམའ་འབེབས་རང་བཞིན་གྱི་དཔྱད་གཏམ་འབྲི་བཞིན་ཡོད་པས། དེ་ནི་སློབ་མའི་རྩོམ་འདོད་ཀྱི་འདུན་པ་ཁྱད་གསོད་བྱེད་པའི་བྱ་བ་འབའ་ཞིག་ལས་ཐབས་ལེགས་པོ་ཞིག་རྩ་བ་ནས་མིན་པས་རྩོམ་ལ་ཞུ་དག་མ་བྱས་པའི་སྔ་རོལ་དུ་དགེ་སློབ་གཉིས་ཀྱིས་སློབ་མའི་རྩོམ་ཚུལ་ཕྱོགས་ལ་བགྲོ་གླེང་བྱས་ནས། དགེ་རྒན་གྱིས་སློབ་མས་རྩོམ་འབྲི་བའི་དམིགས་ཡུལ་དང་བསམ་བློའི་བཀོད་སྒྲིག་གི་བརྒྱུད་རིམ་སོགས་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེ། དེ་ལྟར་བྱས་ན་སློབ་མས་དགེ་རྒན་གྱི་ཞུ་དག་གི་དམིགས་བྱ་དང་རང་རྩོམ་གྱི་དགེ་སྐྱོན་འཚོལ་སླ་བ་ཡིན། ད་དུང་སློབ་མ་ཕན་ཚུན་བརྗེ་རེས་ཀྱིས་ཞུ་དག་བྱེད་ཐབས་དང་རང་རྩོམ་ལ་རང་གིས་ཞུ་དག་བྱེད་པའི་ཐབས་སྤྱད་ན་སྤྲོ་སྣང་ཆེན་པོ་འཕེལ་སྲིད་ལ། ཞུ་དག་བྱས་རྗེས་ཀྱི་རྩོམ་ཡིག་དག་ཚགས་པར་སོགས་སུ་འགོད་པ་དང་བརྩམས་ཆོས་འགྲེམ་སྟོན་བྱེད་པ་དགེ་རྒན་གྱིས་སྒྲོག་འདོན་བྱེད་པ་སོགས་ཀྱི་ཐབས་སྤྱད་ན་རྩོམ་པར་སྐུལ་འདེད་ཀྱི་ནུས་པའང་ཐེབས་སྲིད་དོ། །


༣ རྩོམ་ཡིག་གང་ལེགས་འོས་སྦྱོར་བྱེད་པ་དང་བརྩམས་ཆོས་འགྲེམ་སྤེལ་བྱ་སའི་སྟེགས་བུ་སྐྲུན་པ།

གང་ཞིག་དཔེ་ལ་བལྟ་ཞིང་ཐམས་ཅད་ཀྱི། །རྗེས་སུ་འབྲངས་པ་ཤེས་རབ་འཆལ་འགྱུར་བས། །རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང་། །ཞེས་གསུངས་པ་ནང་བཞིན་ཉོག་རྩོམ་མང་པོར་བལྟས་པ་ལས་ཕུལ་བྱུང་བརྩམས་ཆོས་གཅིག་ལ་བལྟས་པའི་དགོས་པ་ཆེ་བས་སློབ་མའི་བློ་ཁ་དང་རིག་སྟོབས། རྩོམ་ཡིག་འབྲི་སྦྱོང་ལ་སྨན་དུ་གྱུར་བའི་རྩོམ་རིག་དཔེ་དེབ་གང་ལེགས་འོས་སྦྱོར་བྱེད་པ་གལ་ཆེན་དུ་འདོད། དཔེ་དེབ་བཟང་བོ་གང་མང་ལ་ལྟ་ཀློག་བྱས་པས་བསམ་བློའི་འབྱོར་བ་ཇེ་ཕྱུག་ཏུ་འགྲོ་ལ། སེམས་ལ་ཤར་ཚད་ལག་ནས་འབྲི་བར་རྗོད་བྱེད་ཐ་སྙད་ཀྱིས་མི་འདང་བའི་དཀའ་ངལ་ཡང་ཇེ་ཆུང་ནས་གཏན་མེད་དུ་འགྱུར་ངེས་ཡིན་ཏེ། དཔེ་དེབ་དེའི་ནང་གི་གལ་ཆེའི་གནད་ཚིག་དང་། མིང་དང་ཐ་སྙད་གསར་བ་གང་འཕྲད་དག་ཟིན་ཐོར་འགོད་རྒྱུ་སོགས་ནི་དཔེ་དེབ་ལྟ་ཀློག་བྱེད་པའི་གོ་རིམ་ཁྲོད་ཀྱི་བླང་བྱ་གལ་ཆེན་ཞིག་ཡིན་ནོ། ། དེ་བཞིན་རྩོམ་ཡིག་ལེགས་པོ་ནི་སློབ་མའི་ལད་ཟློས་བྱ་སའི་གཞི་རུ་བཟུང་ན་ལེགས་ཏེ། ལད་ཟློས་རྩོམ་ཡིག་ནི་གཞན་གྱིས་བརྩམས་པའི་རྩོམ་ཡིག་ལ་འདྲ་བཅོས་སམ་དེའི་འབྲི་ཐབས་དང་། བརྗོད་བྱ་རྗོད་བྱེད་ལ་ལད་ཟློས་བྱས་ཏེ་རང་གི་བློ་རྩལ་དང་བསམ་བློ་ལྷན་དུ་འཐབ་པའི་རྩོམ་ཡིག་འབྲི་ཐབས་གསར་བ་ཞིག་ལ་ཟེར་བས། རྩོམ་ཡིག་ལ་གསར་དུ་འཇུག་པར་སྤྲོ་བའི་ལས་དང་བོ་བ་ཞིག་ལ་མཚོན་ན། ཐོག་མ་ནས་དཔེ་ལྟ་ས་གང་ཡང་མེད་པར་རང་སྐྱ་འཕེར་བའི་སྒོ་ནས་རྩོམ་ཡིག་ཅིག་གི་སྒྲོམ་གཞི་བློས་བསླངས་བྱ་རྒྱུ་ནི་ཧ་ཅང་ཁག་པས། སྨྱུ་གུ་ལག་ཏུ་བཟུང་སྟེ་འགོ་གང་ནས་བརྩམ་དགོས་པ་མ་ཤེས་པར་ཅི་བྱེད་འདི་བྱེད་མེད་པའི་ཚེ་གཞན་གྱི་རྩོམ་ཡིག་གི་ཁ་ཕྱོགས་དང་བསམ་བློ། རྗོད་ཚིག་སྤེལ་སྟངས་བཅས་ཀྱི་ཕྱོགས་ཀུན་ལ་ལད་ཟློས་བྱས་ཏེ། རང་ཉིད་དངོས་སུ་ཕྱོགས་དེར་འཇུག་པ་ནི་རྩོམ་ཡིག་འབྲི་རྩལ་གྱི་རྨང་གཞི་ཆགས་པའི་གཞི་རྩའི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་འདོད། དེ་ཡང་ལད་ཟློས་རྩོམ་ཡིག་འབྲི་བ་ལ་ཐོག་མར་ལད་ཟློས་བྱེད་གཞི་མ་ནོར་བ་ཞིག་གདམ་རྒྱུ་གལ་ཆེ་ལ། དེ་ནས་དེའི་རྩོམ་བྱང་དང་། རྩོམ་ལུས་སོགས་ལ་འདྲ་ཆགས་པའི་སྒོ་ནས་ལད་ཟློས་བྱ་བར་མཁས་དགོས་ཏེ། བྱ་བ་ཐམས་ཅད་ལད་མོ་ཡིན། །ལད་མོ་བྱེད་ཤེས་མཁས་པ་ཡིན། །ཞེས་པ་ལྟར། ལད་མོ་བྱེད་ཤེས་ན་མཁས་པ་ཡིན་ཡང་། ལད་མོ་བྱེད་མ་ཤེས་ཚེ། “མིའི་ལད་མོ་ཁྱིས་བྱས། ཁྱིའི་སྡེར་མོ་མོ་མེས་འཚིག་”པ་ལྟ་བུའི་སྐྱོན་ཉེན་འོང་སྲིད་པས། ལད་རྩོམ་འབྲི་བར་གནད་ཀ་འདི་ལ་ཅིས་ཀྱང་གཟབ་དགོས་སོ། །འདིར་ལད་རྩོམ་བྲི་དགོས་པར་གླེང་བ་ན། རྩོམ་ཡིག་ནི་སྤྱིར་ལད་ཟློས་རང་བཞིན་ཅན་ཞིག་ཏུ་རློམ་པའམ་ངོས་འཛིན་བྱེད་མི་རུང་སྟེ། རང་གིས་རང་སྐྱ་འཕེར་བའི་སྒོ་ནས་རྩོམ་ཡིག་ཇི་ལྟར་བྲི་དགོས་མི་ཤེས་པའི་སྐབས་གཞན་གྱི་རྩོམ་དཔེར་ལད་མོ་བྱས་ཏེ་རྩོམ་ཡིག་འབྲི་ཚུལ་སྦྱང་དགོས་པའི་དོན་ཡིན་ནོ། །


དྲུག སྦྱོང་ཚན་ནང་སྐུལ་ལྕག་གི་དཔྱད་མཆན་འགོད་དགོས་པ།

དགེ་རྒན་གྱིས་སྦྱོང་ཚན་བཟོ་བཅོས་བྱེད་སྐབས་སྐུལ་ལྕག་གི་ནུས་པ་ལྡན་པའི་དཔྱད་མཆན་ཚིག་དུམ་འགའ་བཀོད་ན་སློབ་མར་སྦྱངས་འབྲས་ཐོབ་པའི་དགའ་སྣང་བྱུང་ནས། སློབ་ལ་འཇུག་པའི་སྤྲོ་སྣང་འཕེལ་ཐུབ་ལ། སྐད་ཆ་དུམ་བུ་རེ་འགའ་ལས་མེད་ཀྱང་དེས་སློབ་མའི་སེམས་ཁམས་ལ་འགྱུར་བ་ཆེན་པོ་འབྱུང་ནུས་པས་བྱ་ཐབས་དེ་ནི་ངལ་བ་ཆུང་ངུས་དོན་ཆེན་བསྒྲུབ་པ་ཞིག་ཅི་ལ་མིན། སྦྱོང་ཚན་ལྟ་བཅོས་བྱེད་པའི་བརྒྱུད་རིམ་ནང་དུའང་གོང་སྨོས་བཞིན་སློབ་མའི་བསམ་གཞིག་གི་འབྲས་བུར་ངེས་པར་དུ་བརྩི་བཀུར་བྱ་དགོས་པ་སྟེ། ཨ་རིའི་སློབ་གསོ་བ་ཨའེ་མོ་ཧྲེང་གིས། སློབ་གསོ་གཏོང་ཐབས་ཀྱི་མན་ངག་བཟང་ཤོས་ནི་སློབ་མར་བརྩི་བཀུར་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད། དེས་ན་ང་ཚོས་སྦྱོང་ཚན་ལྟ་བཅོས་ནང་དཔྱད་མཆན་འགོད་སྐབས། སྔོན་ལ་སློབ་མའི་ལེགས་ཆར་གདེང་འཇོག་བྱ་དགོས་པ་དང་དེ་ནས་གདེང་འཇོག་གི་ཁྲོད་དུ་སློབ་མའི་སྦྱོང་ཚན་ནང་གི་ནོར་འཁྲུལ་ཡོ་བསྲང་བྱ་དགོས་པའི་བརྩེ་སེམས་ལྷུག་པོར་མཚོན་པའི་སྐད་ཆ་བེད་སྤྱད་ན་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་རྒྱུར་ཕན་པ་མི་དམན་པ་ཐོབ་ཐུབ། ལྷག་པར་དུ། སྦྱངས་འབྲས་ཅུང་ཞན་པའི་སློབ་མའི་སྦྱང་ཚན་ནང་ཡར་རྒྱས་ཅུང་ཟད་ལའང་གདེང་འཇོག་དང་ཁས་ལེན་བྱས་ན་སློབ་མའི་བརྩོན་སེམས་ལ་སྐུལ་སྤེལ་ཐེབས་ནས་སློབ་སྦྱོང་བྱེད་པའི་སྤྲོ་སྣང་སྦྱིན་ཐུབ། འོན་ཀྱང་དེ་ལས་ལྡོག་སྟེ་སྐྱོན་ཁོ་ན་བརྗོད་པ་ལས་དགེ་སྐུལ་བྱེད་པར་སེར་སྣ་ཆེ་དྲགས་ན་སློབ་མའི་བརྩོན་སེམས་ལ་རྡུང་རྡེག་ཕོག་ནས་ཕན་འབྲས་གང་ཡང་མི་ཡོང་བའི་ཁར་སློབ་སྦྱོང་བྱེད་པའི་ནང་སེམས་ཀྱི་སྒུལ་ཤུགས་ཀྱང་ཟད་པར་གྱུར་ངེས་སོ། །


བདུན། སློབ་གསོའི་ལས་དོན་ལ་དགའ་ཞེན་དང་ཞིབ་ཚགས་ཡོད་དགོས།

སློབ་མའི་སྦྱངས་འབྲས་ཞན་ཅིང་སློབ་སྦྱོང་ལ་སྤྲོ་བ་མེད་པར་སྒྱིད་ལུག་གི་དབང་དུ་གྱུར་བའི་འབྱུང་རྐྱེན་ལ་སློབ་གྲྭའི་རྒྱུ་རྐྱེན་དང་ཁྱིམ་ཚང་གི་རྒྱུ་རྐྱེན། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་སོགས་མང་དུ་འདུག་མོད། དེ་དག་ལས་ཤས་ཆེ་བ་ནི་རང་གཅུན་མ་ཐུབ་པར་དགེ་རྒན་གྱིས་སྐྱོན་བརྗོད་བྱས་ནས་བྱུང་བ་ཡིན་པས། སློབ་འབྲིང་སློབ་མར་དཔེ་མཚོན་ན། ཁོ་ཚོའི་སློབ་སྦྱོང་གི་གེགས་རྐྱེན་གཙོ་བོ་ནི་སྒྱིད་ལུག་གི་བསམ་པ་དེ་རེད། སྒྱིད་ལུག་གི་བསམ་པ་དེས་སློབ་མའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་ངེས་རེད། སྒྱིད་ལུག་གི་བསམ་པའི་མཚོན་སྟངས་ནི་ཅུང་མང་སྟེ། དཔེར་ན། སློབ་སྦྱོང་བྱ་འདོད་མེད་པ། ཁོར་ཡུག་ལ་སུན་སྣང་སྐྱེས་པ། སེམས་གཡེང་བ། སྐྲག་སྣང་སྐྱེས་པ། ཡིད་སྐྱོ་ལ་སོགས་པའོ། ། དེ་བས་སྒྱིད་ལུག་གི་བསམ་སྤྱོད་འདི་ལྟ་བུ་འགོག་པར་དགེ་རྒན་གྱིས་སྐྱོན་བརྗོད་བྱ་སྟངས་ལ་དོ་སྣང་བྱས་ཏེ་སློབ་མའི་ལྟ་སྟངས་བསྒྱུར་དགོས་པ་དང་། སློབ་མར་ལྟ་སྟངས་འཛིན་མཁས་པར་བྱེད་དགོས་པ་མ་ཟད། ད་དུང་སློབ་མའི་སྒྱིད་ལུག་གི་བསམ་པ་འདོར་བར་བྱེད་ཐབས་གང་དག་ཡོད་པ་འཚོལ་ཞིབ་བྱས་ནས་སློབ་མའི་སྒྱིད་ལུག་གི་བསམ་པ་འདོར་རོགས་བྱེད་དགོས། གཞན་ད་དུང་དགེ་རྒན་གྱིས་སློབ་མའི་རང་གཅུན་མི་ཐུབ་པའི་བསམ་བློ་རྒྱ་ཡན་དུ་ཤོར་བ་སྔོན་འགོག་བྱེད་པར་ནམ་རྒྱུན་སྣེ་ཁྲིད་དང་སྐུལ་སློང་བྱས་ནས་ཁོ་ཚོར་གཤིས་ཀ་ལེགས་པོ་མངོན་དུ་འཇུག་དགོས་པ་མ་ཟད། དེའི་གྲུབ་འབྲས་ལ་ལམ་སང་ཁས་ལེན་པ་དང་བསྟོད་པ་བྱས་ནས་སློབ་མར་རྒྱལ་ཁ་ཉམས་སུ་མྱོང་བར་བྱེད་དགོས།“སྐྱོན་བརྗོད་དང་གཅར་རྡུང་ནི་ནམ་ཡང་སྐུལ་ལྕག་དང་སྣེ་སྟོན་ལ་མི་དོ་ཞིང་། སྐུལ་ལྕག་དང་སྣེ་སྟོན་ནི་ལྷག་བསམ་ལ་མི་དོ། དེ་བས་ལྷག་བསམ་ཁོ་ན་ནི་དགེ་རྒན་གྱི་དཔང་ཡིག་ཏུ་འོས་ཞེས་”གསུངས་པ་ནང་བཞིནདགེ་རྒན་ཞིག་ཡིན་ཕྱིན་ལྷག་བསམ་རྣམ་དག་གིས་སློབ་གསོའི་ལས་དོན་ལ་ཏན་ཏན་ཏིག་ཏིག་དང་ཞིབ་ཚགས་དགོས་འཇུག་པ་ནི་གནད་ཀྱི་དམ་པའོ། །


བརྒྱད། ཡིག་གཟུགས་འབྲི་སྦྱོང་ལ་གཙིགས་ཆེན་དང་ནན་ཏན་གྱིས་སྐུལ་བ།

མི་རིགས་རིག་གནས་དར་རྒྱས་ཡོད་མེད་ནི། །སྐད་དང་ཡི་གེ་དར་མིན་སྟེང་ནས་ཕྱེ། །རིག་གནས་སྤེལ་དང་གནས་པའི་ལག་ཆ་ཡང་། །ཡི་གེ་ལས་གཞན་ཐབས་ལེགས་ཡོད་མ་ཡིན། །རྩོམ་ལ་མཁས་ཀྱང་ཡིག་གཟུགས་མ་ཡག་ན། །ཁ་འཁྱོག་རྣ་རྡིབས་བུ་མོ་ན་ཆུང་བཞིན། །དེ་ཕྱིར་རྩོམ་དང་ཡིག་གཟུགས་གཉིས་ཀ་ལ། །ཡན་ལག་ཚང་བར་སྦྱོང་བ་གནད་དུ་ཆེ། །ཞེས་དང་དཔའ་རིས་སངས་རྒྱས་མཆོག་གིས༼བོད་ཡིག་ནི་སྒྲ་གདངས་གཟུགས་གསུམ་གྱི་འདུས་བྱས་ཡིན༽ཞེས་གསུངས་པ་ནང་བཞིན་དོན་དུ་ཡིག་གཟུགས་མི་རིགས་ཀྱི་དར་རྒྱུད་དང་འབྲེལ་བ་ཡོད་པར་མ་ཟད། ཡིག་གཟུགས་འབྲི་སྦྱོང་ལ་འབད་མཁན་རང་ཉིད་ལའང་ཕན་པ་ཆེན་པོ་ཡོད་དེ། ཡིག་གཟུགས་ལེགས་ན་ཡི་གེར་མཛེས་ཉམས་ཐོན་ན་གནས་གང་དུའང་བསྟོད་པའི་མཐེ་བོང་བགྲེངས་བར་མ་ཟད་ཡོན་ཏན་པའི་གྲས་སུའང་རང་བཞིན་གྱིས་བརྩི། དེ་ལྟ་མིན་ན་ཡོན་ཏན་ཅན་ཞིག་ཡིན་རུང་མཛེས་མ་རྒྱན་དང་བྲལ་བ་བཞིན་ཡག་སྣང་མི་འབྱུང་བས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས།“མི་མཛེས་གོས་ངན་གྱོན་པ་འདྲ། །”ཞེས་དཔེ་དང་སྦྱར་ནས་གསུངས་པ་ནི་དོན་དང་ལྡན་པ་ཞིག་གོ། གལ་ཏེ་ཡོན་ཚད་འདྲ་བའི་མི་གཉིས་ཀྱིས་ལས་གནས་གཅིག་ལ་འགྲན་རྩོད་བགྱི་དགོས་ཚེ་ཡིག་གཟུགས་ལེགས་པ་དེས་གོང་རིམ་ལ་བག་ཆགས་ཟབ་མོ་འཇོག་སླ་བས་ལས་གནས་རེག་ཚད་ཀྱང་ཅིག་ཤོས་ལས་ཆེ་བ་ལྟ་བུའི་ནུས་པ་ཐོན་པ་དང་གཅིག ཡི་གེ་ཆེ་ཆུང་ལ་གཞིགས་ནས་སྨྱུག་འགྲོས་འཐེན་སྟངས་དང་སྨྱུག་ཁ་བསྐོར་སྟངས་ལ་ཁྱད་ཡོད་དེ། སྤྱིར་བཏང་གི་འབྲི་དེབ་སོགས་སུ་བྲི་དུས་མཐེ་བོང་དང་གོང་མཛུབ་འགུལ་བ་ཙམ་གྱིས་ཆོག་ལ་ཡིག་གཟུགས་ཆེ་ནས་ཆེར་འགྲོ་བ་ལ་རིམ་བཞིན་དུ་མཁྲིག་མ་དང་དཔུང་བ། ཕྲག་པ། ལུས་ཧྲིལ་བོ་འགུལ་དགོས་པས་བྲི་སྦྱོང་གི་བརྒྱུད་རིམ་ཁྲོད་དུ་ལུས་པོའི་དབང་རྩའང་ངང་ངམ་ཤུགས་ཀྱིས་སྦྱོར་བརྡར་བགྱིས་ཏེ་རླུང་མཁྲིས་བད་ཀན་གཞི་བྱས་པ་ལས་མཆེད་པའི་སྙིང་ནད་དང་ཁྲག་རྩ་མཐོ་བའི་ནད་སོགས་རྒྱུན་འབྱུང་གི་ཉེན་ནད་དག་འབྱུང་བའི་སྐལ་བ་ནི་ཤིན་ཏུ་ཕྲ། ཡིག་གཟུགས་འབྲི་ཚུལ་བསླབ་དུས་ངེས་པར་དུ་བསམ་པ་རྩེ་གཉིས་དང་བྲལ་ཏེ་གཅིག་ཏུ་བསྒྲིམ་དགོས་སྟབས་དེར་བསླབ་ན་སེམས་ལྷོད་ཅིང་བག་ཕེབས་པར་འགྱུར་བ་ནི་རང་བཞིན་དུ་ལགས། ཁ་དཔེ་ལ་སེམས་བདེ་ན་བདེ་བའི་མཆོག་ཡིན་ཞེས་པ་ལྟར་སེམས་བདེ་ན་ལུས་ཀྱི་འབྱུང་བཞི་ངང་ངམ་ཤུགས་ཀྱིས་བདེ་བར་ཆགས་ཏེ་ནད་གསུམ་དུག་ལས་བཀྲོལ་ཞིང་ཚེ་རིང་པ་ལོ་རྒྱུས་དང་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཡིག་མཁན་ཚོར་བལྟས་ན་རྟོགས་ཐུབ་པས་ལུས་སེམས་ལ་སྦྱོང་བརྡར་ཐོབ་ཐུབ་པ་དང་གཉིས། གསུམ་ནས་ཡིག་གཟུགས་འབྲི་སྦྱོང་གི་ཁྲོད་ནས་སློབ་གསོ་གང་ལེགས་གཏོང་ཐུབ་སྟེ། ཡིག་གཟུགས་འབྲི་སྦྱོང་ནི་གང་བྱུང་གི་ཡི་གེའི་གཟུགས་རིས་ཙམ་འགོད་པ་མ་ཡིན་པར་དགོད་བྱའི་དོན་ཡང་མིར་སློབ་གསོའི་ནུས་པ་ལྡན་པའི་ལེགས་བཤད་དང་གསུང་ལས་མ་འདས་པས་ན་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས། “མ་དག་སྐྱེས་བུ་སྙིང་མེད་འདྲ།”ཞེས་བརྗོད་བྱ་དོན་དག་པ་ཞིག་འཁྱོངས་དགོས་ཚུལ་དཔེ་དང་སྦྱར་ནས་བསྟན་པ་བཞིན་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་ཡིག་གཟུགས་འབྲི་སྦྱོང་ལ་དོ་སྣང་བྱེད་པ་ནི་སྐད་ཡིག་གི་དགོས་མཁོའི་རང་བཞིན་དང་སློབ་གསོའི་ནང་དོན་གལ་ཆེན་ཞིག་རིན་པས་ན་དགེ་རྒན་རྣམ་པས་ངལ་བ་སྣ་ཚོགས་ཁྱད་བསད་ཀྱིས་རྟག་ཏུ་ཡིག་གཟུགས་ཀྱི་རྩ་བའི་རེ་འདུན་ཏེ་སྙོམས་གཙང་སྒྲིག་གསུམ་ལྡན་པ་དང་། ལེགས་མགྱོགས་དག་གསུམ་དྲུག་ཚང་དགོས་པ་གཞིར་བཟུང་སྟེ་སློབ་ཁྲིད་གནང་སྐབས་དང་ལས་བྱར་བལྟ་སྐབས་སོགས་ལ་ཡི་གེ་ཚད་ལྡན་འབྲི་དགོས་པ་མ་ཟད། སློབ་གྲྭ་དང་འཛིན་གྲྭ་སོ་སོས་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་གང་མང་སྤེལ་ནས་སློབ་མའི་ཡིག་གཟུགས་སྦྱོང་འདོད་ཀྱི་དགའ་མོས་སྐྱེད་སྲིང་བྱས་ན་གཞི་ནས་སྐད་ཡིག་སྦྱོང་འདུན་གྱི་དུངས་པ་དེ་འདྲེན་ཐུབ་བོ། །


དགུ། སློབ་དཔྱོད་ཚན་ཁག་གིས་དོན་སྙིང་ཡོད་པའི་བྱ་འགུལ་མང་ཙམ་སྤེལ་བ།

དེང་སྐབས་སློབ་མ་བྱིངས་བོད་ཡིག་ལ་མི་དགའ་བ་དང་སྦྱངས་འབྲས་ཞན་པ། སྦྱང་འདོད་མེད་པ་སོགས་ཀྱི་སྣང་ཚུལ་ཅི་རིགས་ཐོན་པ་ནི། སློབ་གྲྭ་དང་སློབ་དཔྱོད་ཁང་གིས་རྒྱུན་ལྡན་གྱི་བྱེད་སྒོ་སྤེལ་སྟངས་དང་བྱེད་སྒོའི་ཁ་ཕྱོགས་དང་ཡང་འབྲེལ་བ་དམ་ཟབ་ཡོད་སྟེ། ན་ཆུང་སློབ་མ་རྣམས་ནི་བྱ་དངོས་ལ་གསར་རྟོགས་ཀྱི་འདུ་ཤེས་དང་། དཔེ་གསར་གྱི་ཤེས་བྱ་གང་ཞིག་སྦྱོང་འདོད་ཀྱི་བློ་སྐྱེ་བ། དེ་བཞིན་རང་གི་འཇོན་ཐང་གཞན་ལ་ངོམས་འདོད་ཀྱི་བློ་དང་། ནུས་པའདོན་སྤེལ་བྱེད་འདོད་ཀྱི་བསམ་བློ་སོགས་བྱ་འགུལ་སྣ་སོགས་ཀྱི་གོ་སྐབས་དང་བསྟུན་ནས་བརྩོན་ལེན་བྱེད་ཀྱིན་ཡོད་པ་རེད། དེ་བས་འཇམ་པོས་གཞན་ཐུབ། རྩུབ་པོས་རང་ཐུབ་ཞེས་པའི་དཔེ་དང་། གླང་བོ་བཞོན་ནས་ལྕག་ཚན་བཞུས་པ་ལས། །རྩྭ་སྔོན་གྱིས་ནི་གོམ་ཁ་དྲངས་ན་ལེགས། །ཞེས་པ་ལས་མ་འདས་པར་བཙན་ཤེད་ཀྱིས་སློབ་མར་སློབ་སྦྱོང་བྱེད་དུ་འཇུག་པ་ལས་རྩེད་རིགས་ཁྲོད་ནས་ཤེས་བྱ་བརྒྱུད་སྤྲོད་བྱེད་པ་ནི་ཁྲིད་མཁན་དང་སློབ་མཁན་གང་ལ་མཚོན་ནའང་ངལ་བ་ཆེན་པོར་བསྟེན་མི་དགོས་པར་འགན་འཁྲི་ལམ་སློང་འབྱུང་བའི་གནད་ཅིག་ཡིན་པས། མི་རིགས་རང་གི་ཁྱད་ཆོས་ལྡན་པའི་རྩེད་རིགས་ཀྱི་བྱ་འགུལ་སྣ་ཚོགས་བརྒྱུད་ནས་སློབ་མ་རྣམས་ལ་སྙན་ངག་གྱེར་འདོན་དང་། གཏམ་དཔེ་དང་ལེགས་བཤད་ཀྱི་མཇུག་མཐུད་པ། སྒྲ་གཟུགགས་འདྲ་བའི་ཐ་སྙད་གསོག་འཇོག་བྱེད་ཚད་འགྲན་པ། ཡིག་གཟུགས་དང་རྩོམ་ཡིག་འགྲན་པ། དེ་མིན་བོད་སྐད་གཙང་མའི་གཏམ་བཤད་འགྲན་སྡུར། གཏམ་རྒྱུད་འཆད་པ། ཁེད་དང་དམངས་གླུ་འགྲན་པ་སོགས་ཀྱི་བྱེད་སྒོ་འོས་འཚམ་རེ་སྤེལ་ན་སློབ་མ་རྣམས་ཀྱི་སྤྲོ་སྣང་འགུག་ཐུབ་པས་རང་འགུལ་ངང་སྐད་ཡིག་སློབ་སྦྱོང་བྱེད་པ་དང་དེ་ལ་དགའ་བ་བསྐྱེད་པའི་སྟོབས་ཤུགས་སྦྱིན་ཐུབ་པ་རེད།

མདོར་ན། ལོ་ཆུང་བྱིས་པ་རྣམས་ནི་གསར་སྐྱེས་ཀྱི་མེ་ཏོག་ཆུང་ཆུང་དང་མ་འོངས་པའི་མེས་རྒྱལ་གྱི་བདག་པོ། འབྱུང་འགྱུར་གྱི་རེ་བ་བཅོལ་ཡུལ་ཡིན་པས། ༼སྤྲོ་སྣང་སློབ་གསོའི་མན་ངག༽ཏུ་ང་ཚོ་དགེ་རྒན་རྣམས་ཀྱིས་སློབ་མར་ཆུང་དུས་ནས་སློབ་སྦྱོང་ལ་དགའ་བའི་བློ་ཞིག་རྒྱུད་ལ་སྐྱེས་པར་བྱེད་པ་ནི་སྐབས་བབ་ཀྱི་སློབ་སྦྱོང་ལས་ཀྱང་གལ་ཆེ་ཞེས་གསུངས་པ་ནང་བཞིན་སློབ་མ་ཚོར་བོད་སྐད་ཡིག་གི་རྨང་གཞི་བརྟན་པོ་ཞིག་འདིང་བར་ཐོག་མར་ནད་ལ་བརྟག་ནས་སྨན་སྦྱིན་པ་བཞིན་དེ་ལ་སྦྱོང་འདོད་ཀྱི་སྤྲོ་བ་དང་དུངས་པ་འདྲེན་པ་ནས་འགོ་རྩོམ་དགོས་སོ། །

ལུང་འདྲེན་དཔྱད་ཡིག

༡ ཧིར་པི་ཐི་སི་ཕེ་སིས་བརྩམས་ཤིང་ཡུལ་ལྷ་ཐར་གྱིས་བསྒྱུར་བའི་༼སྤྲོ་སྣང་སློབ་གསོའི་མན་ངག༽མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་དཔར་མ།
༢ ཉི་གཞོན་གྱིས་སྒྱུར་སྒྲིག་བྱས་པའི་༼ཡ་ཧུ་དཱ་པའི་སློབ་གསོའི་མན་ངག༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་དཔར་མ།
༣ ཀན་སུའུ་ཞིང་ཆེན་དགེ་འབྲིང་བོད་ཡིག་ལྟེ་གནས་སློབ་དཔྱོད་ཁང་གིས་སྒྱུར་སྒྲིག་བྱས་པའི་༼དགེ་རྒན་གྱི་ཀུན་སྤྱོད་རྒྱུན་ཤེས།༽ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་དཔར་མ།
༤ བཀྲ་ཤིས་དོན་གྲུབ་ཀྱིས་སྒྲིག་སྒྱུར་བྱས་པའི་༼སློབ་གསོ་བའི་རྣམ་བཞག༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་དཔར་མ།
༥ ལྷག་པ་ཚེ་རིང་དང་རྒྱལ་བོ་ཆུང་བདག་གིས་བསྒྲིགས་པའི་༼སློབ་ཁྲིད་ཀྱི་ཞིབ་འཇུག༽མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་དཔར་མ།
༦ དོ་རྒྱ་བསོད་ནམས་ཚེ་རིང་གིས་བརྩམས་པའི་༼སྐྱ་བོའི་སློབ་གསོ༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་དཔར་མ།
༧ དཀོན་མཆོག་རྒྱ་མཚོས་བརྩམས་པའི༼རྨང་གཞིའི་སློབ་གསོ་སྐབས་ཀྱི་བོད་ཀྱི་སྐད་ཡིག་འཁྲིད་ཐབས༽ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་དཔར་མ།


ཡོང་ཁུངས། ༢༠༡༦ལོའི་སྒྲོན་མེ་ལོ་དེབ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།